བོད་ལྗོངས།
ཀྲོང་ཡན་གྱིས་མཚུར་ཕུ་དགོན་སྡེ་དོ་དམ་ཨུ་ལྷན་གྱི་བརྗོད་དོན་གཙོ་བོའི་སློབ་གསོར་བརྟག་ཞིབ་དང་མཛུབ་ཁྲིད་གནང་བ།

    ལྗོངས་ཏང་ཨུད་དང“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཚེས་12ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་བརྗོད་དོན་གཙོ་བོའི་སློབ་གསོ་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་བཅས་ཡིན་པའི་ཀྲོང་ཡན་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པའི་འབྲེལ་གཏུག་ས་ཚིགས་མཚུར་ཕུ་དགོན་སྡེ་དོ་དམ་ཨུ་ལྷན་དུ་ཕེབས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུལ་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་བ་རེད།

    ཞོགས་པ་མཚུར་ཕུ་དགོན་དུ་ཀྲོང་ཡན་དང་བཅས་པས་རྡོ་སྐས་འཛེགས་ཏེ་དེ་གའི་དགོན་སྡེ་དོ་དམ་གྱི་ཤུགས་སྣོན་དང་གསར་གཏོད་དང་། རིག་དངོས་སྲུང་སྐྱོབ། མེ་ཟོན་བདེ་འཇགས་སོགས་ཀྱི་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་སྦྲགས། ལམ་བར་དུ་དགེ་འདུན་པ་དང་སྤེལ་རེས་ཡང་ཡང་གནང་ཞིང་། ཚང་མས་ཐོག་མཐའ་བར་གསུམ་དུ་ཏང་དང་བློ་སེམས་གཅིག་མཐུན་དང་། བློ་ཁ་གཅིག་མཐུན། བསམ་སྦྱོར་གཅིག་མཐུན་བཅས་བྱས་ཏེ་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་བཅས་ཀྱི་ཆེད་དུ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།

    དེ་རྗེས་ཀྲོང་ཡན་གྱིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། དོ་དམ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བའི་སྙན་སེང་གསན་རྗེས། ཁོང་གིས་མཚུར་ཕུ་དགོན་སྡེ་དོ་དམ་ཨུ་ལྷན་གྱིས་བརྗོད་དོན་གཙོ་བོའི་སློབ་གསོར་ཚད་མཐོའི་མཐོང་ཆེན་བྱས་ཏེ་རིགས་པའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་དང་། བྱེད་སྒོའི་བྱ་ཐབས་ཡག་པ། ཆེད་དོན་བརྟག་ཞིབ་ཏན་ཏིག་བཅས་བྱུང་ཡོད་ལ། དགོན་སྡེ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་པ་དང་། རིག་དངོས་སྲུང་སྐྱོབ་སོགས་ལ་ཕུལ་བྱུང་གི་གྲུབ་འབྲས་ཀྱང་ཐོབ་ཡོད་ཅེས་གསུངས་པ་རེད།

    གོམ་སྟབས་རྗེས་མའི་ལས་དོན་ཐད། ཀྲོང་ཡན་གྱིས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པའི་ཐད་གཞོལ་དགོས་ཤིང་། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་རྒྱུ་དེ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ནམ་ཡང་མི་འགྱུར་བའི་ཞིབ་འཇུག་བྱ་གཞི་ཞིག་དང་ཏང་ཡོན་ལས་བྱེད་པ་ཡོངས་ཀྱི་ཚེ་གང་གི་ཞིབ་འཇུག་བྱ་གཞི་ཞིག་ལ་བརྩིས་ནས་དགོན་སྡེ་དོ་དམ་གྱི་འགོ་ཁྲིད་དབང་ཆར་སྟངས་འཛིན་ནན་པོ་བྱེད་པ་དང་། རྒྱ་ཆེའི་གྲྭ་བཙུན་གྱིས་མེས་རྒྱལ་ལ་དགའ་ཞེན་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་སྲུང་བརྩི། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་སྲུང་བརྩི། རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་མཛད་ཕྱོགས་སྲིད་ཇུས་ལ་བརྩི་སྲུང་བཅས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་པར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། ཉེན་ཁ་འགོག་ཟོན་ཐད་གཞོལ་དགོས་ཤིང་། མ་བྱུང་སྔོན་འགོག་རྩ་དོན་དུ་བཟུང་ནས་ལས་ཀ་བྱེད་པ་དང་། གནད་དོན་ཆེན་པོ་མི་ལྷག་པའི་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ། འགན་འཁྲི་ཁུར་ཐུབ་མིན་དང་དོན་འཁྱོལ་བྱེད་ཐུབ་མིན་ཚད་གཞིར་བཟུང་ནས་ལས་བྱེད་པར་ལྟ་བ་བཅས་མཐའ་འཁྱོངས་བྱས་ཏེ་གནད་དོན་གྱི་འབྱུང་རྩ་བཙལ་འཚོལ་དང་། རྣག་ཐོག་གཙག་འཁེལ། ཚང་བཤེར་ཆད་གསབ་བཅས་བྱས་ནས་དགོན་སྡེའི་བདེ་འཇགས་བརྟན་ལྷིང་འགན་ལེན་བྱེད་དགོས། སློབ་གསོ་ཁྲིད་སྟོན་ཐད་གཞོལ་དགོས་ཤིང་། བརྗོད་དོན་གཙོ་བོའི་སློབ་གསོ་གཏོང་ཟབ་ཏུ་གཏོང་བ་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་བྱེད་པ་གཉིས་ཟུང་འབྲེལ་བྱས་ཏེ། ཤུགས་སྣོན་རྒྱུན་ཆད་མེད་པ་དང་སྙིང་རུས་བརྟན་འཁྱོངས་ཀྱིས་རྒྱ་ཆེའི་དགེ་འདུན་པར་ཀྲུང་གོ་ནི་གནའ་སྔ་མོ་ནས་བཟུང་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་དང་། བོད་ནི་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག བོད་མི་རིགས་ནི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་ཆ་ཤས་ཤིག བོད་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་བང་མཛོད་ནང་གི་འོད་སྟོང་འཕྲོ་བའི་མུ་ཏིག་ཅིག་བཅས་ཡིན་པའི་འདུ་ཤེས་འཛུགས་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ནས“རྒྱལ་ཁྲིམས་ཆོས་ཁྲིམས་ལས་ལྷག་པ་དང་ཁྲིམས་སྲུང་ཚུལ་ཁྲིམས་ལས་ལྷག་པའི”འདུ་ཤེས་ཟབ་ཏུ་གཏོང་དགོས། རང་ངོས་འཛུགས་སྐྱོང་ཐད་གཞོལ་དགོས་ཤིང་། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་མཇུག་འགྲིལ་ཉེར་ཡོད་ཀྱང་བཅའ་ཁྲིམས་ཁྱབ་གདལ་དང་དྲིལ་བསྒྲགས་མུ་མཐུད་བྱེད་དགོས་པ་དང་། བརྟན་ལྷིང་སྲུང་སྐྱོང་ནམ་ཡང་ཚར་དུས་མེད་པ། དོ་དམ་གསར་གཏོད་ལ་མུ་མཐུད་སྐུལ་འདེད་གཏོང་དགོས་པ་བཅས་ཡིན་པས་དོ་དམ་ཨུ་ལྷན་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་སྤྱི་ཡོངས་ལ་རང་རྟོགས་ངང་ཞབས་འདེགས་ཞུ་བ་དང་། ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ། རང་ངོས་ཀྱི་བྱང་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོར་མགོ་ཡོད་མཇུག་ཡོད་དང་ལས་དོན་སྒྲུབ་མཁས་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001386344981