བོད་ལྗོངས།
ཆེ་དགྲ་ལྷས་རང་སྐྱོང་ལྗོངས་ཐོན་ལས་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ།

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཐོན་ལས་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་གཉིས་པ་གཙོ་སྐྱོང་གནང་ནས་འཚོགས་ཏེ། ཆེད་དོན་སྐུལ་འདེད་ཚོགས་ཆུང་ཁག་དང་། འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་། གྲོང་ཁྱེར་དང་ས་ཁུལ་ཁག་བཅས་ཀྱིས་ཚོགས་འདུ་ཐེངས་དང་པོའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཚུལ་གསན་པ་དང་འབྲེལ་འབྲི་གཡག་ཐོན་ལས་འཕེལ་རྒྱས་ཀྱི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་གནང་བ་རེད།

    ཆེ་དགྲ་ལྷས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅིའི“ཐོན་ལས་ཀྱི་རྨང་གཞི་བསྐྱར་སྐྲུན་དང་ཐོན་ལས་འཁོར་སྦྲེལ་རིམ་སྤོར་འདུ་འགོད་ལག་བསྟར་བྱས་ནས་སྲོལ་རྒྱུན་ཐོན་ལས་ཀྱི་ལེགས་ཆ་སྲ་བརྟན་དུ་གཏོང་བ་དང་། ཐོན་ལས་ཀྱི་རྨང་གཞི་རིམ་མཐོ་ཅན་དང་ཐོན་ལས་འཁོར་སྦྲེལ་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་པའི”མཛུབ་སྟོན་གལ་ཆེན་གཞིར་བཟུང་། གནད་དོན་གྱི་སྟོན་ཕྱོགས་དང་། དམིགས་ཚད་ཀྱི་སྟོན་ཕྱོགས། ཕན་འབྲས་ཀྱི་སྟོན་ཕྱོགས་བཅས་རྒྱུན་འཁྱོངས་བྱས་ཏེ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། འགག་ས་གཤོང་བ་དང་། ཆད་ས་མཐུད་པ། རྒྱུ་རྐྱེན་གཙོ་བོ་འགན་ལེན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས་པ་དང་། ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་མཇུག་བསྡུ་བ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་འགོ་རྩོམ་པ། དེ་བཞིན་གྲོང་གསེབ་དར་རྒྱས་གཏོང་བ་དང་། དབུལ་སྒྲོལ་འགག་སྒྲོལ་སྲ་བརྟན་མཐོར་གཏོང་། རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་སོགས་སྦྲེལ་མཐུད་ནུས་ལྡན་བྱེད་པའི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང་། འབྲི་གཡག་གི་ཐོན་ལས་གྲུབ་ཆའི་བཀོད་པ་ཕྱོགས་ཡོངས་ནས་ལེགས་སུ་གཏོང་བ། འབྲི་གཡག་གི་ཐོན་ལས་མ་ལག་དང་། ཐོན་སྐྱེད་མ་ལག ཚོང་གཉེར་མ་ལག་བཅས་གཞི་གཅིག་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། ཤ་དང་འོ་མའི་ལས་སྣོན་བྱེད་ཚད་དང་ཚོང་ཟོག་ཅན་ལ་སྒྱུར་ཚད་མངོན་གསལ་དོད་པོས་མཐོ་རུ་གཏོང་བ། སྲོལ་རྒྱུན་གྱི་ཞིང་འབྲོག་ལས་དེ་དེང་རབས་ཞིང་འབྲོག་ལས་ལ་སྒྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་གཞི་ཁྱོན་ཅན་དང་། ཁྲོམ་ར་ཅན། ཁྱོན་ཡོངས་ཐོན་ལས་ཅན་བཅས་ཀྱི་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱེད་དགོས་པ། ཁྲོམ་ར་དང་སྲིད་གཞུང་གི་ཕྱོགས་གཉིས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། འབྲི་གཡག་ཐོན་ལས་ལ་མ་དངུལ་གཏོང་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། དངུལ་རྩའི་འགན་བཅོལ་ཞབས་ཞུ་གསར་གཏོད་བྱེད་པ། ཐོན་ཁུངས་བསྡུ་སྒྲིལ་ནུས་ལྡན་བྱེད་པ། འཕེལ་རྒྱས་ཀྱི་ཞན་ཆ་སེལ་བ་བཅས་བྱས་ནས་སྤུས་རྟགས་གཅིག་སྡུད་བྱེད་ཚད་དང་ཤུགས་རྐྱེན་བཟོ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་ཐོན་རྫས་ཀྱི་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས་པ། ནས་སོགས་འབྲུ་རིགས་ཀྱི་བདེ་འཇགས་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་གཟན་རྩྭ་བསྐྱར་འདེབས་བྱེད་ཤུགས་དང་གཟན་རྩྭ་རང་ཁ་རང་གསོ་བྱེད་ནུས་ཆེ་རུ་བཏང་ནས་རང་ལྗོངས་ཀྱི་འབྲོག་ལས་ཐོན་ལས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་གཏོང་ཆེད་འགན་ལེན་ནུས་ལྡན་བྱེད་དགོས་པ། ཐོན་ལས་ཀྱི་སྐུལ་ཁྲིད་ནུས་པ་ཆེ་རུ་བཏང་སྟེ། ཞིང་འབྲོག་མང་ཚོགས་ཐག་ཉེ་ས་དང་སྟབས་བདེ་ས་དང་སྒྲུབ་ཐུབ་པ་དང་སྒྲུབ་ཤེས་པ་བྱ་རྒྱུ་དེ་ཐོན་ལས་འཕེལ་རྒྱས་དང་མཉམ་འདྲེས་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་། ཞིང་འབྲོག་པར་ཡོང་འབབ་བརྟན་པོའི་ངང་འཕར་བ་བྱས་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་བཅས་སོ།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001390698501