བོད་ལྗོངས།
ཝུའུ་དབྱིང་ཅེ་དང་ཆེ་དགྲ་ལྷས་ལེའོ་ཉིང་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་བཅས་པ་དང་བཞུགས་མོལ་གནང་བ།

    ཟླ་7ཚེས་20ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ལེའོ་ཉིང་ཞིང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལུའུ་ཀྲི་ཡོན་གྱིས་རུ་སྣེ་འཁྲིད་པའི་ལེའོ་ཉིང་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་བཅས་པ་དང་བཞུགས་མོལ་གནང་ནས་ཁ་གཏད་བོད་སྐྱོར་ལས་དོན་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་སྤེལ་རེས་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཡུང་ཆི་བཅས་བཞུགས་མོལ་ལ་ཕེབས་ཡོད་པ་རེད།

    ཝུའུ་དབྱིང་ཅེས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ལེའོ་ཉིང་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་དང་བཅས་པ་བོད་དུ་བརྟག་ཞིབ་གནང་བར་ཕེབས་པར་དགའ་བསུ་ཞུས་པ་དང་། ལེའོ་ཉིང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་དང་། དེ་བཞིན་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱིས་དུས་ཡུན་རིང་པོའི་ནང་བོད་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བ་དང་ལྷག་པར་དུ་ནག་ཆུ་གྲོང་ཁྱེར་ལ་སྒེར་སེམས་མེད་པའི་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཝུའུ་དབྱིང་ཅེས་ལེའོ་ཉིང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ཁག་རིམ་བྱུང་གིས་ས་བབ་དམའ་པོ་ནས་ས་བབ་མཐོ་ཚད་སྨི་4000ལྷག་ཙམ་ཟིན་པའི་བོད་བྱང་ཐང་དུ་ཡོང་སྟེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་དཀའ་སྤྱད་འབད་འཐབ་བྱས་ནས་རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དབར་གྱི་བརྩེ་བ་ཟབ་ཏུ་བཏང་བ་དང་། མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་སྐུལ་འདེད་བཏང་སྟེ་གཟུགས་བརྙན་བཟང་པོ་བཏོད་ཡོད་ཅེས་གསུངས་པ་རེད།

    རང་ལྗོངས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་རགས་ཙམ་གནང་རྗེས། ཝུའུ་དབྱིང་ཅེས་བོད་དང་ལེའོ་ཉིང་ཞིང་ཆེན་གྱིས་བོད་སྐྱོར་དང་རོགས་སྐྱོར་དང་ལེན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་ཚོང་དོན་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་སོགས་ཕྱོགས་གང་ས་ཅི་ཐད་ལ་མཉམ་ལས་བྱེད་རྒྱ་ཆེན་པོ་ལྡན་པས། ལེའོ་ཉིང་ཞིང་ཆེན་གྱིས་སྔར་རྒྱུན་བཞིན་བོད་ཀྱི་ལས་དོན་ཁག་ལ་ཐུགས་ཁུར་གནང་སྟེ་རིམ་པ་མང་བ་དང་ཕྱོགས་མང་པོའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ཁྲོམ་རའི་བྱེད་པོ་ནང་འདྲེན་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ་ནག་ཆུ་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཐུན་མོང་ཐོག་གཉིས་ཁེ་གཉིས་ཕན་དང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ལུའུ་ཀྲི་ཡོན་གྱིས་ད་རེས་བོད་དུ་བརྟག་ཞིབ་བྱེད་པར་ཡོང་རྗེས། བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་མྱུར་བ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོས་བག་ཆགས་ཟབ་མོ་བཞག་བྱུང་ཞེས་གསུངས་པ་དང་། ཁོང་གིས་བོད་སྐྱོར་ལས་དོན་སྤེལ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་དཀྲིས་གནང་བའི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན། ལེའོ་ཉིང་ཞིང་ཆེན་གྱིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་ནན་ཏན་བྱས་ཏེ། འགན་འཁྲི་དང་འོས་འགན་བློ་ལ་བརྟན་པོ་བཅངས་ནས་རང་འགུལ་ངང་འགན་འཁྲི་ཁུར་ཏེ་བྱས་རྗེས་འཇོག་པ་དང་། མུ་མཐུད་རྣམ་གྲངས་དང་། ཤེས་ལྡན་མི་སྣ། མ་དངུལ་སོགས་ཀྱི་ཐད་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཁ་གཏད་བོད་སྐྱོར་ལས་དོན་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། སྤེལ་རེས་མཉམ་ལས་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ས་ཆ་གཉིས་པོའི་ཐོན་ཁུངས་མཉམ་སྤྱོད་དང་། ལེགས་ཆ་གསབ་རེས། མཉམ་ལས་གཉིས་ཕན་བཅས་ཧུར་ཐག་ཡོང་བ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001392342161