བོད་ལྗོངས།
བློ་བཟང་རྒྱལ་མཚན་གྱིས་གཞིས་རྩེར་བརྟག་ཞིབ་གནང་བ།

    ཟླ་6ཚེས་12ནས་15ཉིན་བར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན། ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་གཞིས་རྩེ་གྲོང་ཁྱེར་གྱི་རྣམ་གླིང་རྫོང་དང་། གྲོ་མོ་རྫོང་། རྒྱལ་རྩེ་རྫོང་བཅས་སུ་ཕེབས་ནས། དབུལ་སྒྲོལ་འགག་སྒྲོལ་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་དང་། “ཞིང་གསུམ”ལས་དོན། མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན། མི་རིགས་མཐུན་སྒྲིལ་སོགས་ཀྱི་ལས་དོན་སྐུལ་སྤེལ་བཏང་ཚུལ་ལ་ཆེད་དོན་བརྟག་ཞིབ་གནང་བ་རེད།

    བརྟག་ཞིབ་གནང་རིང་། བློ་བཟང་རྒྱལ་མཚན་གྲོ་མོ་རྫོང་གི་དུད་སྣ་ཤང་དགའ་སྐྱིད་གམ་པའི་ལུག་གསོ་ཚགས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དང་། དུད་སྣ་ཤང་རྒུར་རུ་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ། གྲོ་མོ་སྟོད་ཤང་སྣོད་བཅུད་ཐོན་ལས་གླིང་། གྲོ་མོ་སྟོད་ཤང“སྒང་གསུམ”གྲོང་གསར། གྲོ་མོ་སྨད་ཤང་བྱེ་མ་གྲོང་ཚོ། ཤར་གསིང་མ་གྲོང་རྡལ་ཆུ་འབི་གྲོང་ཚོའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ། དུང་དཀར་དགོན་བཅས་དང་། རྣམ་གླིང་རྫོང་གི་མུའུ་ཁྲིའི་སྣོད་བཅུད་ཞོག་ཁོག་འདེབས་འཛུགས་རྟེན་གཞི་དང་། རྣམ་གླིང་རྫོང་འཕྲེང་འགོ་གྲོང་ཚོའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་སོགས་ལ་སྔ་རྗེས་སུ་ཕེབས་ནས། འབྲོག་ལས་ཐོན་ལས་འཕེལ་རྒྱས་གནས་ཚུལ་དང་མཉམ་ལས་ཁང་གཉེར་སྐྱོང་གནས་ཚུལ་མཁྱེན་རྟོགས་གནང་བ་མ་ཟད། ད་དུང་མང་ཚོགས་ཀྱི་ཁྱིམ་དུ་ཕེབས་ནས་ཁོང་ཚོར་ཕྱུག་འགྱུར་ཐབས་ལམ་དང་བདེ་སྐྱིད་ལམ་བུ་ཇུས་འགོད་བྱེད་རོགས་ཀྱང་གནང་བ་རེད།

    “ཁྱེད་ཚོར་ལོ་རེར་ཡོང་འབབ་ག་ཚོད་འདུག་གམ། མཉམ་ལས་ཁང་དུ་ཞུགས་འདོད་ཡོད་དམ”ཞེས་གྲོ་མོ་རྫོང་རྒུར་རུ་གྲོང་ཚོའི་དུད་ཚང་དབུལ་པོ་ཕུན་ཚོགས་རྒོད་སྐྱེས་ཀྱི་ཁྱིམ་དུ། བློ་བཟང་རྒྱལ་མཚན་གྱིས་ཁོང་དང་ཅི་འཕྲོས་མོལ་འཕྲོས་གནང་། མཉམ་ལས་ཁང་དུ་ཞུགས་རྗེས་ཕུན་ཚོགས་རྒོད་སྐྱེས་ཁྱིམ་ལ་ན་ནིང་ཁོ་ནར་ཡོང་འབབ་སྒོར་ཁྲི་10རག་པ་མཁྱེན་འཕྲལ་བློ་བཟང་རྒྱལ་མཚན་དགྱེས་ཚོར་ཆེན་པོ་བྱུང་ནས་ཁོང་ཚོར་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་འཚོ་བ་ལེགས་སུ་གཏོང་དགོས་པའི་སྐུལ་ལྕག་ཀྱང་གནང་བ་རེད།

    གྲོ་མོ་རྫོང་གི་གྲོང་མི་བདེ་ཆེན་མཚོ་མོའི་ཁྱོ་ག་ནི་ཕ་ཡུལ་ཧུའུ་པེ་ནས་ཡིན་པའི་དམག་མི་ཞིག་ཡིན་ལ། བདེ་ཆེན་མཚོ་མོ་རང་ཉིད་ཀྱིས་ཀྱང་མཐའ་སྲུང་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཧུར་ཐག་བྱེད་ཀྱི་ཡོད་པར་བློ་བཟང་རྒྱལ་མཚན་གྱིས་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་གྲོ་མོ་རྫོང་ལ་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཐོག《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱ་རྒྱུའི་སྲོལ་ཡིག》སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་ཡག་པོ་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་དང་མཐའ་མཚམས་མཐའ་སྲུང་འཛུགས་སྐྲུན་དང་ཟུང་འབྲེལ་བྱས་ཏེ། མི་རིགས་ཁག་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། སྒྲིག་སྲོལ་དང་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ཐོག་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱས་ནས། མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་སྒོ་རྒྱ་ཁྱབ་སྤེལ་ཏེ། གྲོ་མོ་རྫོང་གི་མི་རིགས་མཐུན་སྒྲིལ་དཔེ་བཟང་རྫོང་འཛུགས་གཏོད་ལས་དོན་ཀུན་གྱི་མདུན་གྲལ་དུ་བསླེབ་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    གཞིས་རྩེ་གྲོང་ཁྱེར་དུ་འཚོགས་པའི་དབུལ་སྒྲོལ་འགག་སྒྲོལ་དང“ཞིང་གསུམ”ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་ཐོག བློ་བཟང་རྒྱལ་མཚན་གྱིས་དམིགས་ཚད་ལས་འགན་དང“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”ལ་དམ་པོར་དམིགས་ནས་རིམ་པ་བཞིན་ལྟ་བསྡུར་ཞིབ་བཤེར་བྱས་ཏེ། གཞིས་རྩེ་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་ལ་ཞིབ་བཤེར་ཐེག་ཐུབ་པར་བྱེད་དགོས། ལས་ཞུགས་བརྟན་གཏོང་དང་དམངས་འཚོ་འགན་ལེན་བྱས་ནས་སློབ་ཆེན་སློབ་མ་དང་། ཞིང་འབྲོག་པའི་ངལ་ནུས་གཞན་སྒྱུར། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་བཅས་ལ་ལས་ཞུགས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཐོན་ལས་འཕེལ་རྒྱས་སྔར་བས་སྟོབས་ཆེར་བཏང་ཐོག ཞིང་འབྲོག་ལས་ཐོན་ལས་ཅན་དང་། སྤུས་རྟགས་ཅན། གཞི་ཁྱོན་ཅན་བཅས་སུ་འགྱུར་རྒྱུར་སྐུལ་འདེད་བཏང་ནས་ཐོན་ནུས་དང་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་གཏོང་དགོས། ཁེ་ཕན་སྦྲེལ་མཐུད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཞིང་འབྲོག་པའི་ཡོང་འབབ་མང་དུ་ནུས་ལྡན་གཏོང་དགོས། མང་ཚོགས་ཀྱི་འདོད་བློར་བརྩི་འཇོག་བྱས་ཐོག ས་ཞིང་ནང་བཤུག་གཏོང་བའི་ལས་དོན་ཁྲིམས་བཞིན་སྤེལ་ཏེ་བྱ་བ་བཟང་པོ་ཡག་པོ་བསྒྲུབས་ནས་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་རྒྱུའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    བརྟག་ཞིབ་གནང་རིང་། བློ་བཟང་རྒྱལ་མཚན་གྱིས་དུང་དཀར་དགོན་དུ་བཅའ་སྡོད་ལས་དོན་མི་སྣ་དང་དགོན་པའི་དགེ་འདུན་པ་ཚོར་གཟིགས་པ་དང་འབྲེལ་འཚམས་འདྲི་ཡང་གནང་བ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001391482551