བོད་ལྗོངས།
བོད་རང་སྐྱོང་ལྗོངས་ཀྱི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་ཚོགས་པའི་ཡན་ལག་ཚོགས་པ་ཁག་གིས་མུ་མཐུད་སྒྲོག་འགྲེལ་གཏིང་ཟབ་བྱས་པ།

    ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཡག་པོ་བྱ་ཆེད། ཉིན་ཤས་བསྟུད་མར་བོད་རང་སྐྱོང་ལྗོངས་ཀྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་ཚོགས་པས་གྲོང་ཁྱེར་དང་ས་ཁུལ་ཁག་དང་། རྫོང་། ཤང་བཅས་སུ་བསྐྱོད་དེ་སྣ་མང་ཕུན་སུམ་ཚོགས་པའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད། ཚང་མས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟམ་མོ་སེམས་ལ་བརྟན་པོར་འཆང་བ་དང་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་བརྩམ་ཆེད་འབད་འཐབ་ཧུར་ཐག་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

    ཚེས་22ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཀྱི་གཙོ་རྒྱུན་སྨྱན་སྦྱོར་གསུམ་པོས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཟུར་ཁྲིད་སྙན་ཞུའི་ཚོགས་འདུ་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་སུ་འཚོགས་པ་རེད། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་རང་སྐྱོང་ལྗོངས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་ཚོགས་པའི་ལྗོངས(ཀྲུང་དབྱང)ཐད་གཏོགས་ཡན་ལག་ཚོགས་པའི་ཚོགས་གཙོ་མོང་ཞའོ་ལིན་གྱིས་ཟུར་ཁྲིད་སྙན་ཞུ་གནང་བ་རེད། བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་དང་། བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། བོད་ལྗོངས་བརྙན་འཕྲིན་ལས་ཁུངས་བཅས་ཀྱི་འགན་འཁུར་བ་དང་། རྩོམ་སྒྲིག་པ། གསར་འགོད་པ་བཅས་ཀྱིས་སྙན་ཞུ་ཉན་པ་རེད།

    མོང་ཞའོ་ལིན་གྱིས་བོད་ཀྱི་དོན་དངོས་དང་གསར་འགྱུར་དྲིལ་བསྒྲགས་ལས་དོན་གྱི་ལས་འགན་དང་བླང་བྱར་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཚོགས་ཆེན་བཅུ་དགུ་པའི་དོན་སྙིང་ངོས་འཛིན་གང་ལེགས་ཐུབ་པ་དང་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་ཐོག་ནས་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་བསམ་བློ་དང་བྱ་སྤྱོད་ཚོགས་ཆེན་བཅུ་དགུ་པའི་བཀོད་སྒྲིག་བླང་བྱ་དང་གཅིག་གྱུར་ཡོང་བར་བྱེད་དགོས་པ། བོད་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱི་དྲིལ་བསྒྲགས་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས་པ་བཅས་ཕྱོགས་གསུམ་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་དང་། བརྒྱུད་རིམ་ལྡན་པ། གཏིང་ཟབ་པའི་ངང་འགྲེལ་བཤད་བརྒྱབ་པ་རེད།

    ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སུ་རང་སྐྱོང་ལྗོངས་ཀྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ལི་ཞོལ་ཧྥུང་གིས་དོན་དངོས་ལ་གཞི་ཚུགས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱི་དགོངས་པ་གསར་པ་དང་། ལྟ་བ་གསར་པ། འཐབ་ཇུས་གསར་པ། བྱ་ཐབས་གསར་པ་བཅས་ལ་ཞིབ་ཅིང་ཕྲ་བའི་འགྲེལ་བཤད་བརྒྱབ་པ་དང་། ཚོགས་ཞུགས་མི་སྣས་ཉན་ཀྱིན་ཟིན་བྲིས་བརྒྱབ་པས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་ཐུབ་པ་རེད། ཉིང་ཁྲི་གྲོང་ཁྱེར་དམིགས་བསལ་ཉེན་རྟོག་ཉིང་ལག་རུ་ཁག་གི་རུ་དཔོན་གཞོན་པ་ཅང་དབང་གིས“དེ་རིང་གི་སྒྲོག་འགྲེལ་ལས་ངར་སྐུལ་མ་ཆེན་པོ་ཐེབས་བྱུང་ལ་ཡིད་ཆེས་ཀྱང་འཕེལ་ནས་ང་ཚོས‘ལོ་བརྒྱ་གཉིས’ཀྱི་འབད་འཐབ་དམིགས་ཚད་དང་། ‘ཕྱོགས་ལྔ་གཞི་གཅིག’གི་སྤྱིའི་བཀོད་ཇུས། ‘ཕྱོགས་ཡོངས་བཞིའི’འཐབ་ཇུས་བཀོད་ཇུས་བཅས་ལ་གོ་བ་གཏིང་ཟབ་ལོན་བྱུང་། མི་དམངས་ཉེན་རྟོག་པ་ཞིག་གི་ངོས་ནས་ངས་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་རང་འཁྲིའི་ལས་ཀར་གཞི་ཚུགས་པ་དང་རང་འགན་གཙང་སྒྲུབ་ཀྱིས་སྤྱི་ཚོགས་བརྟན་ལྷིང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱ་རྒྱུ་ཡིན”ཞེས་བཤད།

    ཟླ་11ཚེས་18ཉིན། རང་སྐྱོང་ལྗོངས་ཀྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཏང་ཨུད་ཀྱི་ཨུ་ཡོན་ཞུས་ཝུན་ཧྭ་ཡིས་སྔ་རྗེས་སུ་ཆབ་མདོ་གོ་འཇོ་ཁུལ་གྱི་ལྷ་ཐོ་ཤང་། ཨ་དབང་ཤང་། ལྷ་རྒྱལ་ཤང་བཅས་སུ་ངོ་མཚར་ཆེ་བའི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་གྱི་སྙན་ཞུའི་ཚོགས་འདུ་ཁག་གསུམ་འཚོགས་པ་རེད། སྙན་ཞུའི་ཚོགས་འདུའི་ཐོག་ཞུས་ཝུན་ཧྭ་ཡིས་ཚོགས་ཞུགས་མི་སྣའི་ཁྱད་ཆོས་གཞིར་བཟུང་། སྒྲོག་འགྲེལ་གྱི་གནད་བསྡུས་ལ་དམིགས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དོན་སྙིང་གལ་ཆེན་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ཁོང་དུ་ནན་ཏན་ཆུད་པར་བྱེད་པ། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་དགོས་པ་བཅས་ཕྱོགས་གསུམ་ནས་བརྒྱུད་རིམ་ལྡན་པའི་ངང་ཉན་མཁན་རྣམས་ལ་ཚོགས་ཆེན་བཅུ་དགུ་པའི་དོན་སྙིང་དང་། ལོ་རྒྱུས་ཀྱི་གནས་བབ། གྲུབ་འབྲས་གཙོ་བོ་བཅས་འགྲེལ་བཤད་བརྒྱབ་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོར་འགྱུར་ལྡོག་བྱུང་བའི་ཁྱད་ཆོས་གསར་པ། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་གྱི་འཐབ་ཇུས་བཀོད་སྒྲིག་སོགས་རྒྱས་བཤད་ཞིབ་ཕྲ་བྱས་པ་རེད།

    ལྷ་ཐོ་ཤང་གི་ལས་བྱེད་པ་ཧོང་ཧོན་གྱིས་དེ་རིང་གི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་དོན་དངོས་དང་ཧ་ཅང་འཚམ་པོ་འདུག་པས་ང་ཚོར་ལྕག་སྐུལ་ཆེན་པོ་ཐེབས་བྱུང་། ཆེས་གཞི་རིམ་གྱི་ལས་བྱེད་པ་ཞིག་གི་ངོས་ནས་ངས་ངེས་པར་དུ་རང་ཉིད་ཀྱི་ལས་སྒོའི་འཇོན་ཐང་སྔར་བས་ཆེ་རུ་བཏང་ནས་མི་དམངས་ཀྱི་ལས་དོན་ཚང་མ་ཡག་པོ་བསྒྲུབས་ཏེ་དམངས་ལ་བྱ་བཟང་དང་དོན་དངོས་སྒྲུབ་པ་མ་ཟད། རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་ལེན་བསྟར་རྒྱུ་ཡིན་ཞེས་བཤད།

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་གཉའ་ནང་རྫོང་ཨུད་ཀྱི་ཧྲུའུ་ཅི་དོན་གྲུབ་ཀྱིས་རང་སྐྱོང་ལྗོངས་ཀྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་ཚོགས་པ་གཞིས་རྩེ་ཡན་ལག་ཚོགས་པའི་སྙན་ཞུའི་ཚོགས་འདུ་ཉན་རྗེས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། སྣོད་བཅུད་ཤེས་དཔལ་བཅས་འཛུགས་སྐྱོང་དང་ཏང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་སོགས་ཕྱོགས་ཁག་གི་ལས་དོན་ལ་བཀོད་སྒྲིག་ཁ་གསལ་བྱས་ནས་ལྟ་བ་གསར་པ་དང་། ཆོད་གཏམ་གསར་པ། བླང་བྱ་གསར་པ་བཅས་རབ་དང་རིམ་པ་བཏོན་ཡོད། ཐབས་ཇུས་བཀོད་སྒྲིག་དེ་དག་ལ་ཤུགས་དྲག་ཆེ་བའི་གནད་དོན་གྱི་འདུ་ཤེས་དང་། མངོན་གསལ་དོད་པའི་དམིགས་ཚད་ལྟ་བ། དམ་པ་དོན་གཉེར་གྱི་སྤྱོད་ཚུལ། སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས། ཕྱོགས་ཡོངས་ནན་པོ་དགོས་པའི་བླང་བྱ་བཅས་ཁྱབ་ཡོད། ང་ཚོས“ལོ་བརྒྱ་གཉིས”དང་། “དུས་མཚམས་གཉིས”“ལོ་བཅོ་ལྔ་གཉིས”བཅས་འབྱུང་འགྱུར་ལ་ཕྱོགས་པའི་བཀོད་ཇུས་གལ་ཆེན་འདི་དག་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་བཀོད་སྒྲིག་གསར་པར་དམ་པོར་དམིགས་པ་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ་དཀའ་སྤྱད་སྙིང་རུས་དང་། བློ་བརྟན་འགྱུར་མེད། རྒྱུན་འཁྱོངས་ལྷོད་མེད་བཅས་བྱས་ནས་ཏང་ཀྲུང་དབྱང་གིས་བཏིངས་པའི་བརྗིད་ཆེའི་འཆར་གཞི་དེ་དག་མཛེས་སྡུག་ལྡན་པའི་དོན་དངོས་ལ་འགྱུར་བར་བྱེད་དགོས་ཞེས་བཤད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001367761741