བོད་ལྗོངས།
བོད་རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ལྷ་སར་འཚོགས་པ།

    ཚེས་22ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ལྷ་སར་འཚོགས་པ་དང་། ཚོགས་འདུའི་ཐོག་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུའུ་ཞི་དབང་དབྱང་གི་གསུང་བཤད། དེ་བཞིན་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་། འབྲེལ་ཡོད་དོན་ཚན་ལ་ཞིབ་འཇུག་བཅས་བྱས་པ་དང་སྦྲགས། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྤེན་པ་བཀྲ་ཤིས་དང་། ཧོ་ཝུན་ཧའོ། ཁྲེན་ཡུང་ཆི་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

    ཝུའུ་དབྱིང་ཅེས་ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཐོབ་པའི་གྲུབ་འབྲས་མངོན་གསལ་དོད་པོར་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་རང་རེའི་ཏང་གིས་སྔར་ནས་བཟུང་འཐབ་ཕྱོགས་གཅིག་གྱུར་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་འཐབ་ཕྱོགས་གཅིག་གྱུར་དེ་ཉིད་རྒྱལ་སྲིད་སྐྱོང་ལུགས་ཀྱི་གནས་བབ་གལ་ཆེན་ཐོག་བཞག་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་ལས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་གྲུབ་པ་དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་འཕེལ་རྒྱས་གཏོང་རྒྱུར་མཛུབ་ཁྲིད་དང་སྐུལ་འདེད་གཏོང་བའི་རྩ་བའི་བསམ་བློའི་མཚོན་ཆ་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡིན།

    རིམ་པ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་དགོངས་པ་གལ་ཆེན་སློབ་སྦྱོང་ནན་ཏན་དང་གོ་བ་ཡག་པོ་བླངས་ཐོག་ཀྲུའུ་ཞི་དབང་དབྱང་གི་གསུང་བཤད་ཀྱི་བླང་བྱ་ལྟར། སློབ་སྦྱོང་དང་ལག་ལེན་ཟུང་དུ་འབྲེལ་བ་དང་། ཤེས་བྱ་དང་ཉམས་ལེན་གཅིག་གྱུར་བྱེད་པ། རྨང་གཞི་བརྟན་དུ་གཏོང་བ་དང་། ཕུགས་ལ་དམིགས་པ། ཉེན་ཁ་འགོག་པ་བཅས་ཀྱི་ཐད་དངོས་གནས་ཤུགས་རྒྱག་པ། ཐུན་མོང་གི་ངོས་འཛིན་ཟབ་ཏུ་གཏོང་བ། མི་སེམས་གཅིག་ཏུ་སྒྲིལ་བ། མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་བྱ་ཐབས་དངོས་བཏོན་ནས་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་ཆེད་སེམས་ནུས་གཅིག་ཏུ་སྒྲིལ་དགོས་པ་བསྟན་པ་སྟེ།

    གཅིག་ནས་དྲིལ་བསྒྲགས་གཏིང་ཟབ་དང་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་བྱས་ཏེ་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བའི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་འཆར་གཞིའི་ནང་བཅུག་ཐོག་འཐབ་ཕྱོགས་གཅིག་གྱུར་གྱི་རྒྱ་ཆེའི་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་ལེན་པ་དང་སྦྱངས་པ་གོ་ཆོད་ཡོང་བ་བྱེད་དགོས། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་དང་། མཐུན་པ་གཅིག་སྡུད་དང་མི་མཐུན་པ་སེལ་རྒྱུའི་ལས་ཀ་ཧུར་ཐག་བསྒྲུབས་ནས་འཐབ་ཕྱོགས་གཅིག་གྱུར་གྱི་ཁྱབ་ཁོངས་ཁག་ཏུ་ཐབས་འདོན་ཇུས་འབུལ་དང་། གསར་གཏོད་ལས་གཏོད། རིག་ནུས་ནང་འདྲེན་དང་མ་དངུལ་ནང་འདྲེན་སོགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པར་ཁྲིད་སྟོན་དང་སྐུལ་འདེད་བཏང་སྟེ་ཏང་ཨུད་ཀྱི་ཐབས་ཇུས་གལ་ཆེན་ལག་བསྟར་བྱེད་པར་ནུས་ཤུགས་ཡོད་རྒུས་རམ་འདེགས་བྱེད་པ་དང་ཐོག་མཐའ་བར་གསུམ་དུ་རང་རེའི་ཏང་དང་གཅིག་སེམས་གཅིག་འབྲེལ་བྱས་ནས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པའི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས།

    གཉིས་ནས་ཉམས་མྱོང་ཕྱོགས་སྡོམ་དང་ཞན་ཆ་བསལ་ནས་ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་འགོག་ཟོན་དང་སེལ་གང་ཐུབ་བྱེད་དགོས། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལ་ཡང་ཡང་བསྡུར་ནས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཁག་ལ་ཞིབ་ལྟ་ནན་ཏན་བྱས་ཏེ་སྔར་བས་ཉམས་མྱོང་ཕྱོགས་སྡོམ་དང་ལམ་སྲོལ་ཆགས་པར་བྱས་ནས་སྐྱོན་ཆ་འཚོལ་བ་དང་ཞན་ཆ་སེལ་དགོས། མཐའ་ཚད་ཀྱི་བསམ་བློ་དང་ཉེན་ཟོན་གྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་བཏང་ཐོག་མ་བྱུང་སྔོན་འགོག་བྱ་རྒྱུ་རྩ་དོན་དུ་བཟུང་ནས་ལས་ཀ་བྱེད་པ་དང་། གནད་དོན་ཆེན་པོ་མ་ཐོན་སྔོན་འགོག་བྱས་ནས་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ། འགན་འཁྲི་འཁུར་ཕོད་པ་དང་འགན་འཁྲི་དོན་འཁྱོལ་བྱ་རྒྱུ་ཚད་གཞིར་བཟུང་ནས་ལས་བྱེད་པར་ལྟ་སྟངས་འཛིན་པ་བཅས་བྱས་ཐོག་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་ནན་ཏན་བྱས་ནས། མ་ལག་རང་བཞིན་དང་ས་ཁོངས་རང་བཞིན་གྱི་ཉེན་ཁ་མི་ཐོན་པའི་མཐའ་ཚད་མཐའ་གཅིག་ཏུ་སྲུང་དགོས།

    གསུམ་ནས་དམ་འཛིན་བྱ་གཞི་ཡག་པོ་འཚོལ་བ་དང་ལས་སྟེགས་ཡག་པོ་སྤྱད་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་དེ་རྨང་གཞིའི་བྱ་གཞག་ཅིག་ཏུ་བརྩིས་ནས་དམ་འཛིན་ཡག་པོ་བྱེད་པ་དང་། 《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག》དྲིལ་བསྒྲགས་ལག་བསྟར་གཏིང་ཟབ་བྱེད་པ། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ་བཅས་བྱས་ནས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་ཧུར་ཐག་འཛུགས་དགོས། ཀྲུང་ཧྭ་མི་རིགས་ཀྱི་གཟུགས་བརྙན་གཏོད་པའི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་བརྟན་དུ་བཏང་སྟེ་ཀྲུང་ཧྭའི་རིག་གནས་ནི་ཐོག་མཐའ་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་བརྩེ་དུང་གི་བརྟེན་ས་དང་། སེམས་ཆགས་ས། བསམ་པའི་ཁྱིམ་གཞིས་བཅས་སུ་འགྱུར་བར་བྱེད་དགོས་པ་མ་ཟད། བོད་ཀྱི་མི་རིགས་ཁག་གི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་བསམ་བློ་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་སུ་གཏིང་ཟབ་ཟུག་པར་བྱེད་དགོས།

    བཞི་ནས་རྩ་དོན་མཐའ་འཁྱོངས་དང་ཁྲིམས་ལྟར་དོ་དམ་བྱས་ཏེ་ཆོས་ལུགས་ཁྱབ་ཁོངས་ཀྱི་བཅོས་སྐྱོང་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས། ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། “ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་དང་ལག་ལེན་བྱེད་སྒོ་མུ་མཐུད་གཏིང་ཟབ་ཏུ་སྤེལ་བ། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། “ལྟོ་གོས་ཀྱི་གནད་དོན་ཐག་གཅོད་བྱེད་པ་དང་བསམ་བློའི་གནད་དོན་ཐག་གཅོད་བྱེད་པའི”དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ་དར་ཆ་གསལ་སྟོན་གྱིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཆོས་ལུགས་སྤྱད་དེ་བཟོས་པའི་ཤུགས་རྐྱེན་ངན་པ་མེད་པར་བཟོ་བ་དང་། དད་ལྡན་མང་ཚོགས་ཀྱིས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ། ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་གཏོང་བ། ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་རྒྱུ་བཅས་ཀྱི་སློབ་གསོ་ཁྲིད་སྟོན་བྱེད་དགོས།

    ལྔ་ནས་སྟོན་ཕྱོགས་འཛུགས་པ་དང་མི་སེམས་གཅིག་སྒྲིལ་གྱིས་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས། རྒྱལ་གཅེས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་ཏང་ཕྱིའི་ཤེས་ཡོན་ཅན་དང་སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣ་དང་འབྲེལ་གཏུག་བྱེད་ལམ་ཤར་བགྲོད་ཐུབ་པ་བྱས་ཏེ་ཕྱོགས་གང་ཅིའི་ཐད་ཀྱི་མི་སྣ་ཏང་དང་སྲིད་གཞུང་གི་མཐའ་སྐོར་དུ་མཐུན་སྒྲིལ་གོང་བུ་གཅིག་སྒྲིལ་གྱིས་མི་སེམས་གཅིག་ཏུ་སྒྲིལ་གང་ཐུབ་བྱེད་དགོས། དུས་ཡུན་རིང་པོའི་ནང་རང་རེའི་ཏང་དང་གཅིག་སེམས་གཅིག་གཏད་དང་བློ་སེམས་གཅིག་མཐུན་བྱེད་མཁན་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་མི་སྣ་དང་དེའི་རྗེས་རབས་པ་རྣམས་དང་། བོད་ཞི་བས་བཅིངས་འགྲོལ་དང་དམངས་གཙོའི་བཅོས་སྒྱུར་སོགས་ལོ་རྒྱུས་ཀྱི་དོན་ཆེན་ཁྲོད་ང་ཚོར་སྒེར་སེམས་མེད་པའི་རོགས་སྐྱོར་དང་ནུས་ཤུགས་ཡོད་རྒུས་རོགས་རམ་བྱེད་མཁན་མང་ཚོགས། དེ་བཞིན་རང་སྲོག་བློས་གཏོང་མཁན་མང་ཚོགས་ཀྱི་རྗེས་རབས་པ་ཚོ་ལྟ་རྟོག་བྱེད་ཁོངས་སུ་འཇུག་པ་དང་། ཁོང་ཚོར་ཆེད་དོན་ཡིག་ཚགས་བཟོ་བ། ཁོང་ཚོ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་སྟོན་ཕྱོགས་སྔར་བས་འཛུགས་དགོས། དུས་རབས་གསར་པའི་དམངས་གཉེར་དཔལ་འབྱོར་གྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གཏིང་ཟབ་ཏུ་བཏང་ནས་སྲིད་ཚོང་གི་འབྲེལ་བ་གསར་པ་འཛུགས་པར་ཤུགས་སྣོན་རྒྱག་པ་དང་། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་ཡག་པོ་བྱེད་པ། དམངས་གཉེར་དཔལ་འབྱོར་མི་སྣའི་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་དང་། དབུལ་སྒྲོལ་འགག་སྒྲོལ། ལས་ཞུགས་བརྟན་པོ་བཅས་ཀྱི་ཁྲོད་ཁོང་ཚོའི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་དགོས།

    དྲུག་ནས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་འགན་འཁྲི་དོན་འཁྱོལ་བྱས་ནས་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས། རིམ་ཁག་ཏང་ཨུད་ཀྱིས་ཏང་གིས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། བསམ་ཕྱོགས་དང་འདུ་ཤེས་སྔར་བས་བསྒྱུར་ནས་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་ལས་དོན་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས། འབྲེལ་ཡོད་སྡེ་ཚན་ཁག་གིས་རང་འགན་གཙང་སྒྲུབ་དང་འཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བྱས་ནས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱས་ཏེ་ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་བྱེད་པའི་འཐབ་ཕྱོགས་གཅིག་གྱུར་ཆེ་མོའི་ལས་ཀའི་རྣམ་པ་ཞིག་ཧུར་ཐག་གཏོད་དགོས། ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་དང་། ལས་སྒོའི་ཐད་ཉམས་སད་ཐེག་ཐུབ་པ། སྤྱོད་ཚུལ་ཐད་ཉམས་སད་ཐེག་ཐུབ་པ་བཅས་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་འཐབ་ཕྱོགས་གཅིག་གྱུར་གྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་བྱེད་པའི་དཔུང་ཁག་ཅིག་ཧུར་ཐག་གཏོད་དགོས། དྲིལ་བསྒྲགས་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་ཡོངས་སུ་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་མི་ཚང་མས་སེམས་ཁུར་དང་། ཞུགས་པ། རྒྱབ་སྐྱོར་བཅས་བྱེད་པའི་རྣམ་པ་ཟབ་མོ་ཞིག་གཏོད་དགོས་པ་བཅས་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001391630321