བོད་ལྗོངས།
ཝུའུ་དབྱིང་ཅེས་རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་ལ་བརྟག་ཞིབ་གནང་བ།

    འདི་ནི་རང་སྐྱོང་ལྗོངས་མཐོ་སློབ་སློབ་ཐོན་སློབ་མའི་ཆེད་དོན་དྲ་ཐོག་ནས་ལས་མི་བསྡུ་བའི་འདུ་ཚོགས་འཚོག་ཡུལ་དུ་ཝུའུ་དབྱིང་ཅེས་ལས་ཀ་འཚོལ་བར་ཡོང་མཁན་སློབ་ཆེན་སློབ་མ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བཞིན་པ།

    ཚེས་17ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་རང་སྐྱོང་ལྗོངས་ངལ་རྩོལ་ལས་ཞུགས་ཞབས་ཞུ་ཅུས་སུ་ཕེབས་ཏེ། རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་ལ་བརྟག་ཞིབ་གནང་བ་དང་། ལས་ཀ་འཚོལ་མཁན་དང་ལས་གཏོད་མཁན་དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་གནང་བ། ལས་ཞུགས་ལས་གཏོད་སྐོར་གྱི་བསམ་འཆར་དང་གྲོས་འགོ་གསན་པ་མ་ཟད། ད་དུང་ཁོང་ཚོར་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་གལ་ཆེན་བློ་ལ་བརྟན་པོར་བཅངས་ནས་མི་དམངས་ཀྱི་དགོས་མཁོ་ཆེ་ཤོས་ཀྱི་སར་སྐྱོད་དགོས་པ་དང་འདུ་ཤེས་ལ་འགྱུར་ལྡོག་བཏང་སྟེ། བསམ་ཕོད་པ་དང་བྱེད་ཕོད་པར་བྱས་ནས་གསར་གཏོད་ལས་གཏོད་བྱེད་རིང་ལང་ཚོའི་ཕུགས་འདུན་དང་མི་ཚེའི་རིན་ཐང་མངོན་འགྱུར་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཅང་ཅེ་དང་ལིའུ་ཅང་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་པ་རེད།

    རིམས་ནད་བྱུང་ཚུན་དུ། རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ལ་འཕེལ་རྒྱས་གང་འདྲ་བྱུང་མིན་ལ་ཝུའུ་དབྱིང་ཅེས་ཐུགས་ཁུར་ཆེན་པོ་གནང་གི་ཡོད། ཁོང་གིས་རང་སྐྱོང་ལྗོངས་ངལ་རྩོལ་ལས་ཞུགས་ཞབས་ཞུ་ཅུས་སུ་ཕེབས་ཏེ། བརྙན་ཤེལ་ཆེན་པོར་གཟིགས་ནས་དྲ་ཐོག་ནས་ལས་མི་བསྡུ་བའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

    འབྲེལ་ཡོད་འགན་འཁུར་བས་ན་ནིང་གི་ལོ་མཇུག་ཏུ་བོད་ཀྱི་སྤྱི་པའི་ལས་ཞུགས་དང་ལས་མི་བསྡུ་བའི་དྲ་བ་སྤྱོད་འགོ་ཚུགས་ཤིང་། མིག་སྔར་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ཁྲི་1.6གིས་མིང་ཐོ་བཀོད་ཡོད་པ་དང་། རང་སྐྱོང་ལྗོངས་ཀྱིས་དོ་དམ་བྱེད་པའི་རྒྱལ་ཁབ་ཁེ་ལས་དང་བོད་སྡོད་ཀྲུང་དབྱང་ཁེ་ལས་ཁྱོན་179ཡིས་མི་སྤྱོད་ཚན་པར་བཅའ་སྡོད་བྱས་ཏེ་ལས་ཞུགས་ལས་གནས་སྟབས་བསྟུན་མཁོ་འདོན་བྱེད་པ། མཐོ་སློབ་སློབ་ཐོན་སློབ་མས་དྲ་ཚིགས་བརྒྱུད་དྲ་ཐོག་ནས་ལོ་རྒྱུས་མདོར་བསྡུས་བསྐུར་བ་དང་། ལས་གནས་སྙོམས་སྒྲིག དྲ་ཐོག་ངོ་རྒྱུགས་སོགས་ལས་ཀ་འཚོལ་བའི་གོ་རིམ་སྒྲིག་པ་བཅས་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་གི་རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཀ་འཚོལ་བའི་དགོས་མཁོ་ཧུར་ཐག་བསྐངས་ཡོད་ཅེས་ཞུས་པ་རེད། ལས་ཞུགས་ཞབས་ཞུའི་ཚོམས་ཆེན་དུ་ཁེ་ལས་20ལྷག་ཙམ་གྱིས་དྲ་ཐོག་དང་དྲ་ཕྱི་ནས་དུས་མཚུངས་སུ་ལས་མི་བསྡུ་བའི་འདུ་ཚོགས་འཚོག་བཞིན་ཡོད་པ་དང་། ཝུའུ་དབྱིང་ཅེས་འགྲེམས་གནས་རེ་རེར་ཕེབས་ཏེ་ལས་མི་བསྡུ་བའི་འདུ་ཚོགས་ལ་ཞུགས་མཁན་ཁེ་ལས་ཀྱི་འགན་འཁུར་བ་དང་སྤེལ་རེས་གནང་ནས་ལས་མི་བསྡུ་བའི་དགོས་མཁོ་དང་། ལས་མིའི་ཐོབ་ཆ། སྤྱི་ཚོགས་འགན་བཅོལ་དངུལ་འཇལ་སྤྲོད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད།

    “གཞུང་ལས་པ་སོགས་གཞུང་དོན་སྒྲུབ་པའི་ཡིག་རྒྱུགས་ནང་ཞུགས་པ་ནི་གདམ་ག་ཞིག་ཡིན་མོད། འོན་ཀྱང་ལས་གནས་ལ་ཚད་བཀག་ཡོད། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ད་ལྟའི་དུས་རིམ་འདིར་འཕེལ་རྒྱས་བྱུང་ཡོད་པས་ལྷག་པར་དུ་བྱང་ཚད་མཐོ་བའི་ཤེས་ལྡན་པ་ཁྲོམ་རའི་བྱེད་པོར་འགྱུར་བར་བྱས་ནས་རང་ལྗོངས་ཀྱི་ཁྲོམ་རའི་དཔལ་འབྱོར་འཕེལ་རྒྱས་དེ་བས་ཡག་པོ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས” ཝུའུ་དབྱིང་ཅེས་རྟ་ཕོར་རྒྱུག་ཤེད་ཡོད་ན་བྱང་ཐང་སྟོང་པ་རེད། ཚང་མས་ཕ་ཡུལ་ལ་གཞི་ཚུགས་པ་དང་གཞི་རིམ་ལ་ཞབས་འདེགས་ཞུས་ཏེ། ནས་དང་འབྲི་གཡག་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་ཞིང་འབྲོག་ཁུལ་གྱི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་སོགས་ཐད་བློ་གྲོས་དང་ནུས་པ་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    བོད་རང་སྐྱོང་ལྗོངས་ལས་གཏོད་སྐྱོང་གསོ་དཔེ་སྟོན་རྟེན་གཞིས་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་མཁན་ཞབས་འདེགས་ཞུ་ཡུལ་གཙོ་བོར་བྱས་ཏེ་རིན་མེད་ལས་གཏོད་བྱ་ཡུལ་དང་། གསོ་སྦྱོང་། མ་རྩ་བསྡུ་རུབ། སྲིད་ཇུས་བློ་འདྲི། ཆ་འཕྲིན་ཞབས་ཞུ། ཉེན་ཁ་ཚོད་སྐོར་སོགས་ཐད་ཞབས་འདེགས་ཞུ་བཞིན་ཡོད་ཅིང་། ཝུའུ་དབྱིང་ཅེ་དེ་གར་ཕེབས་ཏེ་ལས་གཏོད་སྐྱོང་གསོ་བྱ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ལས་དོན་པས་མིག་སྔར་ཁེ་ལས་80ལྷག་ཙམ་གླིང་ཁུལ་དུ་བཅའ་སྡོད་བྱས་པ་དང་ལས་གཏོད་རྣམ་གྲངས་ཀྱི་གྲས་སུ་རིག་གནས་སྨྱན་སྦྱོར་དང་། ཁྱད་ལྡན་མི་རིགས་ལག་ཤེས་ཐོན་རྫས། བདེ་སྲུང་བཟའ་བཅའ་སོགས་ཚུད་ཡོད་ཅེས་ཞུས་པ་རེད། ཝུའུ་དབྱིང་ཅེས་ལས་གཏོད་མཁན་དང་སྤེལ་རེས་གཏིང་ཟབ་གནང་སྟེ། ལས་གཏོད་རྣམ་གྲངས་ཞིབ་འཇུག་དང་། ཐོན་སྐྱེད། ཕན་འབྲས་བཅས་སྐོར་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། མིག་སྔར་རང་སྐྱོང་ལྗོངས་ཀྱིས་ཐག་གཅོད་བྱེད་རོགས་བྱེད་དགོས་པའི་དཀའ་ངལ་ག་རེ་ཡོད་མིན་བཀའ་འདྲི་ཡང་གནང་བ་རེད།

    ཝུའུ་དབྱིང་ཅེས་བརྟག་ཞིབ་གནང་སྐབས། ལས་ཞུགས་ནི་དམངས་འཚོ་ཆེ་ཤོས་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བའི་ལས་དོན་བཀོད་སྒྲིག་ཚོགས་འདུའི་ཐོག་ལས་ཞུགས་བརྟན་པོའི་བྱེད་ཐབས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་ལས་ཞུགས་ཀྱི་གཟིགས་སྐྱོང་སྲིད་ཇུས་ལག་ལེན་ཡག་པོ་བསྟར་དགོས་ཞེས་ནན་བཤད་གནང་ཡོད། དེས་ན་ང་ཚོས་སྔར་ལས་ལྷག་པའི་སྒོ་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བསྟར་བ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ། དཀའ་ངལ་དང་རྙོག་དྲ་སྲིད་གཞུང་གིས་ཐག་གཅོད་པ་དང་སྟབས་བདེ་དང་ཕན་པ་མང་ཚོགས་ལ་སྤྲོད་རྒྱུ་མཐའ་འཁྱོངས་བྱེད་པ། ལས་ཞུགས་བརྟན་པོ་ཡོང་བ་བྱ་རྒྱུ་དེ“བརྟན་པོ་དྲུག”གི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩི་བ། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་ཀའི་ཕུགས་ཕན་ལམ་སྲོལ་འཛུགས་སྐྱོང་ནུས་ལྡན་བྱེད་པ་བཅས་བྱས་ཏེ། མཐོ་སློབ་སློབ་ཐོན་སློབ་མ་འཐུས་ཚང་སྤུས་ལེགས་ཀྱི་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། མཐོ་སློབ་སློབ་ཐོན་སློབ་མ་སྲིད་གཞུང་དུ་ལས་ཞུགས་དང་ཁྲོམ་རར་ལས་ཞུགས་བྱེད་པའི་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། ཁྲོམ་རའི་དགོས་མཁོར་དམིགས་པ། ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། སྔ་ཙམ་ཞིབ་འཇུག་དང་སྔ་ཙམ་ལས་དོན་སྤེལ་བ། ལག་རྩལ་ཆེ་མོ་བའི་སློབ་གླིང་ལས་སྟེགས་སུ་བྱེད་པ། ཁྲོན་བོད་ལྕགས་ལམ་དང་ཀྲུང་ནེ་ལྕགས་ལམ་སོགས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གོ་སྐབས་སུ་བྱེད་པ་བཅས་བྱས་ནས་འབྲེལ་ཡོད་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། མུ་མཐུད་སློབ་མ་དང་ཁྱིམ་བདག་ཚོར་ལས་ཞུགས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་གཏོང་རྒྱུའི་ཁྲིད་སྟོན་བྱས་ཏེ། ཐབས་ལམ་མང་པོའི་ལས་ཞུགས་དང་རང་བརྟེན་ལས་གཏོད་ལ་སྐུལ་འདེད་ཧུར་ཐག་བཏང་ནས་མཐོ་སློབ་སློབ་ཐོན་སློབ་མ་ཁེ་ལས་སུ་ལས་ཞུགས་དང་། གཞུང་ལས་པའི་ལས་གནས་སུ་ལས་ཞུགས། ནང་སར་ལས་ཞུགས། གཞི་རིམ་དུ་ལས་ཞུགས། རང་བརྟེན་ལས་གཏོད་བཅས“ཕྱོགས་མང་གཞི་གཅིག”གི་ལས་ཞུགས་རྣམ་པ་ཞིག་ཏན་ཏིག་ཆགས་པར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001388942981