བོད་ལྗོངས།
ཝུའུ་དབྱིང་ཅེས་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་དང་བཞུགས་མོལ་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

    རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་། ལྷག་པར་དུ་ཟླ་3ཚེས་18ཉིན་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་གནང་བའི་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་ཆེད། ཚེས་20ཉིན་གྱི་སྔ་དྲོར། རང་ལྗོངས་ཀྱིས་ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་གི་ཆོས་ལུགས་ལས་རིགས་དང་དགོན་སྡེའི་བྱེད་སྟངས་གཙོ་བོ་དང་། ཐོབ་པའི་ཉམས་མྱོང་། འཕྲད་པའི་དཀའ་ངལ་སོགས་ཀྱི་གནས་ཚུལ་གསན་པ་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་དགོན་སྡེ་དོ་དམ་དང་ཞབས་ཞུར་ཤུགས་སྣོན་རྒྱག་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་པའི་སྐོར་གྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི་བསམ་འཆར་དང་གྲོས་འགོ་ཡང་བསྡུ་ལེན་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ལས་དོན་བཀོད་སྒྲིག་གནང་བ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་ཚོགས་འདུར་ཕེབས་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ནོར་བུ་དོན་གྲུབ་དང་། བསྟན་ཁོ། སྤེན་པ་བཀྲ་ཤིས། ཧོ་ཝུན་ཧའོ། པད་མ་དབང་འདུས། ལིའུ་ཅང་། ཝང་ཝུའེ་ཏུང་། ཁྲེན་ཡུང་ཆི་བཅས་ཕེབས་ཡོད་པ་རེད།

    ཚོགས་འདུའི་ཐོག བསྟན་ཁོས་ཉེ་དུས་ཀྱི་ལྗོངས་ཡོངས་ཀྱི་ཆོས་ལུགས་ཁྱབ་ཁོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་འབྲེལ་ཡོད་ལས་དོན་གནས་ཚུལ་ལ་དམིགས་ཏེ་གཏམ་བཤད་གནང་བ་རེད། རྣམ་རྒྱལ་དང་། དཔལ་ལྡན་དཔའ་བོ། ངག་དབང་བསྟན་ཆུང་། ངག་དབང་ཆོས་འཛིན། བཀྲ་ཤིས་རྒྱལ་མཚན། ས་ལུང་ཕུན་ལགས་བཅས་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་6གིས་རང་སོ་སོའི་དགོན་སྡེའི་གནས་ཚུལ་དང་ཟུང་འབྲེལ་གྱིས་གཏམ་བཤད་གནང་ཞིང་། ཁོང་རྣམ་པས། ད་རེས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བརྒྱུད་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ལེགས་ཆར་མྱོང་ཚོར་གཏིང་ཟབ་བྱུང་ལུགས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་དང་གུས་བཀུར་ཚད་མེད་ཞུ་ལུགས། ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་དད་སེམས་དང་ཆོད་སེམས་བཅས་མཚོན་པར་གནང་བ་མ་ཟད། དགོན་སྡེ་དོ་དམ་དང་ཞབས་ཞུའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་བསམ་འཆར་དང་གྲོས་འགོ་ཡང་བཏོན་གནང་བ་རེད།

    ཚང་མའི་གཏམ་བཤད་གསན་རྗེས་ཝུའུ་དབྱིང་ཅེས། རིམས་ནད་ཐོན་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གཅིག་གྱུར་བཀོད་འདོམས་དང་མཐུན་སྒྲིལ་སྣེ་ཁྲིད་འོག ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཕན་འབྲས་ཆེན་པོ་ཐོན་ཡོད། དེའི་རིང་། རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་དང་གྲྭ་བཙུན་གྱིས་གནས་ལུགས་གསལ་རྟོགས་དང་སྤྱི་ཡོངས་ལ་ལྟ་རྟོག་གིས་ཐོག་མཐའ་བར་གསུམ་དུ་ཏང་དང་སྲིད་གཞུང་དང་བློ་སེམས་གཅིག་མཐུན་དང་ཁ་ཕྱོགས་གཅིག་མཐུན་གྱི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ནང་ཧུར་ཐག་ཞུགས་ཤིང་། ཏང་དང་སྲིད་གཞུང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་པ་དང་། སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་ཧུར་ཐག་བྱས་པ། མཉམ་དུ་སྔོན་འགོག་དང་ཚོད་འཛིན་བྱེད་པར་འདེགས་སྐྱོར་ཧུར་ཐག་བྱས་པ། ཞལ་འདེབས་འབུལ་བའི་བྱེད་སྒོ་ཧུར་ཐག་སྤེལ་བ། ཁོངས་གཏོགས་དགོན་སྡེའི་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་ཧུར་ཐག་ཁུར་བ་བཅས་བྱས་ནས་ལྗོངས་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་དང་འབུལ་འོས་པའི་ལེགས་སྐྱེས་ཕུལ་ཡོད། དེ་དག་ལས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བོད་དུ་གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བསྟར་བ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་ལ་སེམས་གཏིང་ནས་དགའ་ཞེན་བྱེད་པ་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ལ་སྙིང་དབུས་ནས་བརྩི་སྲུང་ཞུ་བ་ར་སྤྲོད་གང་ལེགས་ཐུབ་ཡོད། དེ་ནི“ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བའི་མཚོན་ཚུལ་གསོན་ཉམས་དོད་པོ་ཞིག་དང་ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་དང་སྐུལ་འདེད་གཏོང་བའི་ཚོད་ལྟ་ནུས་ལྡན་ཞིག་ཡིན། ངས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་ཚང་མས་ཏང་དང་སྲིད་གཞུང་ལ་བསམ་ཤེས་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཆབས་ཅིག ཁྱེད་ཚོ་ཙམ་མ་ཟད། ཁྱེད་ཚོ་བརྒྱུད་ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་དང་རྒྱ་ཆེའི་གྲྭ་བཙུན་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

    ཝུའུ་དབྱིང་ཅེས་མིག་སྔར། རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་མུ་མཐུད་ལེགས་སུ་འགྲོ་བ་དང་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་མགྱོགས་པོ་འགྲོ་བའི་རྣམ་པ་རྒྱུན་ཆད་མེད་པར་བརྟན་དུ་དང་རྒྱ་ཆེར་འགྲོ་བཞིན་ཡོད། རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་འཐུས་མིས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་དེ་བཞིན་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བླང་བྱའི་ཐོག་མཐའ་གཅིག་ཏུ་གཅིག་གྱུར་ཡོང་བ་བྱེད་པ་དང་། འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་རམ་འདེགས་ཧུར་ཐག་བྱེད་པ། ཏཱ་ལའི་རུ་ཚོགས་ལ་འཐབ་རྩོད་བྱེད་ཕྱོགས་སྐོར་གྱི་ཀྲུང་དབྱང་གི་མཛད་ཕྱོགས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ། བློ་རྩ་བརྟན་པོས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་དང་དབྱེ་མཚམས་གསལ་པོར་འབྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་རང་རྟོགས་ངང་སྲུང་སྐྱོང་བྱེད་དགོས། སྣེ་ཁྲིད་དེ“ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོར་ཞུགས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་། བརྟན་ལྷིང་སྲུང་སྐྱོང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས། རིམ་ཁག་འབྲེལ་ཡོད་སྡེ་ཚན་ཁག་གིས་དགོན་སྡེའི་གྲྭ་བཙུན་གྱི་བསམ་འཆར་རྒྱ་ཁྱབ་ཏུ་ཉན་པ་དང་བརྩི་འཇོག་གང་ལེགས་བྱེད་དགོས་ཤིང་། བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་ཉེན་ཁ་ཚོད་འཛིན་ཐུབ་པའི་རྨང་གཞིའི་ཐོག དགོན་སྡེའི་རྒྱུན་གཏན་གྱི་ཆོས་ལུགས་བྱེད་སྒོ་གོ་རིམ་ལྡན་པའི་ངང་སླར་གསོ་བྱེད་པའི་གྲ་སྒྲིག་ལས་དོན་ལ་མཛུབ་ཁྲིད་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཚོགས་འདུའི་དགོངས་དོན་དོན་འཁྱོལ་ཡག་པོ་བྱེད་དགོས་པའི་སྐོར་ལ་བློ་བཟང་རྒྱལ་མཚན་གྱིས། རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་འཐུས་མིས་དགོན་སྡེའི་གྲྭ་བཙུན་ཚོར་སློབ་གསོ་ཁྲིད་སྟོན་བྱས་ཏེ་རང་རྟོགས་ངང་བསམ་བློའི་ཐོག་ནས་གཙོ་འཛིན་ལ་གོང་བཀུར་ཞུ་བ་དང་། ཆབ་སྲིད་ཐོག་ནས་གཙོ་འཛིན་གྱི་རྗེས་སུ་འབྲང་བ། བརྩེ་དུང་ཐོག་ནས་གཙོ་འཛིན་དང་ཉེ་བཅར་བྱེད་པ། བྱ་སྤྱོད་ཐོག་ནས་གཙོ་འཛིན་ལ་སྲུང་སྐྱོང་བྱེད་པ་བཅས་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་རྦད་དེ་བློས་འགེལ་ཆོག་པ་ཡིན་ལུགས་མངོན་པར་བྱེད་དགོས་པ་དང་། དུས་རབས་ཀྱི་རྗེས་སུ་དམ་པོར་སྙེགས་ཏེ་ཆོས་ལུགས་ཀྱི་བསྟན་དོན་ལ་དགོངས་འགྲེལ་བྱས་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་དེ་བས་ལེགས་པའི་སྒོ་ནས་ཁྲིད་སྟོན་བྱེད་དགོས། འདུལ་ཁྲིམས་ནན་སྲུང་དང་སྡོམ་པ་གཙང་ལེན་གྱིས་ཆོས་སྲོལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རྒྱ་ཆེའི་གྲྭ་བཙུན་ཚོར་སློབ་སྦྱོང་གི་མིག་དཔེ་འདོན་དགོས། ཡིན་མིན་ཆེན་པོའི་མདུན་དུ་དར་ཆ་གསལ་སྟོན་དང་གནས་ཚུལ་ཛ་དྲག་གི་མདུན་དུ་རིག་པ་དྭངས་གསལ་ཡོང་བར་བྱས་ནས་ཁ་ཕྲལ་གཏོར་བཤིག་གི་བྱ་སྤྱོད་མཐའ་དག་དང་མདུང་རྩེ་ཁ་སྤྲོད་ཀྱིས་འཐབ་རྩོད་བྱེད་དགོས་ཞེས་བསྟན་གནང་བ་རེད།

    ཆོས་ལུགས་དོ་དམ་ཞབས་ཞུའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུར་དམིགས་ཏེ་ཆེ་དགྲ་ལྷས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་དང་ཀྲུང་དབྱང་དང་དེ་བཞིན་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱེད་དགོས་པ་དང་། སློབ་གསོ་ཁྲིད་སྟོན་དང་ཐུན་མོང་ངོས་འཛིན་གཅིག་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ་ཏཱ་ལའི་རུ་ཚོགས་ལ་ཁ་གཏད་གཅོག་པའི་འཐབ་རྩོད་ཀྱི་ལས་ཀའི་རྨང་གཞི་བརྟན་དུ་གཏོང་དགོས། རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་ལས་དོན་མང་ཙམ་བསྒྲུབས་ཏེ་ཆོས་ལུགས་བཅོས་སྐྱོང་གི་ཕུགས་ཕན་ལམ་སྲོལ་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། ཁྲིམས་བཞིན་དོ་དམ་དང་། དམངས་གཙོའི་དོ་དམ། སྤྱི་ཚོགས་ཅན་གྱི་དོ་དམ་བཅས་ཀྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་དགོན་སྡེ་དོ་དམ་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་དགོས། སེམས་ཁྲལ་གྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ཟབ་ཏུ་བཏང་སྟེ་ཆོས་ལུགས་ཁྱབ་ཁོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས་ཞེས་བླང་བྱ་བཏོན་གནང་བ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001389071801