བོད་ལྗོངས།
བོད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་འཚོགས་པ།

    ཟླ་1ཚེས་2ཉིན་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཚོགས་འདུར་ཕེབས་པ་དང་སྦྲགས་གསུང་བཤད་ཀྱང་གནང་བ།

    ཟླ་1ཚེས་2ཉིན་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། འདི་ནི་ཚོགས་ཆེན་གྱི་ཚོགས་ར་ཡིན་པ།

    ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་སྐྲུན་མགྱོགས་སུ་གཏོང་བ་བཅས་ཀྱི་འགག་རྩའི་དུས་སྐབས་ཀྱི་ཚེས་2ཉིན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་འཚོགས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལོ་གསར་གྱི་ཤིས་ཚིག་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་འབྲེལ། མིག་སྔའི་དཔལ་འབྱོར་གྱི་དུས་བབ་ལ་དབྱེ་ཞིབ་བྱས་པ་མ་ཟད། འདས་ཟིན་པའི་ལོ་ལྔའི་རིང་དང་ལྷག་པར་དུ་ན་ནིང་གི་དཔལ་འབྱོར་ལས་དོན་ལ་ཕྱོགས་སྡོམ་དང་འདི་ལོའི་དཔལ་འབྱོར་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཚོགས་འདུའི་ཐོག་གསུང་བཤད་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཏིང་ཡེ་ཤན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ནོར་བུ་དོན་གྲུབ། ཙེང་དབན་མིང་། ཅང་ཅེ། ཧོ་ཝུན་ཧའོ། པད་མ་དབང་འདུས་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

    ཚོགས་འདུའི་ཐོག་བསྟན་དོན། ཡུན་རིང་མ་སོང་གོང་འཚོགས་པའི་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་སླེབས་པ་དང་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱང་དུས་རབས་གསར་པར་སླེབས་པའི་སྐབས་སུ་འཚོགས་པའི་ཧ་ཅང་གལ་འགངས་ཆེ་བའི་ཚོགས་འདུ་ཞིག་རེད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”བརྟན་པོ་བཙུགས་ནས་གསལ་པོ་ཤེས་པ་དང་། མཐར་ཕྱིན་པ་ཤེས་པ། དོན་འཁྱོལ་ཏན་ཏིག་བཅས་ལ་གཞོལ་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལི་ཁེ་ཆང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ་དང་ཟུང་འབྲེལ། བསམ་བློ་དང་བྱ་སྤྱོད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་དགོངས་པའི་ཐོག་གཅིག་གྱུར། འདི་ལོའི་དཔལ་འབྱོར་ལས་དོན་གྱི་ཏང་ཀྲུང་དབྱང་གི་འཐབ་ཇུས་ཐོག་གཅིག་གྱུར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་དགོངས་པར་གོ་བ་གཏིང་ཟབ་ལེན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྩ་བའི་བླང་བྱར་གོ་བ་གཏིང་ཟབ་ལེན་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞིར་གོ་བ་གཏིང་ཟབ་ལེན་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ལ་གོ་བ་གཏིང་ཟབ་ལེན་པ། འདི་ལོའི་དཔལ་འབྱོར་ལས་དོན་གྱི་གཙོ་གནད་ལས་འགན་བརྒྱད་ལ་གོ་བ་གཏིང་ཟབ་ལེན་པ། འགན་འཁྲིའི་འདུ་ཤེས་ཆེན་པོ་དང་འགན་འཁྲི་འཁུར་ཕོད་པའི་སྙིང་སྟོབས་བཅས་ཀྱི་ཐོག་ནས་འདི་ལོའི་དཔལ་འབྱོར་ལས་དོན་གྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བོད་དུ་རྩ་བ་ཚུགས་པ་དང་མེ་ཏོག་བཞད་ནས་འབྲས་བུ་འདོགས་རྒྱུར་སྐུལ་འདེད་གཏོང་དགོས།

    ཚོགས་འདུའི་ཐོག་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་། སྐབས་རིམ་བྱུང་གི་ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་ཚན་ཁག་གིས་བཏིངས་པའི་ལས་ཀའི་རྨང་གཞི་བཟང་པོའི་ཐོག་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ཏེ་རྒྱུན་ཆད་མེད་པར“འདུ་ཤེས་བཞི”ཟབ་ཏུ་བཏང་བ་དང་། ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་པར་ཕྱོགས་ཡོངས་ནས་ཤུཌ་སྣོན། བརྟན་ཐོག་ཡར་བརྩོན་དང་། ཡག་ཐོག་ལེགས་བརྩོན། ཞན་ཆ་གསབ་པ་བཅས་ཀྱི་ལས་ཀའི་སྤྱིའི་དགོངས་གཞི་སྟངས་འཛིན་ནན་པོ། རང་འགུལ་ངང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་འཚམ་རྒྱུར་སྣེ་ཁྲིད། མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བཅས་བྱས་པ་དང་འབྲེལ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལས་དོན་སྤེལ་རྒྱུ་དང་། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་རྒྱུ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་བཅས་ལ་དམིགས་ནས་ཇུས་འགོད་ཞིབ་ཚགས་དང་རང་འགུལ་ངང་ལས་དོན་བསྒྲུབས་པ་དང་། འབད་འབུངས་ཡར་བརྩོན་དང་ལས་དོན་ཏན་ཏིག་བསྒྲུབས་པས་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་མགྱོགས་སུ་ཕྱིན་པ་དང་། སྤྱི་ཡོངས་ཀྱི་ཕན་འབྲས་ལེགས་པ། གཙོ་གནད་ལས་དོན་ལ་ཚད་བརྒལ་བྱུང་བ། གྲོང་མིའི་ཡོང་འབབ་ཆེས་ཆེར་འཕར་བ་བཅས་ཀྱི་དུས་བབ་བཟང་པོ་རྒྱུན་འཁྱོངས་དང་། སྤྱི་ཚོགས་དུས་བབ་མུ་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་མངོན་འགྱུར། མི་རིགས་ཁག་གི་མང་ཚོགས་ཁྲོད“བརྟན་ལྷིང་ཐད་གཞན་སྐུལ་ནས་རང་འགུལ་དུ་འགྱུར་རྒྱུ”སྔར་བས་མངོན་འགྱུར་བཅས་བྱུང་ཡོད།

    ཚོགས་འདུའི་ཐོག་ནན་བཤད་གནང་དོན། ན་ནིང་རང་རེའི་ཏང་གིས་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོགས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བཅས་ཀྱི་དུས་རབས་ཀྱི་དུང་བརྡ་བཏང་ཡོད། འདི་ལོ་ནི་ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་འགོ་ཚུགས་ལོ་དང་། རང་རྒྱལ་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་40འཁོར་བའི་ལོ། རང་ལྗོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ།“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་བྱེད་པའི་སྔ་འཛིན་རྗེས་མཐུད་ཀྱི་འགག་རྩའི་ལོ་བཅས་རེད། འདི་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་དགོས་ན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོར་པོར་བསྒྲེངས་ནས་ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དང་སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་དགོས་པའི་མཛུབ་སྟོན་གལ་ཆེན་དང་། དེ་བཞིན་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་ལ་སྤྲིངས་པའི་འཕྲིན་ལན་གྱི་དགོངས་དོན་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་ལྗོངས་ཏང་ཨུད་ཀྱི་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་གཞིར་བཟུང་། ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་པ་དང་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་དང་། ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན། བརྟན་ཐོག་ཡར་བརྩོན་དང་། ཡག་ཐོག་ལེགས་བརྩོན། ཞན་ཆ་གསབ་པ་བཅས་ཀྱི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས། སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོའི་འགྱུར་ལྡོག་ལ་དམ་པོར་དམིགས་པ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཙོ་རྐང་དུ་བྱེད་པ། བརྟན་པོའི་ངང་འཕར་བ་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་ཚོར་ཕན་འདོགས་པ། ཉེན་ཁ་འགོག་པ་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་པ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡག་པོ་བྱེད་པ་དེ་རྩ་བའི་བྱེད་ཐབས་སུ་བརྩི་བ་བཅས་བྱས་ཏེ་གནད་སྨིན་དབུལ་སྒྲོལ་དང་། ཉེན་ཁ་ཆེན་པོ་འགོག་སེལ། སྦགས་བཙོག་འགོག་བཅོས་བཅས་ཀྱི་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ཡག་པོ་རྒྱག་པ་དང་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་ཧུར་ཐག་སྐྱོད་དགོས།

    ཚོགས་འདུའི་ཐོག་ནན་བཤད་གནང་དོན། འདི་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་ཧ་ཅང་ལྕི་བས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་དགོངས་པ་མཐའ་གཅིག་ཏུ་ལག་བསྟར་དང་། དམིགས་ཚད་ཀྱི་སྟོན་ཕྱོགས་དང་གནད་དོན་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ནས་སྤྱི་འདོམས་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག གཙོ་གནད་མངོན་པ། ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། གོམ་སྟབས་བརྟན་ལ་མྱུར་བའི་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མྱུར་ཚད་ལ་དམིགས་ནས་དཔལ་འབྱོར་གྱི་དུས་བབ་ལ་བརྡར་ཤ་གཅོད་པའི་གོམས་གཤིས་སུ་འཇགས་པའི་བསམ་གཞིག་ལ་ཡོ་བསྲང་བྱེད་པ་དང་། སྤུས་ཚད་དང་། ནུས་ཕྱོད་འཕོ་འགྱུར། སྒུལ་ཤུགས་བཅས་ལ་སྐུལ་འདེད་བཏང་ནས་སྲིད་ཇུས་ཀྱི་གཙོ་གནད་དང་ལས་དོན་གྱི་ཤུགས་རྒྱག་ས་དེ་སྤུས་ཚད་དེ་བས་མཐོ་བ་དང་། ཕན་འབྲས་དེ་བས་ལྡན་པ། དེ་བས་རྒྱུན་མཐུད་འཕེལ་རྒྱས་བཅས་སུ་འགྱུར་རྒྱུར་ཁྲིད་སྟོན་བྱེད་དགོས།

    གཅིག་ནས་མ་འཇོག་ནུས་ལྡན་བྱེད་པར་མུ་མཐུད་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་མ་འཇོག་དང་སྤྱི་ཚོགས་ཀྱི་མ་འཇོག་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པར། ཀྲུང་དབྱང་གི་སྲིད་ཇུས་ཡག་པོ་སྤྱོད་པ་དང་། རྒྱལ་ཁབ་ཀྱི་མ་འཇོག་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་དགོས་ལ། ཁྲོམ་རའི་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་དང་དམངས་ཁྲོད་མ་འཇོག་གི་གསོན་ཤུགས་ཀྱང་འཕེལ་བར་བྱས་ནས་སྤྱི་ཚོགས་ཀྱི་མ་འཇོག་དེ་བས་མང་བ་འགུག་པ་དང་སྐུལ་སློང་བྱེད་དགོས།

    གཉིས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་དགོས། ཤིན་ཏུ་དབུལ་བའི་ས་ཁུལ་ལ་དམིགས་ནས་ཤུགས་འདོན་པ་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བ། ལེགས་ཆའི་ཐོན་ལས་དབུལ་སྒྲོལ་ལ་འཕེལ་རྒྱས་གཏོང་བ། མི་འབོར་དབུལ་པོའི་ནང་གནས་སྒུལ་ཤུགས་འཕེལ་བར་བྱེད་པ། བོད་སྐྱོར་རོགས་སྐྱོར་དང་དབུལ་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ། དཔྱད་ཞིབ་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། དེ་བས་གཅིག་སྡུད་ཀྱི་རྒྱབ་སྐྱོར་དང་། དེ་བས་ནུས་ལྡན་གྱི་བྱེད་ཐབས། དེ་བས་ཞིབ་ཚགས་ཀྱི་ལས་དོན་བཅས་ལ་བརྟེན་ནས་གཅིག་སྡུད་དང་སླར་ཡང་གཅིག་སྡུད། གནད་སྨིན་དང་སླར་ཡང་གནད་སྨིན། འཁྱག་དུས་གོས་དང་ལྟོགས་དུས་ཟས་ལྟ་བུའི་ལས་དོན་མང་ཙམ་སྒྲུབ་པ། གཡང་རྩེའི་སྒང་ལ་ཡས་སྒྲོན་ལྟར་གཏན་ནས་མི་བྱེད་པ། ཕར་ཆིན་རྒྱག་པའི་སྙིང་རུས་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་དབུལ་པོ་ངོ་མ་དབུལ་སྒྲོལ་དང་དངོས་འབྲེལ་དབུལ་སྒྲོལ་ཐུབ་པ་བྱེད་དགོས།

    གསུམ་ནས་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཧུར་ཐག་གཏོང་དགོས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཟབ་ཏུ་བཏང་ནས་ཐོན་ཁུངས་ཀྱི་ཆ་རྐྱེན་དང་། ཐོན་ལས་ཀྱི་རྨང་གཞི། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་བཅས་ལ་གཞི་ཚུགས་ནས་ཉེ་དུས་ཀྱི་མང་ཚོགས་ཀྱི་འབབ་འཕར་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ནུས་པ་འདོན་སྤེལ་བྱེད་པའི་མྱུར་འགྲུབ་དམངས་ཕྱུག་ཐོན་ལས་དང་དུས་ཡུན་རིང་པོ་དཔལ་འབྱོར་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་པ་ཐོན་པའི་འཐབ་ཇུས་ཐོན་ལས་སྤྱི་འདོམས་འཆར་འགོད་ཡག་པོ་བྱས་ཏེ། གཙོ་གནད་མངོན་གསལ་དོད་པ་དང་། ཚན་རིག་དང་མཐུན་པའི་བཀོད་སྒྲིག ཕྱོགས་བསྡུས་སྲིད་ཇུས་སྤྱོད་པ། གནད་སྨིན་ཤུགས་འདོན་བཅས་བྱས་ཏེ་ས་གནས་ཀྱི་ལེགས་ཆ་དང་ཁྲོམ་རའི་འགྲན་ནུས་ལྡན་པའི་ཐོན་ལས་ཚོགས་པ་སྐྱེད་སྲིང་ཧུར་ཐག་བྱེད་དགོས།

    བཞི་ནས་གྲོང་གསེབ་དར་རྒྱས་འཐབ་ཇུས་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་དགོས། ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་ཐོན་ལས་དར་རྒྱས་དང་། སྣོད་བཅུད་གནས་འཕྲོད། ཡུལ་སྲོལ་ཡ་རབས། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་གཞི་ལམ་སྲོལ་དང་སྲིད་ཇུས་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ། ཞིང་འབྲོག་ལས་ཐོན་ལས་ཅན་གྱི་ཆུ་ཚད་མཐོ་རུ་ཤུགས་ཆེན་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་དགོས།

    ལྔ་ནས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་ཆུ་ཚད་མཐོ་རུ་གཏོང་དགོས། མི་རིགས་ཁག་གི་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ལ་དམ་འཛིན་བྱས་ཏེ་སློབ་གསོའི་བྱ་གཞག་སྔོན་ལ་འཕེལ་རྒྱས་གཏོང་བ་དང་། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ཡག་པོ་སྒྲུབ་པ། བདེ་ཐང་གི་བོད་ལྗོངས་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ། སྤྱི་ཚོགས་ཀྱི་འགན་ལེན་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ། གང་ཐུབ་ཅི་ཐུབ་དང་ནུས་པས་ལྕོགས་ཚོད་ཀྱིས་སྒྲུབ་པ། མཐའ་ཚད་བརྟན་སྲུང་དང་། གཙོ་གནད་མངོན་གསལ་དོད་པ། ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། སྔོན་དཔག་ལ་ཁྲིད་སྟོན་བཅས་བྱས་ཏེ་བྱིས་པར་སྐྱོང་མཁན་ཡོད་པ་དང་། སྦྱོང་དུས་སློབ་མཁན་ཡོད་པ། ངལ་རྩོལ་ལ་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་གསོ་མཁན་ཡོད་པ། སྡོད་སའི་ཁང་པ་ཡོད་པ། སྐྱོ་པོ་སྐྱོར་མཁན་ཡོད་པ་བཅས་ལ་གྲུབ་འབྲས་གསར་པ་ཐོབ་པར་བྱེད་དགོས།

    དྲུག་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྣོད་བཅུད་ཤེས་དཔལ་ལྟ་བ་བརྟན་པོ་བཅངས་ནས་རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་དང་འཚམ་པ་བྱེད་པ། རང་བྱུང་ཁམས་ལ་བསྟུན་པ་བཅས་མཐའ་འཁྱོངས་དང་ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་བྱས་ནས་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ལྟར་སྣོད་བཅུད་ཁོར་ཡུག་ལ་གཅེས་སྤྲས་བྱེད་པ་དང་། ཆེས་ནན་ཤོས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལམ་ལུགས་ལག་བསྟར་བྱེད་པ། བློ་བརྟན་འགྱུར་མེད་ངང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྣོད་བཅུད་བདེ་འཇགས་སྲུང་ཡོལ་འཛུགས་སྐྱོང་དང་ཤུགས་སྣོན་རྒྱག་པ། སྣོད་བཅུད་ཤེས་དཔལ་གྱི་ལམ་སྲོལ་སྒྱུར་བཅོས་ཟབ་ཏུ་གཏོང་བ། སྣོད་བཅུད་ཀྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པ། རང་འགུལ་ངང་བྱ་སྤྱོད་སྤེལ་བ་བཅས་བྱས་ནས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཆ་རྐྱེན་འཛོམས་པའི་ས་ཆར“ལྗོན་ཤིང་མེད་པའི་དུད་ཚང”མེད་པ་གང་ཐུབ་བཟོ་བ་དང་། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་ནས་འཛམ་གླིང་ཐོག་གི་དག་ཞིང་མཐའ་མ་སྲུང་སྐྱོང་ཡག་པོ་བྱེད་དགོས།

    བདུན་ནས་འཕེལ་རྒྱས་ཀྱི་གསོན་ཤུགས་སྔར་བས་ཆེ་རུ་གཏོང་དགོས། ཀྲུང་དབྱང་གི་སྒྱུར་བཅོས་ཀྱི་སྤྱིའི་ཇུས་འགོད་ཁག་སྦྲེལ་མཐུད་ཡག་པོ་བྱས་ནས་ཇི་ཙམ་སྒྱུར་བཅོས་བྱས་པ་དེ་ཙམ་གྱིས་ལེགས་སུ་འགྲོ་བ་དང་། ཇི་ཙམ་སྒྱུར་བཅོས་བྱས་པ་དེ་ཙམ་གྱིས་དོན་དངོས་དང་མཐུན་པ། ཇི་ཙམ་སྒྱུར་བཅོས་བྱས་པ་དེ་ཙམ་གྱིས་མང་ཚོགས་ལ་ཕན་པ་ཐོབ་པ་བཅས་མཐའ་འཁྱོངས་དང་། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་ས་གནས་འབྲེལ་མཐུད་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ། བདག་དབང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་རྒྱུ་རྐྱེན་གཙོ་བོའི་ཁྲོམ་ར་ཅན་གྱི་བཀོད་སྒྲིག་གཙོ་གནད་དུ་བྱེད་པ། ཕྱི་ཕྱོགས་སུ་སྒོ་མོ་འབྱེད་ཤུགས་ཆེ་རུ་གཏོང་བ། ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་མ་རྩ་བསྡུ་སྒྲིལ་གྱི་ལམ་སྲོལ་དང་། ནོར་ཁྲལ་ལམ་སྲོལ། གཞུང་ཁོངས་ཁེ་ལས་དང་གཞུང་རྒྱུ། ཚོང་དོན་ལམ་ལུགས། སྲིད་འཛིན་ལམ་ལུགས་སོགས་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས།

    ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་རང་རྟོགས་ངང་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་པ་དང་ཏང་ཨུད་ཀྱི་འགོ་ཁྲིད་འོག་གི་སྲིད་འཛིན་འགན་འཁྲིའི་ལམ་ལུགས་མཐའ་འཁྱོངས་བྱས་ནས་མཐུན་སྒྲིལ་མཉམ་སྒྲུབ་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་རིམ་ཁག་ལས་བྱེད་པ་ཚོས་ངེས་པར་དུ་རང་སྟོབས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་ལས་སྒྲུབ་ལས་གཏོད་ཀྱི་འདུ་ཤེས་ཟབ་ཏུ་བཏང་ཐོག སྙིང་སྟོབས་ཆེར་སྐྱེད་ཀྱི་བློ་སྟོབས་དང་། བྱས་པའི་རྗེས་དང་འདྲུད་པའི་ཤུལ་གྱི་སྤྱོད་ཚུལ་ནན་པོ། འགན་འཁྲི་ལྕི་པོ་འཁུར་ཕོད་པ་དང་སྔོན་ཐོན་བརྩོན་ལེན་བྱེད་ཕོད་པའི་དཔའ་ངར། “གཞན་གྱིས་ནུས་ཤུགས་ཏིལ་འབྲུ་ཙམ་བཏོན་ན། རང་གིས་སྟོབས་ཤུགས་རི་རབ་ཙམ་འདོན་པའི”ལས་ཀའི་ངར་ཤུགས་བཅས་ལ་བརྟེན་ནས་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱེད་དགོས། རིམ་ཁག་ལས་བྱེད་པ་ཚོས་དུས་རབས་གསར་པའི་དུས་བབ་གསར་པ་དང་ལས་འགན་གསར་པ་དང་རང་འགུལ་ངང་འཚམ་པར་བྱས་ཏེ་སློབ་སྦྱོང་ལ་ཤུགས་སྣོན་གྱིས་ལྷག་བསམ་རྣམ་དག་དང་། དད་གུས། འགན་འཁྲི་འཁུར་ཕོད་པ། འཇོན་ཐང་། འགན་འཁྲི། ངར་ཤུགས། སྤྱོད་གཙང་བཅས་སྦྱངས་ནས་ཤེས་པ་བྱས་ནས་དུས་རབས་གསར་པ་དང་འཚམ་པ་དང་། དམིགས་ཚད་གསར་པ་མངོན་འགྱུར། བཀོད་སྒྲིག་གསར་པ་དོན་འཁྱོལ་བཅས་ཀྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། བརྟག་དཔྱད་ཞིབ་འཇུག་གི་དར་སྲོལ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། སྐྱོན་ཆ་དང་ཞན་ཆ་གནད་ལ་འཁེལ་བའི་ངང་འཚོལ་བ། དོན་དངོས་ཀྱི་དཀའ་གནད་སེལ་བ་བཅས་བྱས་ཏེ། ལས་དོན་ཁག་ལ་ཕན་འབྲས་དེ་བས་ཆེ་བ་ཐོན་རྒྱུར་སྐུལ་འདེད་གཏོང་དགོས། འཕེལ་རྒྱས་ལ་དམ་འཛིན་བྱ་རྒྱུ་རང་ཉིད་ཀྱི་དོན་དག་ལ་བརྩིས་ནས་སྒྲུབ་པ་དང་། འཚོ་བ་སྐྱེལ་མཁས་པོ་བྱེད་པའི་བསམ་བློ་བརྟན་པོ་འཆང་བ་དང་ཧུར་བསྲི་གྲོན་ཆུང་དང་ཟ་མཁས་སྤྱོད་མཁས་བྱས་ཏེ་དངུལ་ཚང་མ་བེད་སྤྱོད་ཡག་པོ་དང་བེད་སྤྱོད་བྱས་ནས་ཕན་འབྲས་ཐོན་པ་བྱེད་དགོས། མི་སེར་གྱི་བདེ་སྡུག་དུས་དང་རྣམ་པ་ཀུན་ཏུ་སེམས་ལ་འཇོག་པ་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་སྲིད་དོན་ལས་རྗེས་གལ་ཆེ་ཤོས་ལ་བརྩི་བ། མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ། མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་བྱ་བ་དངོས་འབྲེལ་ཡག་པོ་སྒྲུབ་པ་བཅས་བྱས་ནས་མི་དམངས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པ་ཡོང་བ་བྱེད་དགོས།

    ཚོགས་འདུའི་ཐོག་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ང་ཚོར་སྤྲད་པའི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་དེ་ཡིན་པས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་རིག་པ་དྭངས་གསལ་རྒྱུན་འཁྱོངས་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་རྩ་བ་དེ་ལ་དམ་འཛིན་བྱེད་པ། སེམས་ཁྲལ་གྱི་འདུ་ཤེས་དང་ཁྱིམ་སྲུང་གི་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་བ། གནད་དོན་གྱི་ཕྱོགས་གང་སར་བསམ་བློ་གཏོང་བ། དཀའ་གནད་མང་པོ་འཕྲད་སྲིད་པའི་བསམ་བློ་གཏོང་བ། སྔོན་ཇུས་ཁག་ཞིབ་ཚགས་ཙམ་བཟོ་བ་བཅས་ཏེ། མ་བྱུང་སྔོན་འགོག་གི་རྩ་དོན་གཞིར་བཟུང་ལས་དོན་སྒྲུབ་པ་དང་། དོན་ཆེན་མ་ཐོན་རྒྱུ་སྔོན་འགོག་གི་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ། འགན་འཁྲི་འཁུར་ཕོད་པ་དང་འགན་འཁྲི་དོན་འཁྱོལ་བྱེད་པའི་ཚད་གཞི་ནས་ལས་བྱེད་པར་ལྟ་སྟངས་འཛིན་པ། “མཐའ་ཚད་གསུམ”བརྟན་པོ་སྲུང་བ་དང་། བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཞིབ་ཚགས་སུ་གཏོང་བ། སྤྱི་ཚོགས་ཀྱི་ཁྱོན་ཡོངས་སྔོན་འགོག་ཚོད་འཛིན་ནན་པོ་བྱས་ནས་སྤྱི་པའི་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། འགལ་ཟླ་དང་རྩོད་གཞི་ཐག་གཅོད་འོས་འཚམ་བྱེད་པ། འཕྲལ་སྡོམ་ཐག་གཅོད་ལས་ཀའི་གྲ་སྒྲིག་ཡག་པོ་སྒྲུབ་པ། འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ་སོགས་ཀྱི་ཐད་ནས། བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་སྟེ་ལས་སླ་པོར་ཐོབ་པ་ཞིག་མིན་པའི་རང་ལྗོངས་ཀྱི་ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོ་མུ་མཐུད་སྲ་བརྟན་དང་འཕེལ་རྒྱས་ཡག་པོ་གཏོང་དགོས་ཞེས་ནན་བཤད་བྱས་པ་རེད།

    ལྷ་སར་ཡོད་པའི་ཞིང་ཆེན་རིམ་པའི་འགོ་ཁྲིད་བློ་མཐུན་ཚོགས་འདུར་ཕེབས་ཡོད།

    ཚོགས་འདུ་བརྙན་འཕྲིན་ཁ་པར་གྱི་རྣམ་པ་ནས་འཚོགས་པ་དང་། ས་ཁུལ་དང་གྲོང་ཁྱེར་ཁག་དང་རྫོང་དང་ཆུས་ཁག་ཏུ་ཡན་ལག་ཚོགས་ར་བཙུགས་ཡོད་པ་རེད།

 

 

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001368712781