བོད་ལྗོངས།
སློབ་གསོའི་ཁ་གཏད་བོད་སྐྱོར་ལས་དོན་གྱི་བརྙན་ལམ་ཚོགས་འདུ་འཚོགས་པ།

    དབུལ་སྒྲོལ་འགག་སྒྲོལ་སྐོར་གྱི་ཏང་ཀྲུང་དབྱང་གི་སྤྱིའི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། སློབ་གསོའི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་བླངས་ནས་བོད་ཀྱི་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་ཡོང་བར་རམ་འདེགས་བྱ་ཆེད། ཚེས་12ཉིན་སློབ་གསོའི་ཁ་གཏད་བོད་སྐྱོར་ལས་དོན་གྱི་བརྙན་ལམ་ཚོགས་འདུ་འཚོགས་ཏེ། བོད་ཀྱི་སློབ་གསོའི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གི་ཚད་གཞི་དང་ཡང་ཡང་བསྡུར་ནས་ཉམས་མྱོང་ཕྱོགས་སྡོམ་དང་། དུས་བབ་ལ་དབྱེ་ཞིབ། ལས་དོན་བཀོད་སྒྲིག་བཅས་བྱས་པ་རེད།

    སློབ་གསོ་པུའི་ཏང་ཙུའི་ཧྲུའུ་ཅི་པུའུ་ཀྲང་ཁྲེན་པའོ་ཧྲེང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཚོགས་འདུར་ཕེབས་པ་དང་སྦྲགས་གསུང་བཤད་ཀྱང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཤིས་ཚིག་གསུངས་པ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྤེན་པ་བཀྲ་ཤིས་དང་། ལིའུ་ཅང་། ཁྲེན་ཡུང་ཆི་བཅས་ཚོགས་འདུར་ཕེབས་པ། སློབ་གསོ་པུའི་ཏང་ཙུའི་ཁོངས་མི་པུའུ་ཀྲང་གཞོན་པ་སུན་ཡའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཁྲེན་པའོ་ཧྲེང་གིས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྔར་ནས་ད་བར་བོད་ཀྱི་སློབ་གསོའི་ལས་དོན་ལ་མཐོང་ཆེན་པོ་གནང་བ་དང་། ལོ་བཅུ་ཕྲག་རྒྱུན་འཁྱོངས་ལྷོད་མེད་ངང་འཚོལ་ཞིབ་བྱས་པ་བརྒྱུད། སློབ་གསོའི་བོད་སྐྱོར་ལས་དོན་སྤེལ་རིང་རྩེ་རིམ་ཇུས་འགོད་ཀྱིས་གནས་བབ་མཐོ་པོའི་ཐོག་ནས་སྐུལ་འདེད་གཏོང་བ་དང་། ལེགས་ཆ་འདོན་སྤེལ་གྱིས་ཕྱོགས་མང་གི་རྒྱབ་སྐྱོར་བྱེད་པ། ཕྱིའི་སྟོབས་ཤུགས་ལ་བརྟེན་ནས་ནང་གི་སྟོབས་ཤུགས་ཇེ་ཆེར་གཏོང་བ།

    དུས་བསྟུན་འཕེལ་རྒྱས་ཀྱིས་སྒྱུར་བཅོས་གསར་གཏོད་བྱེད་པ། ཤུགས་སྣོན་རྒྱུན་ཆད་མེད་པར་སྙིང་རུས་གཏན་འཁྱོངས་བྱེད་པ་བཅས་མཐའ་འཁྱོངས་བྱས་པ་ལས་སྤྱོད་གོ་ཆོད་པའི་ལམ་ལུགས་དང་ལམ་སྲོལ་འཛུགས་ཐུབ་པ་བྱུང་བ་དང་། དེ་བོད་ཀྱི་སློབ་གསོའི་ལས་དོན་གྱི་གྲུབ་ཆ་གལ་ཆེན་དུ་གྱུར་ནས་མངོན་གསལ་དོད་པའི་གྲུབ་འབྲས་ཐོབ་མོད། འོན་ཀྱང་རྒྱལ་ཡོངས་ཀྱི་ཆ་སྙོམས་ཀྱི་ཆུ་ཚད་དང་བསྡུར་ན་བོད་ཀྱི་སློབ་གསོར་ད་དུང་ཡང་ཧེ་བག་ངེས་ཅན་ཡོད་པས་ང་ཚོས་བོད་ཀྱི་སློབ་གསོ་དེ་རྒྱལ་ཡོངས་ཀྱི་སློབ་གསོའི་སྤྱི་ཡོངས་ཁྲོད་དང་སློབ་གསོ་དེང་རབས་ཅན་གྱི་སྤྱི་ཡོངས་ཁྲོད་བཞག་སྟེ། མིག་སྔར་སྟངས་འཛིན་དང་། སློབ་གསོ་བོད་སྐྱོར་གྱི་དུས་བབ་དང་ལས་འགན་ལ་ཞིབ་འཇུག་བརྡར་ཤ་ཡང་དག་གཅོད་པ། ལྷག་པའི་དཀའ་ངལ་དང་གནད་དོན་ཐག་གཅོད་ཧུར་ཐག་བྱེད་པ་བཅས་ཀྱི་ཐོག་ནས་སྤྱི་འདོམས་མཐུན་སྦྱོར་དང་ལས་དོན་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཤིག་ཆགས་པར་བྱེད་དགོས།

    ཁྲེན་པའོ་ཧྲེང་གིས་ནན་བཤད་གནང་དོན། སློབ་གསོའི་བོད་སྐྱོར་ལས་དོན་ནི་ཡུན་རིང་གི་ཆབ་སྲིད་ཀྱི་ལས་འགན་ཞིག་ཡིན་པས། འབྱུང་འགྱུར་ལ་ཁ་ཕྱོགས་ནས་དུས་རབས་གསར་པའི་སློབ་གསོའི་བོད་སྐྱོར་ལས་དོན་ལ་འཆར་འགོད་ཆ་ལག་ཚང་བ་ཞིག་བྱེད་པ་དང་། གཏིང་ཟབ་ཏུ་གཏོང་བ་དང་། རྒྱ་སྐྱེད་གཏོང་བ། གསར་གཏོད་བྱེད་པ་བཅས་ཀྱི་ཐད་ཤུགས་སྣོན་རྒྱག་དགོས་ལ། ནང་རྐྱེན་དང་ཕྱི་རྐྱེན་དང་། འབོར་ཚད་དང་སྤུས་ཚད་ཀྱི་འགྱུར་ལྡོག ལེགས་སྒྲུབ་དང་འཐུས་ཚང་། “ཉམས་མྱོང་སྤེལ་བ”དང“ཉམས་མྱོང་ལེན་པ”བཅས་ཀྱི་འབྲེལ་བ་ཆ་འགའ་གཙོ་གནད་ཐོག་ཐག་གཅོད་ཡག་པོ་བྱེད་དགོས། ཁོང་གིས། ཏང་གིས་སློབ་གསོའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་བརྒྱབ་ནས་བོད་ཀྱི་སློབ་གསོའི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་བ་དང་། དགེ་སློབ་ཀྱི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོར་ཤུགས་སྣོན་བརྒྱབ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། བོད་ཡུན་རིང་འཛུགས་སྐྲུན་བྱེད་པར་གཞི་བཙུགས་ནས་སློབ་གསོའི་བོད་སྐྱོར་གྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ནན་ཏན་ངང་འགོད་པ། གནད་སྨིན་རོགས་སྐྱོར་ལས་དོན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་སློབ་གསོའི་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱེད་པ། རོགས་སྐྱོར་བྱ་ཐབས་ལ་སྒྱུར་བཅོས་གཏིང་ཟབ་བཏང་ནས་བོད་ཀྱི་རང་ངོས་འཕེལ་རྒྱས་གཏོང་བའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    ཝུའུ་དབྱིང་ཅེས་བསྟན་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅིས་བོད་ཀྱི་སློབ་གསོའི་བྱ་གཞག་ལ་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས་ང་ཚོས་ལས་དོན་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་གནང་བ་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།

    ཝུའུ་དབྱིང་ཅེས་སློབ་གསོའི་བོད་སྐྱོར་ལས་དོན་དང་བོད་ཀྱི་སློབ་གསོའི་བྱ་གཞག་ལ་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་ཕྱིར་དྲན་གནང་ཞིང་། ཁོང་གིས་སློབ་གསོ་བོད་སྐྱོར་གྱི་གསོན་ཉམས་དོད་པའི་ལག་ལེན་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས། རང་རྒྱལ་གྱི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་བཅས་ཀྱི་མངོན་གསལ་དོད་པའི་ལེགས་ཆ་གང་ལེགས་མངོན་ཡོད། སླད་ཕྱིན་སློབ་གསོ་པུའུ་སོགས་པུའུ་ཨུད་དང་། ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར། མཐོ་སློབ་བཅས་ཀྱིས་སྔར་རྒྱུན་བཞིན་བོད་ཀྱི་སློབ་གསོའི་བྱ་གཞག་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཝུའུ་དབྱིང་ཅེས་བླང་བྱ་བཏོན་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་མ་ཟད། ཏང་གི་སློབ་གསོའི་ལས་དོན་གྱི་མཛད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་བསྟར་བ་དང་སློབ་གསོའི་ལས་དོན་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། ཏང་གིས་སློབ་གསོའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་སྔར་བས་ཤུགས་སྣོན་རྒྱག་པ་དང་། “མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། གསོ་སྐྱོང་ཇི་ལྟར་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པའི”རྩ་བའི་ལས་འགན་འདིར་དམིགས་ནས་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་གཏིང་ཟབ་གཏོང་བ་དང་། མཐོ་སློབ་ཀྱི་རིག་ཚན་དང་ཆེད་ལས་ཀྱི་གྲུབ་ཆ་བཟང་སྒྲིག་གང་མགྱོགས་བྱེད་པ། སློབ་གྲྭའི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། བྱང་ཚད་མཐོ་བའི་དགེ་རྒན་གྱི་དཔུང་ཁག་ཅིག་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་པ། སློབ་གསོའི་བོད་སྐྱོར་གྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཡག་པོ་བྱེད་པར་གཞོགས་འདེགས་ཧུར་ཐག་བྱེད་པ། སློབ་གསོའི་བོད་སྐྱོར་ལས་དོན་ལ་ཕན་འབྲས་གསར་པ་ཐོན་པར་མཉམ་དུ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་ཞུ་ལུགས་མཚོན་པར་བྱེད་དགོས།

    ཆེ་དགྲ་ལྷས་ཤིས་ཚིག་གསུང་སྐབས་སློབ་གསོ་པུའུ་སོགས་རྒྱལ་ཁབ་པུའུ་ཨུད་དང་། ཁ་གཏད་བོད་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར། སློབ་གླིང་དང་སློབ་གྲྭ་བཅས་ཀྱིས་ཡུན་རིང་རྒྱབ་སྐྱོར་ཤུགས་ཆེན་དང་སྒེར་སེམས་མེད་པའི་རོགས་སྐྱོར་བྱས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་། ཁོང་གིས་དུས་རབས་གསར་པར་སླེབས་པས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ད་ཐེངས་ཀྱི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་གོ་སྐབས་སུ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་སློབ་གསོའི་བྱ་གཞག་དེ་སྔོན་ལ་འཕེལ་རྒྱས་གཏོང་བའི་གནས་བབ་ཐོག་བཞག་ནས་ཏང་གིས་སློབ་གསོའི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་སློབ་གསོའི་ཁ་གཏད་བོད་སྐྱོར་ལས་དོན་དེ་གནས་བབ་གལ་ཆེན་ཐོག་བཞག་སྟེ་སློབ་གསོའི་བོད་སྐྱོར་གྱི་སྲིད་ཇུས་འདང་ངེས་དང་ཡག་པོ་སྤྱད་ནས་ཏང་ཀྲུང་དབྱང་གིས་བྱམས་བརྩེའི་ཐུགས་ཁུར་གནང་བར་དྲིན་ལན་ཏན་ཏིག་འཇལ་དགོས་པ་དང་སློབ་གསོ་པུའུ་སོགས་རྒྱལ་ཁབ་པུའུ་ཨུད་དང་ཁ་གཏད་བོད་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་གྱིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་དྲིན་ལན་འཇལ་དགོས་ཞེས་གསུངས་པ་རེད།

    ད་ཐེངས་ཀྱི་ཚོགས་འདུའི་ཚོགས་ར་གཙོ་བོ་སློབ་གསོ་པུའུ་རུ་བཙུགས་པ་དང་རང་སྐྱོང་ལྗོངས་དང་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་17དང་དེ་བཞིན་འབྲེལ་ཡོད་པུའི་ཁོངས་གཏོགས་མཐོ་སློབ་ཏུ་ཡན་ལག་ཚོགས་ར་བཙུགས་པ་རེད། ཝུའུ་ཧན་སློབ་ཆེན་དང་། རང་སྐྱོང་ལྗོངས་སློབ་གསོ་ཐིང་། ཧྲང་ཧའེ་གྲོང་ཁྱེར་སློབ་གསོ་ཨུ་ལྷན། སློབ་གསོ་པུའུ་མི་རིགས་སི། ཀྲེ་ཅང་ཞིང་ཆེན་སློབ་གསོ་ཐིང་། ཧུའུ་ནན་ཞིང་ཆེན་སློབ་གསོ་ཐིང་། ཀོང་ཏུང་ཞིང་ཆེན་སློབ་གསོ་ཐིང་། ལྷོ་ནུབ་འགྲིམ་འགྲུལ་སློབ་ཆེན་བཅས་ཀྱིས་བརྙན་ཐུང་ཐོག་སྤེལ་རེས་བྱས་པ་དང་། པེ་ཅིང་སློབ་ཆེན་དང་། ཅང་སུའུ་ཞིང་ཆེན་སློབ་གསོ་ཐིང་། ཀྲུང་གོ་སློབ་གསོ་དཔེ་སྐྲུན་སྨྱན་སྦྱོར་ཚོགས་པ་བཅས་ཀྱིས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་རེས་བྱས་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001391406151