བོད་ལྗོངས།
རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གྱོད་དཔེ་གསུམ་བརྡ་ཁྱབ་བཏང་བ།

    ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཐད་བཏོན་པའི་བླང་བྱ་གསར་པ་དང་བཀོད་སྒྲིག་གསར་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས“སྤྱོད་ཚུལ་བཞིའི”གནད་དོན་མུ་མཐུད་བཅོས་སྒྲིག་བྱེད་པ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཞི་རིམ་དུ་སྣུར་སྲིང་བྱེད་པར་སྐུལ་འདེད་གཏོང་ཆེད། ཉིན་ཤས་གོང་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གྱོད་དཔེ་གསུམ་བརྡ་ཁྱབ་བཏང་བ་སྟེ།

    ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་ཅུས་ཀྱི་དེ་སྔའི་ཅུས་ཀྲང་ཟླ་བས་སྒྲིག་འགལ་ངང་གཞུང་འཁོར་སྤྱོད་པའི་གནད་དོན། 2016ལོའི་ཟླ་8པར་ཟླ་བས་གནམ་ཐང་གི་མྱུར་བགྲོད་གཞུང་ལམ་གྱི་སྣུམ་སྣོན་ས་ཚིགས་སུ་ལས་དོན་ཞིབ་བཤེར་བྱས་རྗེས་ཚན་པའི་གཞུང་འཁོར་བཏང་ནས་ལྷ་ས་གྲོང་ཁྱེར་བདེ་སྐྱིད་བྱང་ལམ་དུ་ཁ་ལག་ཟ་བ་དང་སྐྲ་འཁྲུ་བར་ཕྱིན་པ་དང་འབྲེལ་རླངས་འཁོར་རོལ་རྩེད་ཁང་ཞིག་གི་སྒོ་འགྲམ་དུ་བཞག་པ་རེད། 2017ལོའི་ཟླ་4པར་ཟླ་བར་ཏང་ནང་ཁུལ་གྱི་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད་པ་དང་ཅུས་ཀྲང་གི་གོ་གནས་ཕྱིར་འཐེན་བྱས་པ་རེད།

    ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཟླ་བས་སྒྲིག་འགལ་ངང་གཞུང་དངུལ་བཏང་ནས་བཟའ་བཏུང་བྱས་པའི་གནད་དོན། 2016ལོའི་ཟླ་6པར་ཟླ་བས་ཡིག་རྒྱུགས་ཀྱི་རྒྱུགས་ཤོག་སྐྱེལ་བའི་ལས་འགན་འཁུར་རིང་མཉམ་དུ་ཡོད་པའི་མི་སྣ་དང་གཞུང་དངུལ་བཏང་ནས་བཟའ་བཏུང་ཐེངས་མང་བྱས་པར་ཁྱོན་སྒོར་3520བཏང་བ་རེད། 2017ལོའི་ཟླ་5པར་ཟླ་བར་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་རེད།

    ཉིང་ཁྲི་གྲོང་ཁྱེར་རིག་གནས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་ཀྱིས་སྒྲིག་འགལ་ངང་ཁ་གསབ་དངུལ་སྤྲད་པ་དང་ཚད་གཞི་ལས་འགལ་ནས་སྣེ་ལེན་ཞུས་པ་སོགས་ཀྱི་གནད་དོན། 2014ལོའི་ཟླ་12པར་ཉིང་ཁྲི་གྲོང་ཁྱེར་རིག་གནས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་ཀྱིས་ལས་བྱེད་ལས་བཟོར་སྒྲིག་འགལ་ངང་ཁ་གསབ་དངུལ་སྒོར་54000སྤྲད་པ་དང་། 2015ལོའི་ཟླ་12པར་སྒྲིག་འགལ་ངང་ཚན་པའི་བཟོ་ཚོགས་ཀྱི་ཚོགས་དངུལ་བཏང་ནས་ལས་བྱེད་ལས་བཟོར་ཁ་གསབ་དངུལ་སྒོར་21600སྤྲད་པ་དང་ཆབས་ཅིག་ཉིང་ཁྲི་གྲོང་ཁྱེར་རིག་གནས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་ལ་ད་དུང་ཚད་གཞི་ལས་འགལ་ནས་སྣེ་ལེན་བྱེད་པ་དང་སྒྲིག་འགལ་ངང་གཞུང་དངུལ་སྤྱད་དེ་ཐ་མག་དང་ཨ་རག་ཉོ་བ་སོགས་ཀྱི་གནད་དོན་ཡོད། 2017ལོའི་ཟླ་7པར་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་གཞོན་པ་བཀྲ་ཤིས་ནོར་བུར་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་དང་། དེ་སྔའི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཅུས་ཀྲང་ལེང་ཞའོ་ལི་ལ་སྲིད་འཛིན་གྱི་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ། ཅུས་དེའི་སྒྲིག་བཤེར་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ལིའུ་ཧའེ་དབྱིང་ལ་བསླབ་འདོམས་སྐུལ་ལྕག་གི་གླེང་མོལ་བྱེད་པའི་ཆད་པ་བཅད་པ་དང་སྒྲིག་འགལ་གྱི་མ་དངུལ་གཞུང་བཞེས་བཏང་བ་རེད།

    བརྡ་ཁྱབ་ནང་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་དང་ཆབ་སྲིད་ཀྱི་གོ་རྟོགས་མཐོ་རུ་བཏང་ནས“འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང་། 《ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལག་བསྟར་ཞིབ་སྲོལ》གྱི་དགོངས་དོན་ངོ་བོར་གོ་བ་གཏིང་ཟབ་བླངས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ཆད་ལུས་མེད་པར་ལག་བསྟར་བྱས་ཏེ་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་དམ་འཛིན་མཐར་ཕྱིན་པ་དང་ཕན་འབྲས་དངོས་ཐོན་པ་བྱེད་དགོས། རིམ་ཁག་ཏང་ཨུད(ཏང་ཙུའི)ཀྱི་འགན་ཁུར་བ་གཙོ་བོས་གོང་རིམ་གྱིས་འོག་རིམ་གྱི་སྣེ་ཁྲིད་པ་རིམ་པ་གཅིག་གིས་རིམ་པ་གཅིག་སྣེ་ཁྲིད་པ་དང་། རིམ་པ་གཅིག་གིས་རིམ་པ་གཅིག་ལ་དམ་འཛིན་བྱེད་པ། རིམ་པ་བཞིན་གནོན་ཤུགས་སྤྲོད་པ། རིམ་པ་བཞིན་འགན་འཁྲི་དོན་འཁྱོལ་བཅས་བྱས་ནས་སྤྱོད་ཚུལ་འཛུགས་སྐྱོང་གི“ཡུན་རིང་དམག་འཐབ”ཡག་པོ་རྒྱག་དགོས་པའི་བླང་བྱ་བཏོན་ཡོད།

    བརྡ་ཁྱབ་ནང་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་འགན་འཁྲི་ཁུར་ཕོད་པ་བྱས་ནས་རྒྱུན་མཐུད་ངང་ཤུགས་བཏོན་ནས་གནོན་ཤུགས་སྤྲོད་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་དང“སྤྱོད་ཚུལ་བཞི”ཡོ་བསྲང་བྱ་རྒྱུར་སྐུལ་ལྕག་བྱ་རྒྱུ་དེ་རྒྱུན་གཏན་གྱི་ལས་ཀར་བརྩིས་ནས་དམ་འཛིན་བྱེད་པ་དང་། སྒྲིག་ཁྲིམས་ལག་ལེན་བསྟར་རྒྱུར་ལྟ་སྐུལ་ནན་པོ་བྱས་ཏེ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། མངོན་མེད་དང་ངོ་བོ་འགྱུར་བའི་སྐྱིད་འདོད་རིང་ལུགས་དང་བག་མེད་ལོངས་སྤྱོད་བྱེད་མཁན་ལ་དམིགས་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། ཏང་ཡོན་ལས་བྱེད་པར་དམ་པ་དོན་གཉེར་དང་དཀའ་སྤྱད་སྙིང་རུས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། དམ་འཛིན་དང་དོ་དམ་བྱེད་ཕོད་པ་བྱས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ཞིབ་བཤེར་ཐག་གཅོད་དང་། དམར་རྗེན་དུ་འདོན་པ། བརྡ་ཁྱབ་གཏོང་བ། འགན་འཁྲི་བདའ་འདེད་གཏོང་བ་བཅས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “སྤྱོད་ཚུལ་བཞིའི”གནད་དོན་ཐོན་མང་བའི་རིགས་ལ་ཐད་ཀའི་འགན་འཁྲི་བའི་འགན་འཁྲི་རྩད་གཅོད་ནན་པོ་བྱེད་པ་མ་ཟད། ད་དུང་འགན་འཁྲི་གཙོ་བོ་དང་། ལྟ་སྐུལ་གྱི་འགན་འཁྲི། འགོ་ཁྲིད་ཀྱི་འགན་འཁྲི་བཅས་བདའ་འདེད་ནན་པོ་བཏང་ནས་རྟག་ཏུ་དམ་འཛིན་བྱེད་པའི་ངར་ཤུགས་དང་ཡུན་རིང་དམ་འཛིན་བྱེད་པའི་ངང་རྒྱུད་རྒྱུན་འཁྱོངས་བྱས་ནས་ཟིལ་གནོན་ཆགས་པ་བྱས་ཏེ་ཡུན་རིང་ཕན་ནུས་ཐོན་པ་བྱེད་དགོས་པའི་ནན་བཤད་བྱས་ཡོད།

 

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001368569221