བོད་ལྗོངས།
བོད་ཀྱིས་ཐེངས་དང་པོར་ཁྲིམས་འཛུགས་ཀྱིས་མི་རིགས་མཐུན་སྒྲིལ་ལ་འགན་ལེན་བྱས་པ།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འབྱོར་གསལ། ཚེས་11ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་གཏོད་པའི་སྲོལ་ཡིག》ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་ཡོད། དེ་ནི་བོད་ལྗོངས་ཀྱིས་རང་སྐྱོང་ལྗོངས་རིམ་པའི་ངོས་ནས་མི་རིགས་མཐུན་སྒྲིལ་ལས་དོན་ཐད་བཏོན་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཞིག་ཡིན་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་ཁྲིམས་འཛུགས་མ་ལག་གི་སྟོང་ཆ་བསྐངས་ཡོད། སྲོལ་ཡིག་འདི་2020ལོའི་ཟླ་5ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བས། མིག་སྔར་ཏང་ཀྲུང་དབྱང་གི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པའི་འོག་བོད་ལྗོངས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་དུས་རབས་གསར་པར་བསྐྱོད་པ་དང་། འདྲ་མཉམ་དང་མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་ཟམ་མི་ཆད་པར་སྲ་བརྟན་དུ་ཕྱིན་ཡོད། སྲོལ་ཡིག་འདི་ཉིད་བཟོས་པ་དེ་ནི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་རྣམ་པའི་ཐོག་ནས་ལག་ལེན་དང་གྲུབ་འབྲས་དེ་དག་གཏན་འཁེལ་བྱ་ཆེད་ཡིན་པ་མ་ཟད། བོད་ཀྱི་མི་རིགས་ཁག་གི་མི་དམངས་དང་ལས་རིགས་ཁག་ལ་རྒྱལ་ཡོངས་ཀྱི་དཔེ་བཟང་དུ་གྱུར་བར་རིན་ཐང་ཕྱོགས་སྟོན་འཛུགས་ཆེད་ཡིན།

    སྲོལ་ཡིག་ནང་བོད་ནི་གནའ་སྔ་མོ་ནས་བཟུང་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་མི་རིགས་ཁག་ཚང་མ་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་ཁོངས་མི་གལ་ཆེན་ཞིག་ཡིན། མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཡིན་ཞིང་། མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱ་རྒྱུ་བཅས་ནི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་འགན་འཁྲི་དང་འོས་འགན་ཡིན་པ་གཏན་འབེབས་གསལ་པོ་བྱས་ཡོད།

    སྲོལ་ཡིག་ལ་གཞིགས་ན། ལོ་རེའི་ཟླ་9པ་ནི་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་ཟླ་བ་ཡིན། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་གཏོད་པ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་ཡིན། རང་སྐྱོང་ལྗོངས་དང་ས་གནས(གྲོང་ཁྱེར) རྫོང་(ཆུས)བཅས་ཀྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་གཏོད་པའི་ལས་དོན་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་འཆར་འགོད་ནང་བཅུག་ནས་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། སྣོད་བཅུད་ཤེས་དཔལ་བཅས་འཛུགས་སྐྱོང་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་འཇུག་དགོས། སྲོལ་ཡིག་ནང་ད་དུང་རིགས་ཁག་གི་སྤྱི་ཚོགས་རྩ་འཛུགས་ཀྱི་གསར་སྐྲུན་ལས་དོན་ཁྲོད་ཀྱི་འགན་འཁྲི་གཏན་འབེབས་བྱས་ཡོད།

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བས། སྲོལ་ཡིག་དེས་ཏང་གི་དབུ་ཁྲིད་དང་བོད་ས་གནས་ཀྱི་ཁྱད་ཆོས་མཚོན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཏན་འབེབས་གསལ་པོ་བྱས་ཏེ། ཀྲུང་ཧྭའི་རིག་གནས་ནི་ཐོག་མཐའ་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་བརྩེ་དུང་གི་རྒྱབ་རྟེན་དང་། སེམས་ཀྱི་ཕུགས་འབྲས། བསམ་པའི་ཁྱིམ་གཞིས་བཅས་ཡིན་པ་དང་། བོད་ཀྱི་མི་རིགས་ཁག་གི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་ཁ་འབྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་པའི་བསམ་བློ་དེ་མང་ཚོགས་ཀྱི་སེམས་ནང་བརྟན་པོར་འཛུགས་དགོས། གེ་སར་དང་ལྷ་མོ། བོད་ལུགས་གསོ་རིག ཐང་ག་སོགས་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན། འཕེལ་རྒྱས་བཅས་བཏང་ནས། མི་རིགས་ཀྱི་ཉོ་ཚོང་དང་མི་རིགས་ཀྱི་ལག་ཤེས་བཟོ་ལས་འཕེལ་རྒྱས་གཏོང་དགོས་པའི་གཏན་འཁེལ་བྱས་པ། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་སོགས་དྲིལ་བསྒྲགས་སློབ་གསོའི་གཞི་རྟེན་གལ་ཆེན་ཞིག་ཏུ་བརྩིས་པའི་གཏན་འཁེལ་བྱས་ཡོད་ཅེས་ངོ་སྤྲོད་བྱས།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001387034321