བོད་ལྗོངས།
བོད་ལྗོངས་ཀྱི་ཁྲལ་དོན་སྡེ་ཚན་གྱིས་བྱ་ཐབས་སྣ་མང་སྤྱད་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་རམ་འདེགས་བྱས་པ།

    རིམས་ནད་ཐོན་ཚུན་ལྗོངས་ཡོངས་ཀྱི་རིམ་ཁག་ཁྲལ་དོན་སྡེ་ཚན་གྱིས་ཁྲལ་བསྡུའི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྔར་བས་དོན་འཁྱོལ་ཡག་པོ་དང་དོན་འཁྱོལ་ཞིབ་ཕྲ་བྱས་ཏེ། ཁེ་ལས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཡོང་བར་སྐུལ་འདེད་བཏང་བ་དང་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པ་རེད།

    གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ཐད། ང་ལྗོངས་ཀྱི་ཁྲལ་དོན་སྡེ་ཚན་གྱིས་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་བཏོན་པའི་ཁག་གསུམ་པའི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི“ཁྲལ་དངུལ་དྲུག་དང་ཟུར་སྣོན་གྲོན་དངུལ་གཉིས”ཀྱི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ཁག་བཅུ་གཉིས་དང་། དུས་མཚམས་རང་བཞིན་གྱི་ཁེ་ལས་ཀྱི་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་རྩ་ཆག་གཏོང་བའི་སྲིད་ཇུས། སྒེར་གཉེར་བཟོ་ཚོང་དུད་ཚང་དང་གཞི་ཁྱོན་ཆུང་བའི་ཁྲལ་འཇལ་བའི་གནས་ཐང་འཕར་ཁྲལ་རྩ་ཆག་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་ལ་དམིགས་ནས། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བྱ་ཐབས་ཁག་བཅུ་འཐུས་སྒོ་ཚང་དུ་བཏང་བ་དང་བྱ་ཐབས་སྣ་མང་སྤྱད་ནས་དྲིལ་བསྒྲགས་གསལ་འགྲེལ་བྱས་པ་དང“གཅིག་གཏད་གཅིག”གི་དྲ་ཐོག་ཟུར་ཁྲིད་བྱས་ནས་ཁྲལ་འཇལ་བ་དང་གྲོན་དངུལ་སྐྱེལ་མཁན་ཚོས་སྔ་ཙམ་ཤེས་པ་དང་། སྔ་ཙམ་རྒྱུས་ལོན། སྔ་ཙམ་ལོངས་སྤྱོད་བཅས་ཐུབ་པའི་བརྩོན་ལེན་བྱས་པ་རེད།

    འདི་ལོའི་ཟླ་2པར་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱིས་དྲ་ཐོག་ཁྲལ་དོན་ཅུས་སོགས་དྲ་བའི་ཐོག་ནས་མ་དངུལ་ལ་དཀའ་ངལ་ཡོད་པའི་ཁེ་ལས་གསུམ་ལ་ཁྲལ་དངུལ་སྐྱེལ་བའི་དུས་ཚོད་ནར་འགྱངས་བྱེད་ཆོག་པའི་ཆོག་འཐུས་ལག་ཁྱེར་སྤྲད་པ་དང་ཁྲལ་དངུལ་སྒོར་ཁྲི་389ནར་འགྱངས་བྱེད་དུ་བཅུག་པས་ཁྲལ་འཇལ་བའི་ཁ་ཚ་དགོས་གཏུགས་ཀྱི་དཀའ་ངལ་སེལ་ཡོད། རིམས་ནད་ཀྱི་ཤུགས་རྐྱེན་ཕོག་ནས་ཡིག་ཐོག་སྙན་ཞུ་འབུལ་བའི་ཆ་རྐྱེན་འཛོམས་མེད་པའི་ཁྲལ་འཇལ་བ་64ལ་སྲིད་འཛིན་ཆོག་འཐུས་ཀྱི་ཡིག་ཐོག་སྙན་ཞུ་འབུལ་རྒྱུ་ནར་འགྱངས་བྱེད་ཆོག་པའི་ཆོག་མཆན་སྤྲད་པ། དུས་ཐོག་ཏུ་ཡིག་ཐོག་སྙན་ཞུ་འབུལ་མ་ཐུབ་པའི་ཁྲལ་འཇལ་བ་505ལ་འགྱངས་ཆད་དངུལ་དང་སྲིད་འཛིན་ཆད་དངུལ་རྩ་ཆག་བཏང་བ། རྒྱུན་གཏན་ལྟར་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་མ་ཐུབ་པའི་ཁྲལ་བསྡུའི་ཚད་འཛིན་ས་ཡན་གྱི་ཁྲལ་འཇལ་བ་236ལས་འགོ་མཚམས་འཇོག་གི་ཐོ་འགོད་བྱས་པ་དང་ཁྲལ་དངུལ་སྒོར་ཁྲི་133རྩ་ཆག་བཏང་སྟེ་ཁྲལ་འཇལ་བའི་སེམས་ཁྲལ་སེལ་རོགས་བྱས་པ། སྤྱི་པའི་འགྲིམ་འགྲུལ་སྐྱེལ་འདྲེན་ཞབས་ཞུ་དང་འཚོ་བའི་ཞབས་ཞུ་དང་མྱུར་སྐྱེལ་བསྡུ་ལེན་ཞབས་ཞུའི་ཁྲལ་འཇལ་བ་77ལ་གནས་ཐང་འཕར་ཁྲལ་སྒོར་ཁྲི་299རྩ་ཆག་བཏང་ནས་ཁྲལ་འཇལ་བ་འཕེལ་རྒྱས་མྱུར་པོ་ཡོང་བར་སྐུལ་འདེད་བཏང་བ་དང་ཁྲལ་འཇལ་བ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཡོང་བར་རམ་འདེགས་བྱས་པ་རེད།

    ལྷ་ས་གྲོང་ཁྱེར་བཅིངས་འགྲོལ་མི་རིགས་ཡུལ་སྐོར་བཟོ་རྩལ་ཐོན་རྫས་ཧྥུའུ་ལི་ཚོང་ཁང་གིས་ཡུལ་སྐོར་དྲན་གསོའི་ཐོན་རྫས་ཚོང་གཉེར་བྱེད་ཀྱི་ཡོད་པ་དང་ཉེ་ཆར་བཏོན་པའི་སྒེར་གཉེར་བཟོ་ཚོང་དུད་ཚང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་གནས་ཐང་འཕར་ཁྲལ་སྲིད་ཇུས་ལས་ཚོང་ཁང་དེར་ཁྲལ་དངུལ་སྒོར་9000རྩ་ཆག་བཏང་བས་ཁྲལ་འཇལ་བ་དེས“སྲིད་ཇུས་དེས་ང་ཚོ་ཁྲལ་འཇལ་བའི་ཁྲལ་བསྡུའི་གནོན་ཤུགས་ཆུང་དུ་ཕྱིན་སོང་ལ་ང་ཚོ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་དང་ཡུལ་སྐོར་ཁྲོམ་ར་སླར་གསོ་ཡོང་བར་སེམས་ཤུགས་ཆེན་པོ་སྐྱེས་བྱུང”ཞེས་དགའ་ཚོར་ངང་བཤད།

    ཟླ་གཉིས་པའི་ཁྲལ་བསྡུའི་དུས་སུ་ལྗོངས་ཡོངས་ཀྱི་དྲ་བའི་ཡིག་ཐོག་སྙན་ཞུ་འབུལ་ཚད་93.8%ཟིན་པ་དང“ཐུག་རེས་མི་དགོས་པའི”ཁྲལ་བསྡུ་བྱེད་པ་དེ་རང་ལྗོངས་ཀྱི་ཁྲལ་འཇལ་བས་ལས་འགོ་གཉེར་བའི་ཐབས་ལམ་གཙོ་བོར་གྱུར་ཡོད། ཟླ་3ཚེས་1ཉིན་འཛིན་ཡིག“དྲ་ཐོག་ནས་ལེན་པ་དང་དྲ་ཕྱིར་སྐྱེལ་བའི”དམངས་ཕན་ཁྲལ་གཉེར་ཞབས་ཞུ་དངོས་སུ་ཁྱབ་གདལ་བཏང་བས་ཁྲལ་འཇལ་བའི་འཛིན་ཤོག་གི་དགོས་མཁོ་ཐག་གཅོད་ནུས་ལྡན་ཐུབ་པ་དང་ཁེ་ལས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཡོང་བར་རམ་འདེགས་བྱས་ཡོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001389109201