བོད་ལྗོངས།
ཆེ་དགྲ་ལྷས་རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའི་2020ལོའི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་བ།

    ཚེས་11ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གྲོལ་མ་ཐག་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའི་2020ལོའི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་བ་དང《2020ལོའི〈སྲིད་གཞུང་གི་ལས་དོན་སྙན་སྒྲོན〉གྱི་ལས་འགན་དབྱེ་འབྱེད་ཇུས་གཞི》དང《2020ལོའི〈སྲིད་གཞུང་གི་ལས་དོན་སྙན་སྒྲོན〉གྱི་དམིགས་ཚད་ལས་འགན་གྱི་འགན་འཁྲིའི་ཡི་གེར》ཞིབ་འཇུག་གནང་བ་དང་སྲིད་གཞུང་གི་ཚང་འཛོམས་གྲོས་ཚོགས་འཚོག་རྒྱུ་སོགས་ཀྱི་ལས་དོན་གྲ་སྒྲིག་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ནོར་བུ་དོན་གྲུབ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་དང་། རྒྱལ་མཚན། དབང་ཧའེ་ཀྲོའུ། ཧྲེ་མོའུ་ཅུན། ཀྲང་ཡུང་ཙེ། མོང་ཞའོ་ལིན། འཇམ་དཔལ། ཀྲང་ཧོང་པོ་བཅས་ཚོགས་འདུར་ཞུགས་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་ཚོགས་འདུར་ཟུར་ཞུགས་གནང་བ་རེད།

    ཆེ་དགྲ་ལྷས་འགན་འཁྲི་འཁུར་ཕོད་པ་དང་དོན་འཁྱོལ་ལ་དམ་འཛིན་བྱས་ནས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྣམ་གྲངས་གོ་རིམ་ལྡན་པའི་ངང་སྤེལ་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་གཏོང་བ་དང་། ཐབས་མང་མཉམ་དུ་སྤྱད་ནས་ལས་ཞུགས་བརྟན་པོ་ཡོང་བ་བྱེད་པ། སློབ་གསོའི་ཆུ་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་གཏོང་བ། འདི་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ཁག་མཐའ་གཅིག་ཏུ་ལེགས་གྲུབ་ཐུབ་པ་བྱེད་དགོས། དམངས་ཆེད་བློ་གཅིག་སེམས་གཅིག་གིས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱེད་པ་དང་། དམངས་ཆེད་ཞབས་འདེགས་ཞུ་བའི་ཁྲོད་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱེད་པ། ཁྱད་ལྡན་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་བ། མང་ཚོགས་ཀྱི་དགོས་མཁོར་གཞིགས་ནས་གནད་དོན་བཙལ་འཚོལ་དང་ཞན་ཆ་སེལ་བ་བཅས་བྱས་ཏེ་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་རྒྱུན་མཐུད་འགན་ལེན་བྱེད་དགོས། གཙོ་གནད་ལ་དམིགས་ཏེ་དོན་འཁྱོལ་ལ་དམ་འཛིན་བྱས་ནས་རྒྱལ་ཁབ་ཀྱི་སྤྱིའི་འཕེལ་རྒྱས་འཆར་འགོད་ཚད་གཞི་དང་ཡང་ཡང་བསྡུར་བ་དང་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་གྲངས་གལ་ཆེན“ལོ་ལྔ་ཚན་བཅུ་བཞི་པའི”འཕེལ་རྒྱས་དང་འབྲེལ་མཐུད་ཡག་པོ་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་གནང་བ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001387030281