བོད་ལྗོངས།
ཝུའུ་དབྱིང་ཅེས་མལ་གྲོ་གུང་དཀར་རྫོང་དུ་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་འགྲིལ་ལ་དམ་པོར་དམིགས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

    འདི་ནི་ཝུའུ་དབྱིང་ཅེས་རུ་ཐོག་ཤང་རྫེམས་གྲོང་ཚོར་མང་ཚོགས་དང་ཅི་འཕྲོས་མོལ་འཕྲོས་གནང་བཞིན་པ།

    འབྱོར་འབྲིང་ལ་སླེབས་མིན་གཙོ་བོ་ཡུལ་མིར་ལྟ་དགོས། ཞིང་འབྲོག་ཁུལ་གྱི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་གང་འདྲ་ཡོད་དམ། ད་དུང་ཡང་ཐག་གཅོད་བྱེད་དགོས་པའི་དཀའ་ངལ་དང་གནད་དོན་གང་དག་ཡོད་དམ། ཚེས་16ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཐུགས་ཁྲལ་དེ་ལྟར་གནང་བཞིན་དུ་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དུ་ཕེབས་ནས་གཞི་རིམ་གྱི་མང་ཚོགས་དང་ཅི་འཕྲོས་མོལ་འཕྲོས་གནང་ཞིང་། གྲོང་གསེབ་དར་རྒྱས་དང་། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་། གྲོང་ཚོ་དང་དུད་ཚང་ཚང་མར་ལྗོན་ཤིང་ཡོད་པའི་གྲུབ་འབྲས་བརྟན་གཏོང་སོགས་ལས་དོན་ལ་ཆེད་དོན་བརྟག་ཞིབ་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་ལྷན་དུ་ཕེབས་པ་རེད།

    ཝུའུ་དབྱིང་ཅེས་དང་ཐོག་རུ་ཐོག་རྫོང་རྫེམས་གྲོང་ཚོར་ཕེབས་ཏེ་འགྲེམས་པང་ལ་གཟིགས་པ་དང་སྙན་སེང་གསན་ནས“མཛེས་སྡུག་ལྡན་པའི་གྲོང་གསེབ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”འཛུགས་སྐྲུན་འཆར་འགོད་ཀྱི་གྲོང་ཚོ་ཧྲིལ་པོ་སྐུལ་གཏོང་ཚོད་ལྟའི་ལས་དོན་གྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། རྣམ་གྲངས་དེའི་ནང་ཞིང་འབྲོག་པའི་སྡོད་ཁང་ལེགས་གཏོང་ལས་གྲྭ་དང་། ཁོར་ཡུག་ལེགས་གཏོང་ལས་གྲྭ སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་གྲྭ་སོགས་ཚུད་པ་དང་། ཚོད་ལྟ་བྱ་ཡུལ་དེ་སྒྲིག་བཀོད་འཐུས་སྒོ་ཚང་བ་དང་། བདེ་སྡོད་ལས་བརྩོན། སྣོད་བཅུད་ལེགས་པ། ཁོར་ཡུག་མཛེས་པ། ཡིད་དབང་འཕྲོག་ཤུགས་ཆེ་བ་བཅས་ཀྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཅིག་ཏུ་བསྐྲུན་རྒྱུ་ཡིན་པ་མཁྱེན་སྐབས་ཝུའུ་དབྱིང་ཅེས། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་བ་ནི་རང་ལྗོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་ཕྱོགས་ཡོངས་ནས་བསྐྲུན་པ་བཅས་ཀྱི་ལས་འགན་གལ་ཆེན་ཞིག་དང་ཞིང་འབྲོག་པའི་སྡོད་ཁང་ལེགས་སུ་གཏོང་བའི་ལས་དོན་ནི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཀྱི་ལྷུ་ཚིགས་གལ་ཆེན་ཞིག་བཅས་ཡིན་པས། རྣམ་གྲངས་གལ་ཆེན་དང་དམངས་འཚོའི་རྣམ་གྲངས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་སྤོང་བ། སྤྱོད་རྒྱུ་འདང་ངེས་དང་། སྤྱོད་གོ་ཆོད་པ། སྤྱོད་ཤེད་ཆེ་བ་བཅས་མཐའ་འཁྱོངས་བྱེད་པ། གཅིག་གྱུར་ཇུས་འགོད་འཆར་འགོད་དང་། མང་ཚོགས་ཀྱི་འདོད་འདུན་ལ་བརྩི་འཇོག མི་རིགས་ཀྱི་ཁྱད་ཆོས་མངོན་པ། མང་ཚོགས་ཀྱི་འཚོ་བར་སྟབས་བདེ་སྐྲུན་པ། སྟོབས་ཤུགས་དང་མ་དངུལ་བསྡུ་སྒྲིལ་གྱིས་བྱ་བ་དངོས་རེ་རེ་བཞིན་སྒྲུབ་ཐུབ་པ་དང་ཡག་པོ་སྒྲུབ་པ་བཅས་བྱས་ནས་རྒྱ་ཆེའི་མང་ཚོགས་ལ་མིག་མཐོང་ལག་ཟིན་གྱི་ཕན་པ་དངོས་ཐོབ་པར་བྱེད་དགོས་ཞེས་གསུངས་པ་རེད།

    “ཁྱིམ་དུ་ནང་མི་ག་ཚོད་ཡོད་དམ” “ལོར་ཕྱུགས་ཟོག་ཇི་ཙམ་བཤས་གཏོང་གི་ཡོད་དམ”“ལོར་མར་རྒྱ་མ་ག་ཚོད་ཐོན་གྱི་འདུག་གམ” “ད་ཆའི་བདེ་སྐྱིད་འཚོ་བ་སུས་གནང་བ་ཡིན་མིན་ཤེས་ཀྱི་ཡོད་དམ”ཞེས་བརྒྱབ་ཚར་ལ་ཉེ་བའི་སྡོད་ཁང་གསར་པའི་མདུན་དུ་ཝུའུ་དབྱིང་ཅེས་གྲོང་མི་བསོད་ནམས་དང་སྤེན་པ་འཕྲིན་ལས་སོགས་དང་ཅི་འཕྲོས་མོལ་འཕྲོས་གནང་སྟེ། ཁོང་ཚོར་འཚོ་བའི་དགོས་མཁོ་དང་། ནོར་ལུག་གསོ་ཚགས་ཀྱི་མ་གནས། བཤས་གཏོང་བའི་ཕན་འབྲས་བཅས་དབྱེ་ཞིབ་གནང་རོགས་དང་། ཁོང་ཚོའི་ཉེ་འགྲམ་དུ་བྱུང་བའི་འགྱུར་ལྡོག་ཐོག་ནས་ཁོང་ཚོར“ཕན་པ་གང་ནས་བྱུང་བ་དང་ཕན་པ་སུ་ལ་འདོགས་པ”གསལ་འགྲེལ་གནང་ཞིང་། ཁོང་གིས་རྒྱ་ཆེའི་ཞིང་འབྲོག་པ་ཚོས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་ནས་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་དང་། ཕྱུགས་ཟོག་བཤས་གཏོང་ཚད་མང་དུ་དང་ཚོང་འགྱུར་བྱེད་ཚད་མཐོ་རུ་བཏང་ནས་དངུལ་སྨར་གྱི་ཡོང་འབབ་སྔར་བས་མང་དུ་གཏོང་བ། སྲོལ་རྒྱུན་གྱི་འཚོ་བ་དང་བཟའ་བཏུངས་ཀྱི་གོམས་གཤིས་རིམ་བཞིན་ལེགས་སུ་བཏང་ནས་བདེ་ཐང་ཡ་རབས་ངང་འཚོ་བ་སྐྱེལ་བ་བཅས་བྱ་རྒྱུའི་ཐུགས་རེ་གནང་བ་རེད། སྤེན་པ་འཕྲིན་ལས་ཀྱི་ལག་གཡོན་མ་རྨས་ནས་ལོ་ལྟར་ན་ཟུག་གཏོང་བ་མཁྱེན་སྐབས་ཝུའུ་དབྱིང་ཅེས་འཕྲལ་མར་འབྲེལ་ཡོད་སྡེ་ཚན་ལ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་དང་འབྲེལ་གཏུག་བྱས་ཏེ་ཁོང་ལ་གང་མགྱོགས་སྨན་བཅོས་བྱས་ནས་སེམས་སྡུག་སེལ་དགོས་པའི་བླང་བྱ་བཏོན་གནང་བ་རེད། ཝུའུ་དབྱིང་ཅེས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་མང་ཚོགས་གཉེན་ཉེར་བརྩི་བ་དང་མང་ཚོགས་ཀྱི་བྱ་བ་རང་ཁྱིམ་གྱི་བྱ་བར་བརྩིས་ནས་བསྒྲུབས་ཏེ། མང་ཚོགས་ཀྱི་འཕྲལ་མཁོ་ཆེ་ཤོས་དང་སེམས་ཁྲལ་དང་རེ་སྒུག་ཆེ་ཤོས་བྱེད་པའི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས་མང་ཚོགས་ལ་ཏང་གི་ཐུགས་ཁུར་ཏན་ཏིག་ཚོར་བར་བྱས་ཏེ་སྟོབས་ཤུགས་སྔར་བས་གཅིག་སྒྲིལ་བྱེད་དགོས་ཞེས་གསུངས་པ་རེད།

    རྒྱ་ཆེའི་གཞི་རིམ་ལས་བྱེད་པ་དང་མཉམ་དུ་ཡུལ་དེའི་ཐོན་ཁུངས་ཀྱི་ལེགས་ཆ་དང་། འཕེལ་རྒྱས་ཀྱི་གཏིང་ཤུགས། ལྷག་པའི་ཞན་ཆ་བཅས་གསེད་བཀྲོལ་གནང་སྐབས་ཝུའུ་དབྱིང་ཅེས་བསྟན་གནང་དོན། གྲོང་གསེབ་དར་རྒྱས་གཏོང་རིང་སྣོད་བཅུད་སྡོད་མལ་ནི་རྨང་གཞི་དང་ཐོན་ལས་དར་རྒྱས་ནི་འགག་རྩ་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞིབ་ཕྲའི་ལས་དོན་ཁྲོད་མང་ཚོགས་ལ“མཁྲེགས་ཆས”མཁོ་འདོན་བྱེད་དགོས་པ་མ་ཟད། དེ་བས་ལག་རྩལ་སློབ་པ་དང་འདུ་ཤེས་ཁྱབ་གདལ་ཡང་གཏོང་དགོས། མལ་གྲོ་གུང་དཀར་རྫོང་གི་དོན་དངོས་ལ་གཞི་ཚུགས་ཏེ་འབྲོག་ལས་འཕེལ་རྒྱས་གནད་སྨིན་ཇུས་འགོད་བྱས་ནས་མཉམ་ལས་རྩ་འཛུགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། གྲོང་མིར་སྲོལ་རྒྱུན་གྱི་འདུ་ཤེས་འགྱུར་ལྡོག་གཏོང་རོགས་བྱེད་པ། ཕྱུགས་ཟོག་བཤས་གཏོང་བའི་དུས་འཁོར་ཐུང་དུ་གཏོང་བ། ཐོན་ལས་འཁོར་འབྲེལ་ཟམ་མི་ཆད་པར་སྣུར་སྲིང་བྱེད་པ། ཐོན་ལས་ཀྱི་བཀོད་པ་ལེགས་སུ་གཏོང་བ་བཅས་བྱས་ཏེ། མང་ཚོགས་ལ་རྒྱུན་མཐུད་འབབ་འཕར་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་དགོས་པ་དང་། ཞིང་འབྲོག་ལས་འཕེལ་རྒྱས་གཏོང་རྒྱུ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་རྒྱ་ཆེའི་ཚན་རྩལ་ལས་དོན་པ་གཞི་རིམ་གྱི་འཐབ་ས་དང་པོར་ཚུར་འགུགས་བྱས་ཏེ་ཚན་རྩལ་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་ནས་ཞིང་འབྲོག་ལས་ལ་ཕན་འཕར་དང་ཞིང་འབྲོག་པར་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ། ནུས་ཤུགས་ཆེན་པོ་བཏོན་ནས་བསམ་བློའི་ཐད་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་ནས་མི་རིགས་ཁག་གི་མང་ཚོགས་ལ“མོས་སེམས་ལྔ”ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་པ། དར་ཆ་གསལ་སྟོན་ངང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཆོས་ལུགས་སྤྱད་ནས་ཐོན་པའི་ཤུགས་རྐྱེན་ངན་པ་སེལ་བ། ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ་བཅས་བྱས་ཏེ། ཚེ་འདིའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་དགོས་པ། ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་དང་གུང་ཁྲན་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་སྔར་བས་འདོན་སྤེལ་ཡག་པོ་བྱེད་དགོས་པ་བཅས་རེད།

    གྲོང་གསེབ་ཀྱི་ཨར་འདམ་ལམ་འཕྲེད་གཞུང་སྤེལ་མར་ཆགས་པ་དང་བོད་བཟོའི་ཐོག་ཁང་ཆུང་ངུ་སྟར་པ་རེ་རེ་བཞིན་ཡངས་ཤིང་དཀར་ཆ་དོད་ལ་ཁང་པའི་རྒྱབ་མདུན་དུ་སྔོ་ལྗང་ལྗོན་ཤིང་བཏབ་ཡོད་ཅིང་། ཝུའུ་དབྱིང་ཅེ་གུང་དཀར་གྲོང་རྡལ་དག་པ་གྲོང་ཚོར་ཕེབས་སྐབས་རྩམ་པ་འཐག་ཁང་དང་རྔོས་ཚང་འཁོར་རྒྱུག་དང་གད་སྙིགས་རིགས་དབྱེའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ནས་མང་ཚོགས་ཀྱིས་བཤད་པའི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལས་བྱུང་བའི་འཚོ་བ་གསར་པ་དང་འགྱུར་ལྡོག་གསར་པ་ནན་ཏན་ངང་གསན་པ་རེད། ཁོང་གིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཐོག་མའི་བསམ་འདུན་ལག་ལེན་བསྟར་བ་དང“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ཐོན་ལས་དར་རྒྱས་དང་། སྣོད་བཅུད་སྡོད་མལ། གྲོང་གསེབ་ཤེས་དཔལ། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་བཅས་ཡོང་བའི་འགན་ལེན་བྱེད་དགོས་པ་དང་། དོན་དངོས་ལ་གཞི་ཚུགས་པ་དང་དངོས་ཐོག་བདེན་འཚོལ་བྱས་ཏེ་གྲོང་ཚོའི་རྣམ་པ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་ཆ་རྐྱེན་ཡོད་པའི་སར་གྲོང་ཚོ་དང་དུད་ཚང་ཚང་མར་སྐྱེ་ཤིང་ཡོད་པའི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་ཆེར་བཏང་ཐོག་བོད་ཀྱི་ནམ་མཁའ་སྔོ་བ་དང་། ས་གཞི་ལྗང་བ། ཆུ་མོ་དྭངས་བ་བཅས་ཡོང་བའི་འགན་ལེན་བྱེད་དགོས་པ། སྣོད་བཅུད་སྲུང་སྐྱོང་དང་དམངས་ཕྱུག་དམངས་ཕན་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་སྣོད་བཅུད་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ཐོག་སྣོད་བཅུད་འཛུཌ་སྐྲུན་དང་སྲུང་སྐྱོང་ཁྲོད་མང་ཚོགས་དབུལ་པོ་ཞུགས་ཏེ་སྣོད་བཅུད་ལ་བརྟེན་ནས་ཡོང་འབབ་གསོག་པ་དང་ཕྱུག་འགྱུར་ལམ་བུར་སྐྱོད་ཐུབ་པ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།

    བརྟག་ཞིབ་གནང་རིང་། ཝུའུ་དབྱིང་ཅེས་མལ་གྲོ་གུང་དཀར་རྫོང་གི་སྣུམ་འཚག་ཁང་དུ་ཕེབས་ནས་རྣམ་གྲངས་ཐོན་སྐྱེད་གཉེར་སྐྱོང་དང་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་ཚུལ་ཐད་གཟིགས་ཞིབ་གནང་བ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001392256971