བོད་ལྗོངས།
ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་འཚོགས་པ།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ། ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ།

    ཚེས་23ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་འཚོགས་ཏེ། ཟླ་3ཚེས་18ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། 《བདག་ཏུ་མ་བཟུང་བའི་སྲོག་ཆགས་ཉོ་ཚོང་བྱ་རྒྱུ་ཕྱོགས་ཡོངས་ནས་བཀག་འགོག་དང་། བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཤ་གང་བྱུང་དུ་ཟ་བའི་སྲོལ་ངན་འདོར་བ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་དང་བདེ་འཇགས་འགན་ལེན་ཏན་ཏིག་བཅས་བྱ་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》ཀྱི་ལག་བསྟར་བསམ་འཆར་ལག་བསྟར་དང་རང་སྐྱོང་ལྗོངས་ཀྱི་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། གོང་འོག་ཀུན་གྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། རང་ལྗོངས་སུ་ཉིན་50ལྷག་ཙམ་བསྟུད་མར་ནད་གཞི་གཏན་འཁེལ་བའི་ནད་དཔེ་དང་དོགས་ཡོད་ནད་དཔེ་གསར་པ་ཐོན་མེད་པ་དང་། སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡིན་པ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་ཁག་གོ་རིམ་ལྡན་པའི་ངང་སླར་གསོ་ཡོང་བཞིན་ཡོད། ང་ཚོས་སྔར་བས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་། ཟླ་3ཚེས་18ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་བྱེད་པ་དང་། གོ་བ་གཏིང་ཟབ་ལེན་པ། ལག་བསྟར་དོན་འཁྱོལ་ནན་པོ་བྱེད་པ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་ཏན་ཏིག་དང་། དོན་འཁྱོལ་ཞིབ་ཚགས། དོན་འཁྱོལ་གནད་སྨིན་བཅས་བྱེད་པ། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་དུས་བབ་དང་བསྟུན་ཏེ་ལས་དོན་གྱི་ཤུགས་རྒྱག་ས་དང་ཁ་གཏད་གཅོག་ཐབས་ལེགས་སྒྲིག་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་དོན་ཁག་སྤྱི་འདོམས་ཀྱིས་ཡག་པོ་སྒྲུབ་པ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་འགན་ལེན་དང་ལོ་འཁོར་མོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་མངོན་འགྱུར་ཡོང་བའི་འགན་ལེན་བྱེད་དགོས།

    མི་དམངས་མང་ཚོགས་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་གྱིས་མཇུག་བསྡུ་དུས་འགོ་འཛུགས་སྐབས་བཞིན་གཟབ་ནན་དང་། ཡག་ཐོག་ཡག་བརྩེགས། སྔོན་འགོག་ཚོད་འཛིན་གནད་སྨིན་བཅས་བྱེད་པ་དང་། ཞིབ་ཕྲའི་ལས་དོན་སྣ་ཚོགས་ནས་འགོ་བཙུགས་ཏེ་ཕྱི་ནས་མི་འགོ་བ་བྱེད་པའི་ལས་འགན་ཁག་དོན་འཁྱོལ་ཡག་པོ་བྱེད་དགོས། ཚད་མཐོའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ལ་བརྟེན་ནས་དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་། ཚན་རིག་དང་མཐུན་པ་དང་། ལུགས་དང་མཐུན་པ། ཚད་དང་རན་པ། སྤྱོད་གོ་ཆོད་པ་བཅས་ཀྱི་རྩ་དོན་གཞིར་འཛིན་པ། ལས་མི་དང་ཚོང་པ་བོད་དུ་ཕྱིར་ལོག་དང་ལས་འགོ་གང་མགྱོགས་འཛུགས་པར་སྒྲིག་འཛུགས་བྱེད་པ། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་རིང་འཕྲད་པའི་དཀའ་ངལ་དང་གནད་དོན་དུས་ཐོག་ཏུ་མཐུན་སྦྱོར་གྱིས་ཐག་གཅོད་བྱེད་པ། ཞིང་འབྲོག་ལས་དང་། བཟའ་བཏུང་ལས་རིགས། ཡུལ་སྐོར་ལས་རིགས་སོགས་ལས་རིགས་ཁག་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ། ཐབས་བརྒྱ་ཇུས་སྟོང་གིས་ལྗོངས་ནང་ཁུལ་གྱི་འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ནས་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་དགོས་མཁོ་ཟམ་མི་ཆད་པར་སྐོང་དགོས། ཆོས་ལུགས་ཀྱི་ལས་དོན་ཁག་ལ་ཁྲིམས་བཞིན་དོ་དམ་བྱས་ཏེ་ཆོས་ལུགས་ཀྱི་རྒྱུན་གཏན་སྒྲིག་ལམ་སླར་གསོ་བྱེད་པའི་འབྲེལ་ཡོད་ལས་དོན་བརྟན་པོའི་ངང་ཡག་པོ་སྒྲུབ་དགོས། རྐྱེན་མ་བྱུང་གོང་ནས་བཟློག་པ་རྩ་དོན་དུ་བཟུང་ནས་ལས་ཀ་བྱེད་པ་དང་། གནད་དོན་ཚབས་ཆེན་མི་ལྷག་པར་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ། རང་འགན་ཐེག་པ་ཁུར་ལེན་བྱེད་ཕོད་མིན་ཚད་གཞིར་བཟུང་ནས་ལས་བྱེད་པར་ལྟ་སྟངས་འཛིན་པ་བཅས་མཐའ་འཁྱོངས་བྱེད་པ་དང་། ཁོངས་གཏོགས་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ལ་དམ་འཛིན་ནན་པོ་བྱེད་པ་བཅས་ལ་བརྟེན་ནས་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་ཡོང་བར་བྱེད་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། དྲིལ་བསྒྲགས་རྒྱས་བཤད་དང་སློབ་གསོ་ཁྲིད་སྟོན་ལ་ཤུགས་སྣོན། ཁྲིམས་དང་མ་མཐུན་པར་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཉོ་ཚོང་དང་ཟ་བ་ཁྲིམས་བཞིན་གཏན་འགོག་བྱེད་པ་བཅས་ལ་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་འགན་ལེན་ཏན་ཏིག་བྱེད་པ་དང་ལྗོངས་ཡོངས་སུ་ཤེས་དཔལ་ཞི་མཐུན་དང་ལྗང་མདོག་སྐྱོན་བྲལ་གྱི་སྲོལ་གསར་ཆགས་པར་སྐུལ་འདེད་གཏོང་དགོས།

    ཚོགས་འདུའི་ཐོག་སློབ་གསོའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅིས་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་60འཁོར་བར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་དང་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་སློབ་མར་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། གསོ་སྐྱོང་ཇི་ལྟར་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པ་བཅས་ཀྱི་གཞི་རྩའི་གནད་དོན་ཐག་གཅོག་ལ་དམིགས་པ། བོད་ཀྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱེད་པ། ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་པ། དར་ཆ་གསལ་སྟོན་གྱི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་སོགས་ལ་དམིགས་པ། “གང་ལ་ལྟ་སྐུལ་བྱེད་པ”དང“ལྟ་སྐུལ་ཇི་ལྟར་བྱེད་པ”སོགས་ཀྱི་གནད་དོན་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ། མཐོ་སློབ་ཀྱི་སློབ་གསོ་དང་ལྟ་སྐུལ་མཛུབ་ཁྲིད་ཀྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས། དུས་རབས་གསར་པའི་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ཚད་གཞི་ལོན་པའི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས་ཞེས་བསྟན་པ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001389147841