བོད་ལྗོངས།
ཏིང་ཡེ་ཤན་གྱིས་རང་སྐྱོང་ལྗོངས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

    ཚེས་22ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོགས་ཏེ་གྲོང་ཁྱེར་དང་ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་གྱི་ལས་ཀའི་གནས་ཚུལ་གྱི་སྙན་སེང་གསན་པ་དང་། འདི་ལོའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་གྱི་གནས་ཚུལ་གསེད་བཀྲོལ་བྱས་པ་མ་ཟད་2020ལོའི་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། རང་སྐྱོང་ལྗོངས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཏིང་ཡེ་ཤན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲེ་མོའུ་ཅུན་དང་ཀྲང་ཧུང་པོ་ཚོགས་འདུར་ཕེབས་ཡོད་པ་རེད།

    ཏིང་ཡེ་ཤན་གྱིས་འདི་ལོ་ཚུན་དུ་རང་སྐྱོང་ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་ཚད་མཐོའི་མཐོང་ཆེན་འོག་འབྲེལ་ཡོད་སྡེ་ཚན་གྱིས་སྐུལ་འདེད་ནུས་ལྡན་བཏང་བ་བརྒྱུད། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་ལ་ཚད་བརྒལ་གལ་ཆེན་བྱུང་ཡོད། མིག་སྔའི་བར་ལྗོངས་ཡོངས་ཀྱི་ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་22972ལས་ཞུགས་ཐུབ་པ་དང་། ལས་ཞུགས་ཐུབ་ཚད་98.08%ཟིན་ཡོད་པས་ན་ནིང་ལས་བརྒྱ་ཆའི་གྲངས་12ལྷག་ཙམ་བརྒལ་ཡོད། ཁྲོམ་རར་ལས་ཞུགས་ཐུབ་པའི་མི་གྲངས་ཁྲི་1.6ཟིན་པ་དེས་ལས་ཞུགས་མི་གྲངས་ཀྱི་70.02%ཟིན་ཡོད་པས་ན་ནིང་ལས་བརྒྱ་ཆའི་གྲངས་13ལྷག་ཙམ་བརྒལ་ཡོད་ཅེས་གསུངས་པ་རེད།

    ཏིང་ཡེ་ཤན་གྱིས་2020ལོའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་ལ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚད་མཐོའི་མཐོང་ཆེན་བྱེད་པ་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྱང་ཚད་མཐོའི་སེམས་ཁུར་བྱེད་ཀྱི་ཡོད། རིམ་ཁག་སྡེ་ཚན་ཁག་དང་མཐོ་སློབ་ཁག་གིས་ཚད་མཐོའི་མཐོང་ཆེན་དང་། སྟོབས་ཤུགས་གང་ཡོད་འདོན་པ། ཆོད་སེམས་བརྟན་པོ་འཛུགས་པ། བྱ་ཐབས་ནུས་ལྡན་སྤྱོད་པ་བཅས་ཀྱི་སྒོ་ནས་རྩེ་རིམ་ཇུས་འགོད་དང་གཞི་རིམ་གསར་གཏོད་དབར་ཟུང་འབྲེལ་བྱེད་པ་དང་། ལྗོངས་ཕྱི་ནང་དབར་ཟུང་འབྲེལ་བྱེད་པ། སྲིད་གཞུང་དང་ཁྲོམ་རའི་དབར་ཟུང་འབྲེལ་བྱེད་པ། དུས་ཐུང་དང་དུས་རིང་དབར་ཟུང་འབྲེལ་བྱེད་པ། ལྕག་སྐུལ་དང་གཅུན་འདོམས་དབར་ཟུང་འབྲེལ་བཅས་བྱས་ནས། མཐོ་སློབ་སློབ་ཐོན་སློབ་མ་སྤུས་ཚད་དེ་བས་མཐོ་བ་དང་དེ་བས་ལེགས་པའི་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་པ་སྟེ། གཅིག་ནས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་སྟེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་སློབ་ཆེན་སློབ་མའི་ལས་ཞུགས་ལས་གཏོད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ“འདུ་ཤེས་བཞི”ཟབ་ཏུ་ཏན་ཏིག་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་ལག་བསྟར་དོན་འཁྱོལ་གྱི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་གཏོང་དགོས་པ་དང་། གཉིས་ནས་དོན་སྙིང་གལ་ཆེན་ལ་སྔར་བས་ངོས་འཛིན་བྱས་ཏེ་ལས་ཞུགས་ལས་དོན་དེ་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་ནང་དོན་གལ་ཆེན་ལ་བརྩིས་ནས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་འབད་བརྩོན་ཧུར་ཐག་བྱེད་པ་དང་ནུས་ཤུགས་གང་ཡོད་བཏོན་ཏེ་ལས་ཞུགས་བརྟན་པོ་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས་པ། གསུམ་ནས་ལས་ཀའི་ལས་འགན་སྔར་བས་གསལ་བཟོ་བྱས་ཏེ་དུས་རབས་གསར་པའི་ཀྲུང་དབྱང་གི་ལས་ཞུགས་མཛད་ཕྱོགས་ལག་བསྟར་བྱེད་པ་དང་། ལས་ཀའི་དུས་ཚོད་རེའུ་མིག་ཁ་གསལ་བཟོ་བ། བྱ་ཐབས་བཟང་པོ་དཔྱད་གཞིར་འཛིན་པ་དང་ཉམས་མྱོང་བཟང་པོ་བསྡུ་ལེན་བྱེད་པ། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་དང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དབར་གྱི་སྤེལ་རེས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ལས་ཞུགས་བཀོད་སྒྲིག་བརྟན་པོ་ཡོང་བ་བྱེད་དགོས་པ། བཞི་ནས་སྒྲིག་སྲོལ་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། ལས་ཀའི་བྱ་ཐབས་གསར་གཏོད་བྱེད་པ། ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་ཀྱི་སྒོ་ནས་ལས་ཞུགས་སྲིད་ཇུས་ཀྱི་ལྕག་སྐུལ་སྐུལ་འདེད་ནུས་པ་འདོན་སྤེལ་ནུས་ལྡན་བྱེད་དགོས་པ། ལྔ་ནས་ལས་ཀའི་འགན་འཁྲི་སྔར་བས་དོན་འཁྱོལ་བྱས་ཏེ་ལས་ཞུགས་ཀྱི་གནས་ཚུལ་འགྱུར་ལྡོག་ལ་དམ་པོར་དམིགས་ནས་གྲོང་ཁྱེར་དང་ས་གནས་ཁོངས་གཏོགས་ཀྱི་དོ་དམ་འགན་འཁྲི་དང་ཏང་ཡོན་ལས་བྱེད་པའི“གཅིག་གཏད་གཅིག”དང“མང་གཏད་གཅིག”གི་རོགས་སྐྱོར་འགན་འཁྲི་དོན་འཁྱོལ་ཡག་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ལས་ཞུགས་ལས་དོན་ལ་དམ་འཛིན་ནན་པོ་དང་། ཏན་ཏིག ཡག་པོ་བཅས་བྱེད་དགོས་པ། དྲུག་ནས་སྤྱི་ཚོགས་ཡོངས་ཀྱི་མཉམ་ཤུགས་སྔར་བས་ཆགས་པ་བྱས་ཏེ་དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་སྤྱི་ཚོགས་ཀྱི་དོ་ཁུར་ལ་ལན་འདེབས་ཧུར་ཐག་བྱས་ནས་སྤྱི་ཚོགས་ཡོངས་ཀྱིས་ལས་ཞུགས་ལས་གཏོད་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་རྣམ་པ་བཟང་པོ་ཞིག་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001386538531