བོད་ལྗོངས།
ཝུའུ་དབྱིང་ཅེས་ལྷ་སར་དུས་ཆེན་གྱི་ཁྲོམ་རའི་མཁོ་སྤྲོད་གནས་ཚུལ་ལ་རྟོག་ཞིབ་གནང་བ།

    དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་མཚམས་སུ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་སར་དུས་ཆེན་རིང་གི་ཁྲོམ་རའི་མཁོ་སྤྲོད་གནས་ཚུལ་ལ་རྟོག་ཞིབ་གནང་ཞིང་། འདི་ནི་ལྷ་ས་གྲོང་ཁྱེར་བརྒྱད་གཅིག་ལམ་ཞིང་ཞོར་ཐོན་ཟོག་ཁྲོམ་རར་ཝུའུ་དབྱིང་ཅེས་ཚོང་པ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་ནས། སྔོ་ཚལ་དང་། ཤིང་ཏོག ཤ་རིགས། བྱ་སྒོང་། འོ་མ་སོགས་འཚོ་བའི་མཁོ་ཆས་ཀྱི་མཁོ་སྤྲོད་ཕྱིར་ཚོང་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།

    དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་མཚམས་སུ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་བརྒྱད་གཅིག་ལམ་ཞིང་ཞོར་ཐོན་ཟོག་ཁྲོམ་ར་དང་། སྐུ་ལ་དར་གདོང་དབྱིའུ་ཕིན་སྒོ་རྩིས་ཚོང་ཁང་དུ་དུས་ཆེན་རིང་གི་ཁྲོམ་རའི་མཁོ་སྤྲོད་གནས་ཚུལ་ལ་རྟོག་ཞིབ་གནང་བར་ཕེབས་པ་རེད།

    བརྒྱད་གཅིག་ལམ་གྱི་ཞིང་ཞོར་ཐོན་ཟོག་ཁྲོམ་རར། ཝུའུ་དབྱིང་ཅེས་ཕེབས་ཀྱིན་གཟིགས་ཞོར་དུ་ཚོང་པ་དང་མཁོ་ཆས་ཉོ་མཁན་གྱི་གྲོང་མི་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བ་དང་། སྔོ་ཚལ་དང་། ཤིང་ཏོག ཤ་རིགས། བྱ་སྒོང་། འོ་མ་སོགས་འཚོ་བའི་མཁོ་ཆས་མཁོ་སྤྲོད་ཕྱིར་ཚོང་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། དུས་ཆེན་གྱི་ཁྲོམ་རའི་ཚོང་ཟོག་སྣ་ཁ་འཛོམས་པ་དང་། ཟོག་ཁུངས་འབེལ་བ། སྒྲིག་ལམ་ལེགས་པ། ཉོ་ཚོང་གཉིས་བཟང་བཅས་ལ་གདེང་འཇོག་ཡག་པོ་གནང་བ་རེད། ཝུའུ་དབྱིང་ཅེས་བསྟན་དོན། དུས་ཆེན་གྱི་ཁྲོམ་རའི་མཁོ་སྤྲོད་འགན་སྲུང་བྱ་རྒྱུ་ནི། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དོ་ཁུར་བྱེད་པའི་དམངས་འཚོའི་དོན་ཆེན་ཞིག་རེད། འབྲེལ་ཡོད་སྡེ་ཚན་གྱིས་ཁྲོམ་རའི་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་བརྒྱབ་ནས། གསོག་འཇོག་དང་མཁོ་སྤྲོད་ཀྱི་དགོས་མཁོ་སྦྲེལ་མཐུད་ནུས་ལྡན་བྱས་ཏེ་ཞིང་ཞོར་ཐོན་ཟོག་དང་། ལྷག་པར་དུ་ནོར་ལུག་གི་ཤ་དང་། མར། ཇ་སོགས་མང་ཚོགས་ཀྱི་འཚོ་བའི་མཁོ་ཆས་ཀྱི་ཁྲོམ་རའི་མཁོ་སྤྲོད་འགན་ལེན་བྱེད་པ་དང་། བརྟག་དཔྱད་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲོམ་རའི་རིན་གོང་བརྟན་དུ་གཏོང་བ་དང་། ཚོང་པའི་ཚོང་གཉེར་བྱེད་སྤྱོད་ཚད་ལྡན་བཟོ་བ། བཟའ་བཅའི་སྤུས་ཚད་དང་བདེ་འཇགས་ཀྱི་འགག་སྒོ་ནན་པོ་སྲུང་བ་བཅས་བྱས་ཏེ། འཛད་སྤྱོད་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས།

    “ལོ་གསར་བཀྲ་ཤིས་བདེ་ལེགས”ཞེས་སྐུ་ལ་དར་གདོང་དབྱིའུ་ཕིན་སྒོ་རྩིས་ཚོང་ཁང་དུ་ཝུའུ་དབྱིང་ཅེས་ལོ་གསར་མཁོ་ཆས་ཉོ་མཁན་གྱི་མི་རིགས་ཁག་གི་མང་ཚོགས་དང་ཕན་ཚུན་སྨོན་འདུན་ཞུ་རེས་དང་བྱམས་བརྩེའི་བཀའ་མོལ་གནང་བ་རེད། ལོ་གསར་གྱི་མཁོ་ཆས་ཉོ་མཁན་ལྷ་སའི་གྲོང་མི་སྤེན་པས་ཝུའུ་དབྱིང་ཅེར་ཁྱིམ་ཚང་གི་འགྱུར་ལྡོག་ཞིབ་ཕྲ་ཞུས་པ་མ་ཟད། མ་འོངས་པའི་རེ་སྒུག་གསར་པའང་ཞུས་ནས། ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་སེམས་མཚོན་པར་བྱས་པ་རེད། ཝུའུ་དབྱིང་ཅེས་ཁོང་ལ་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་པ་དང་། ཏང་གི་དམངས་ཕྱུག་དམངས་ཕན་སྲིད་ཇུས་ལ་བརྟེན་པ། ལས་ལ་བརྩོན་པའི་ལག་ཟུང་ལ་བརྟེན་ནས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་དགོས་པའི་ལྕག་སྐུལ་གནང་བ་རེད།

    སྒོ་རྩིས་ཚོང་ཁང་གི་ཚོང་གཉེར་གནས་ཚུལ་གྱི་ངོ་སྤྲོད་གསན་རྗེས་ཝུའུ་དབྱིང་ཅེས་བསྟན་དོན། འདི་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་གཞི་མཇུག་བསྡུ་བའི་ལོ་ཞིག་རེད། ཁེ་ལས་ཀྱིས་སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་འཁུར་ནས་མང་ཚོགས་དེ་བས་མང་བ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་ལེགས་སྐྱེས་གང་ནུས་འབུལ་དགོས། ལོ་གསར་གྱི་མཁོ་ཆས་ཉོ་མཁན་མང་བའི་དུས་སུ་སླེབས་ཡོད་པས། ཟོག་ཁུངས་སྒྲིག་འཛུགས་ཧུར་ཐག་བྱས་ནས། ཚོང་ཟོག་གི་སྣ་ཁ་མང་དུ་གཏོང་བ་དང་སྤུས་ཚད་ཀྱི་འགག་སྒོ་ནན་པོ་བསྲུངས་ཏེ་འཛད་སྤྱོད་པར་ཁེ་ཕན་དེ་བས་མང་བ་བསྐྲུན་དགོས།

    རྟོག་ཞིབ་གནང་རིང་དུ་ཝུའུ་དབྱིང་ཅེས་བསྟན་དོན། མང་ཚོགས་ཀྱི་དོན་དག་རང་ཉིད་ཀྱི་དོན་དག་ལ་བརྩིས་ནས་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་ཏན་ཏིག་སེལ་བ་དང་། མང་ཚོགས་ཀྱི་སློབ་གསོ་དང་། ལས་ཞུགས། སྨན་བཅོས། སྤྱི་ཚོགས། འགྲོ་སྐྱོད་སོགས་ཐད་ཀྱི་རེ་སྒུག་ལ་བརྡ་ལན་ཧུར་ཐག་བསློགས་ཏེ། ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱིས་མི་རིགས་ཁག་གི་མང་ཚོགས་ལ་བཅངས་པའི་ཐུགས་འཁུར་དོན་ཐོག་ཏུ་ཧུར་ཐག་འཁྱོལ་བ་བྱེད་དགོས།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001387329851