བོད་ལྗོངས།
ཝུའུ་དབྱིང་ཅེ་དང་ཆེ་དགྲ་ལྷ་རྣམ་གཉིས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོའི་སྨན་དོན་མི་སྣར་གཟིགས་པ་དང་འཚམས་འདྲི་གནང་བ།

    ཟླ་2ཚེས་3ཉིན། ཝུའུ་དབྱིང་ཅེ་དང་ཆེ་དགྲ་ལྷ་རྣམ་གཉིས་ཀྱིས་རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་བརྟག་ཞིབ་མཛུབ་ཁྲིད་གནང་བ་དང་འབྲེལ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེའི་སྨན་དོན་མི་སྣར་གཟིགས་པ་དང་འཚམས་འདྲི་གནང་བ་རེད། འདི་ནི་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པར་ཝུའུ་དབྱིང་ཅེ་དང་ཆེ་དགྲ་ལྷ་རྣམ་གཉིས་ཀྱིས་སྨན་དོན་མི་སྣ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བཞིན་པ།

    ཚེས་3ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་རང་སྐྱོང་ལྗོངས་ཀྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་རང་སྐྱོང་ལྗོངས་ཀྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཆེ་དགྲ་ལྷ་རྣམ་གཉིས་རང་སྐྱོང་ལྗོངས་སྨན་ཁང་གསུམ་པ་དང་། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་། རང་སྐྱོང་ལྗོངས་སྨན་རྩིས་ཁང་བཅས་སུ་རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་བརྟག་ཞིབ་མཛུབ་ཁྲིད་གནང་བར་ཕེབས་པ་དང་འབྲེལ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེའི་སྨན་དོན་མི་སྣར་གཟིགས་པ་དང་འཚམས་འདྲི་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་ཅང་ཅེ་དང་ལིའུ་ཅང་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་རྒྱལ་མཚན་དང་འཇམ་དཔལ་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།

    རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པ་ནི་རང་ལྗོངས་ཀྱི་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་གནས་གཏན་འཁེལ་གྱི་སྨན་ཁང་ཞིག་ཡིན་ཞིང་། ཝུའུ་དབྱིང་ཅེ་དང་ཆེ་དགྲ་ལྷ་འདི་གར་ཕེབས་ནས་རང་འགུལ་ངང་ཚ་བ་བརྟག་དཔྱད་དང་ལེན་གནང་བ་དང་སྦྲགས། སྨན་དོན་མི་སྣ་བཀོད་སྒྲིག་དང་། ནད་བརྟག་བརྒྱུད་རིམ། ལོགས་འཇོག་ནད་ཁུལ་བཀོད་སྒྲིག ངོས་འཛིན་ཐུབ་པའི་ནད་པ་སྨན་བཅོས་དང་དྲག་སྐྱེད་བཅས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། སྨན་ཁང་གི་འགན་ཁུར་བས་རང་ལྗོངས་སུ་ངོས་འཛིན་བྱུང་བའི་ནད་པ་ཐོག་མ་སྨན་ཁང་དུ་བསྡད་ཚུན། རྒྱལ་ཁབ་ཀྱིས་བཏོན་པའི་ནད་བརྟག་སྨན་བཅོས་ཀྱི་ཇུས་གཞིར་ནན་པོ་གཞིགས་ནས་སྨན་བཅོས་ཧུར་ཐག་བྱས་པ་དང་། མིག་སྔར་ནད་པ་དེའི་ནད་གཞིའི་གནས་ཚུལ་བརྟན་པོ་ཡོད་པ་དང་ཚེ་སྲོག་ལ་ཉེན་ཁ་མེད་ཅེས་ངོ་སྤྲོད་བྱས་པ་རེད། རྗེས་མཐུད་ཀྱི་ནད་གཞི་གཏན་འཁེལ་དང་དོགས་པ་ཡོད་པའི་ནད་པར་ནད་བརྟག་སྨན་བཅོས་ཐུབ་པའི་འགན་ལེན་བྱེད་ཆེད། མིག་སྔར་སྨན་ཁང་དེས་རིམས་ནད་ལ་ཁ་གཏད་གཅོག་པའི་ནད་སྡོད་ཁུལ་5དང་ནད་ཁྲི་200གྲ་སྒྲིག་བྱས་པ་དང་དུས་མཚུངས། སྨན་དོན་མི་སྣ་150ལྷག་ཙམ་སྒྲིག་འཛུགས་བྱས་ནས་སྨན་བཅོས་ཁག་བགོས་རུ་ཁག་རིམ་པ་3བཙུགས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    ཝུའུ་དབྱིང་ཅེས་གསན་རྗེས་ཐུགས་བློ་བདེ་པོ་བྱུང་ཞིང་། ཁོང་གིས་རིམས་ནད་ཀྱི་མདུན་དུ་རྒྱ་ཆེའི་སྨན་དོན་མི་སྣས་ཉེན་ཁར་མི་སྐྲག་པ་དང་། དཔའ་ངར་ཆེར་སྐྱེད་ཀྱིས་མདུན་དུ་སྐྱོད་པ། གདོང་མཆོང་བྱེད་ཕོད་པ་བཅས་བྱས་ནས་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་བ་དང་འགན་འཁྲི་ཁུར་ཕོད་པ་དང་བྱ་སྤྱོད་ཧུར་ཐག་སྤེལ་ཞིང་། ཁོང་ཚོ་ནི་མི་རིགས་ཁག་གི་མི་དམངས་མང་ཚོགས་མིག་ནང་གི“ལྷག་པར་གཅེས་སུ་འོས་པ”ཞིག་རེད་ཅེས་གསུངས་པ་རེད། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཚང་མར་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཝུའུ་དབྱིང་ཅེས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་པར། སྨན་ཁང་ནི་འཐབ་ས་གཙོ་བོ་དང་། སྨན་པ་ནི་སྟོབས་ཤུགས་གལ་ཆེན་ཡིན་པས། འབྲེལ་ཡོད་སྨན་བཅོས་སྒྲིག་གཞིས་ཐོན་ཁུངས་བཀོད་སྒྲིག་སྔར་བས་ལེགས་སྒྲིག་བྱས་ནས་མི་ཤུགས་ཐོན་ཁུངས་དང་ལས་རེས་ཐེངས་གྲངས་བཀོད་སྒྲིག་ལུགས་མཐུན་བྱེད་པ་དང་། འབྲེལ་ཡོད་ཐོབ་ཐང་འགན་ལེན་དོན་འཁྱོལ་ནན་ཏན་བྱས་ཏེ་འཐབ་ས་དང་པོའི་སྨན་དོན་མི་སྣའི་བདེ་འཇགས་དང་བདེ་ཐང་འགན་ལེན་བྱེད་དགོས། རྒྱ་ཆེའི་སྨན་དོན་མི་སྣས་རང་སྲུང་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་རང་ངོས་འགོག་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་ཕན་ཚུན་མི་འགོས་པ་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་དང་། སྨན་བཅོས་འགོག་སྲུང་དངོས་ཟོག་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས་འཐབ་ས་དང་པོའི་ལས་དོན་མི་སྣའི་ལས་ཀ་དང་འཚོ་བ་འགན་ལེན་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།

    རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དུ། ཝུའུ་དབྱིང་ཅེ་དང་ཆེ་དགྲ་ལྷ་རྣམ་གཉིས་སྔ་རྗེས་སུ་120མྱུར་སྐྱོབ་ལྟེ་གནས་དང་། ཚ་བ་རྒྱས་པའི་སྒོ་བསྟེན་སྨན་ཁང་། སྒོ་བསྟེན་སྨན་བཅོས་ཚོམས་ཆེན་བཅས་སུ་ཕེབས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཞིབ་བཤེར་གནང་བ་དང་འབྲེལ། སྔོན་འགོག་བརྟག་དཔྱད་དང་རིམ་དབྱེ་ནད་བརྟག་སྨན་བཅོས་ཀྱི་བརྒྱུད་རིམ་ལ་གཟིགས་ཞིབ་གནང་བ་རེད། ཁང་ཕྱིར་བརྟག་དཔྱད་བྱེད་སྐབས་ཚ་དཔྱད་ཡོ་བྱད་ཀྱི་གྲངས་གཞི་བརྟན་པོ་མེད་པ་མཁྱེན་རྟོགས་བྱུང་རྗེས། ཝུའུ་དབྱིང་ཅེས་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་ཏན་ཏིག་དང་ཞིབ་ཕྲ་བྱེད་པའི་རྨང་གཞིའི་ཐོག རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལྷུ་ཚིགས་ཁག་ཏུ་གནས་པའི་ཞན་ཆ་དང་ཉམས་ཞན་ལྷུ་ཚིགས་ལ་གསེད་བཀྲོལ་དང་གྲལ་བཤེར་ནན་ཏན་བྱས་ཏེ་ཐབས་ཤེས་སྔར་བས་ལེགས་སུ་གཏོང་བ་དང་བྱ་ཐབས་ལ་ཤུགས་སྣོན་རྒྱག་པ་དང་། ཞན་ཆ་འཚོལ་ནས་གསབ་པ། གཙོ་གནད་ལྷུ་ཚིགས་དང་། ས་ཁོངས། མི་ཚོགས་བཅས་ལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། ལྟ་ཞིབ་ཚད་ལེན་གྱི་འབྲས་བུ་གནད་སྨིན་གོ་ཆོད་ཡོང་བའི་འགན་ལེན་བྱེད་པ་བཅས་བྱས་ཏེ“སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་སྙན་སེང་། སྔ་ཙམ་ལོགས་འཇོག སྔ་ཙམ་སྨན་བཅོས”བཅས་ཏན་ཏིག་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས་ཆེད་ལས་ལག་རྩལ་སྟོབས་ཤུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་རྨང་གཞིའི་གྲངས་གཞི་དབྱེ་ཞིབ་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་ཀྱི་རིམས་ནད་འགོག་བཅོས་ཚད་ལྡན་དང་ས་བབ་མཐོ་བའི་དམིགས་བསལ་རང་བྱུང་གནམ་གཤིས་ཀྱི་ཆ་རྐྱེན་དང་ཟུང་འབྲེལ་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ། ས་མཐོའི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་འཚམ་པའི་ཞིབ་ཕྲའི་བྱ་ཐབས་འདོན་རྒྱུར་དམ་འཛིན་ནན་པོ་བྱེད་པ་བཅས་བྱས་ཏེ། སྔོན་འགོག་ཚོད་འཛིན་གྱི་ཕན་འབྲས་ཆེ་རུ་གཏོང་དགོས། འབྲེལ་ཡོད་རིགས་གཅིག་མཁས་ཅན་གྱིས་རང་འགུལ་ངང་གྲོས་འགོ་འདོན་པ་དང་། སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་དྲིལ་བསྒྲགས་ནང་ཧུར་ཐག་ཞུགས་པ། མང་ཚོགས་ཀྱིས་གོ་བདེ་ཤེས་སླའི་འགོག་སྲུང་ཤེས་བྱ་དང་བྱ་ཐབས་ནུས་ལྡན་ཁག་གཅིག་ལ་ཞིབ་འཇུག་བྱེད་པ། དྲིལ་བསྒྲགས་དང་ཁྱབ་གདལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རྒྱུ་དེ་མང་ཚོགས་ཀྱི་རང་རྟོགས་བྱ་སྤྱོད་ལ་འགྱུར་བ་བྱེད་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་མང་ཚོགས་ལ་ཡིད་ཆེས་གང་ལེགས་བྱེད་པ་དང་། མང་ཚོགས་སྐུལ་སློང་རྒྱ་ཁྱབ་བྱེད་པ། མང་ཚོགས་ལ་དམ་པོར་བརྟེན་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ། མང་ཚོགས་ཀྱི་འགོག་སྲུང་ཐད་གཞན་སྐུལ་ནས་རང་འགུལ་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ། མཉམ་འགོག་མཉམ་བཅོས་ཀྱི་མཉམ་ཤུགས་མགྱོགས་མྱུར་སྒྲིལ་བ། རིམས་ནད་འགོག་པའི་འགོག་སྲུང་འཛིང་རགས་བརྟན་པོ་སྐྲུན་པ་བཅས་བྱས་ཏེ། མཉམ་དུ་སྔོན་འགོག་དང་མཉམ་དུ་ཚོད་འཛིན་བྱེད་པར་ཁུག་ཆ་མི་ལུས་པ་དང་མཉམ་འགོག་མཉམ་བཅོས་ཁྱོན་ཡོངས་ལ་ཁྱབ་པའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

    རང་སྐྱོང་ལྗོངས་སྨན་རྩིས་ཁང་དུ། ཝུའུ་དབྱིང་ཅེ་དང་ཆེ་དགྲ་ལྷ་རྣམ་གཉིས་ཀྱིས་རིམ་དབྱེ་ནད་བརྟག་སྨན་བཅོས་ཀྱི་བརྒྱུད་རིམ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ་སྨན་དོན་མི་སྣར་འཚམས་འདྲི་གནང་བ་རེད། ཝུའུ་དབྱིང་ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི“གདེང་ཚོད་བརྟན་པོ་དང་། ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་འགོག་བཅོས། གནད་སྨིན་ཇུས་འདོན”བཅས་ཀྱི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཚན་རིག་དང་མཐུན་ལ་གཟབ་ནན་གྱི་རྣམ་འགྱུར་ལ་ཐོག་མཐའ་བར་གསུམ་དུ་བརྩི་སྲུང་ཞུ་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་གི་བོད་ལུགས་གསོ་རིག་གི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཏེ་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་སྲུང་སྐྱོང་བྱེད་ཆེད་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད། ཝུའུ་དབྱིང་ཅེས་རིམ་ཁག་སྨན་བཅོས་སྒྲིག་གཞིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་ཆབས་ཅིག རྒྱུན་གཏན་གྱི་ལས་ཀ་བརྟན་པོ་དང་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པའི་འགན་ལེན་བྱེད་པ་དང་། རྒྱུན་གཏན་གྱི་ནད་པ་ནད་གཞི་བསྟེན་པར་ཤུགས་རྐྱེན་མི་ཐེབས་པའི་འགན་ལེན་བྱས་ཏེ་མི་རིགས་ཁག་གི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001387572191