བོད་ལྗོངས།
བོད་ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་སྲིད་འཛིན་ཞིབ་བཤེར་མཆན་འགོད་ལམ་ལུགས་སྒྱུར་བཅོས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

    2018ལོའི་ལོ་འགོ་ནས་བཟུང་བོད་ལྗོངས་ཡོངས་སུ་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ལག་ཁྱེར་དྲ་ཐོག་དུས་ཆད་རྒྱུགས་སྤྲོད་ལས་དོན་སྤེལ་འགོ་ཚུགས་རྒྱུ་དང་གྲོང་ཁྱེར་དང་། ས་ཁུལ། རྫོང་བཅས་བརྒལ་ནས་ཐོབ་ཐང་ལག་ཁྱེར་རེ་ཞུའི་ལས་དོན་སྤེལ་འགོ་ཚུགས་རྒྱུ་སོགས་ནི་ཚེས་22ཉིན་གསར་འགོད་པར་བོད་ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་སྲིད་འཛིན་ཞིབ་བཤེར་མཆན་འགོད་ལམ་ལུགས་སྒྱུར་བཅོས་བྱས་ཚུལ་སྐོར་གྱི་སྨྱན་སྦྱོར་ངོ་འཕྲད་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བའི་ཆ་འཕྲིན་གསར་ཤོས་ཤིག་རེད།

    བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ཏང་ཨུད་ཀྱི་ཨུ་ཡོན་ཐིང་ཀྲང་གཞོན་པ་ཧོ་ལེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་བོད་ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་འགན་ནུས་བསྒྱུར་རྒྱུ་གཙོ་བོར་འཛིན་པའི་ཁར། “གཙོ་གནད་འབུར་ཐོན་དང་། སྤུས་ཚད་ལ་སྣང་ཆེན། ཁྲིམས་ལྟར་གཙང་སེལ”བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་གློད་སྡོམ་ཞབས་གསུམ་གྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་ཤིང་། དབང་ཆའི་གསལ་ཐོ་དང་འགན་འཁྲིའི་གསལ་ཐོ་བཟོས་ཏེ་སྲིད་འཛིན་དབང་ཆ་ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག་བྱས་ནས“བྱ་བ་སྒྲུབ་དཀའ་བའི”གཞི་རིམ་མང་ཚོགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཡོད། 2016ལོར་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གིས་གསེད་དཀྲོལ་བྱས་པའི་དབང་ཆ་ཁག་101ལ་དམིགས་ཏེ་འགན་འཁྲིའི་གསལ་ཐོ་དང་། བརྒྱུད་རིམ་རི་མོ། ཞབས་ཞུའི་ཕྱོགས་སྟོན་བཅས་བཟོ་འགོད་བྱས་པ་དང་འབྲེལ་2017ལོའི་ལོ་སྟོད་དུ་སྟབས་བསྟུན་ལེགས་སྒྲིག་ཐེངས་གཅིག་བྱས་ནས་དབང་ཆ་ཁག་99བར་ཉུང་དུ་བཏང་ཡོད། ཧོ་ལེ་ཡིས་མིག་སྔར་ལེགས་སྒྲིག་ཐེངས་གཉིས་པ་བྱས་པ་དེས་འགན་དབང་ཁག་56གཤམ་སྤྲོད་ཀྱིས་སྒྱུར་བཅོས་ཀྱི་གྲུབ་འབྲས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་དངོས་འབྲེལ་ཐོབ་པར་བྱས་ནས་མང་ཚོགས་ཀྱི་ཐོབ་སེམས་དང་བློ་ལ་བབ་ཚད་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

    བསྡོམས་རྩིས་ལྟར་ན། 2017ལོ་ཤར་ཚུན་ནས་ད་བར་དུ་སྲིད་འཛིན་ཞིབ་བཤེར་མཆན་འགོད་རྣམ་གྲངས་174701བདག་སྤྲོད་བྱས་པ་དང་། སྲིད་འཛིན་ཞིབ་བཤེར་མཆན་འགོད་རྣམ་གྲངས་172304ཐག་གཅོད་བྱས་པ། ཐག་གཅོད་བྱེད་ཚད་98%ཟིན་པ། མི་ཐེངས་118781གི་བློ་འདྲི་དང་ལེན་བྱས་པ་བཅས་རེད།

    གཞན་ཡང་ཞབས་འདེགས་ཞུ་རིམ་སྟབས་བདེ་རུ་དང་བཟང་སྒྲིག་ལ་སྐུལ་འདེད་ནུས་ལྡན་གཏོང་ཆེད“དཔང་ཡིག་ཉུང་གཏོང་དང་དམངས་ལ་ཕན་འདོགས་པའི”དཔང་ཡིག་དོན་ཚན་43གསེད་དཀྲོལ་བྱས་པའི་ནང་བདེ་འཇགས་དོ་དམ་ཐད་ཀྱི་དོན་ཚན་12དང་། འགྲིམ་འགྲུལ་དོ་དམ་ཐད་ཀྱི་དོན་ཚན་17 མཐའ་སྲུང་དང་། མེ་ཟོན། ས་མཚམས་ནས་འགྲོ་འོང་སོགས་སྡེ་ཚན་གྱི་དོན་ཚན་2དང་། དོན་ཚན་9 དོན་ཚན་3བཅས་ཚུད་ཡོད། “དཔང་ཡིག་དོན་ཚན་དེ་དག་ལ་དམིགས་ཏེ་འབྲེལ་ཡོད་སྡེ་ཚན་ཁག་གིས་སྒྱུར་བཅོས་ཟབ་གཏོང་དང་མང་ཚོགས་ལ་ཞབས་ཞུ་བྱེད་པའི་དམངས་ཕན་དང་ཁེ་ལས་ལ་ཕན་པའི་བྱེད་ཐབས་ཧུར་ཐག་སྤྱད་ནས‘མང་ཚོགས་ཕར་རྒྱུག་ཚུར་རྒྱུག་བྱེད་པ’དེ‘སྡེ་ཚན་གྱིས་རོགས་ལས་རྣམ་པའི་ཐོག་ནས་བྱེད་པར’སྒྱུར་བ་དང་། ‘ཁྱད་མཚར་བའི་དཔང་ཡིག’དང‘དཔང་ཡིག་རྫོགས་རྒྱུ་མེད་པ’སོགས་ཀྱི་སྣང་ཚུལ་སྣ་ཚོགས་འགོ་ནས་མ་བྱུང་སྔོན་འགོག་བྱེད་པ། དོན་གཅོད་བརྒྱུད་རིམ་ཐུང་དུ་དང་དོན་གཅོད་ལྷུ་ཚིགས་ཉུང་དུ་གཏོང་གང་ཐུབ་ཅི་ཐུབ་བྱེད་པ། དོན་གཅོད་དུས་བཀག་ཐུང་དུ་གཏོང་བ། ཞབས་ཞུའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བཞིན་ཡོད”ཅེས་ཧོ་ལེས་བཤད་པ་རེད།   

འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།
010020070840000000000000011100001297797931