བོད་ལྗོངས།
ཝུའུ་དབྱིང་ཅེས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་སྐབས་ཡུལ་དུས་དང་བསྟུན་ནས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་འཐུས་སྒོ་ཚང་དུ་བཏང་སྟེ་ཐབས་མང་མཉམ་སྤྱོད་ཀྱིས་ཡུལ་སྐོར་ལས་རིགས་འབྱུང་འཕྲོད་དང་སྐྱོན་བྲལ་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱེད་དགོས་པའི་ནན་བཤད་གནང་བ།

    འདི་ནི་ཝུའུ་དབྱིང་ཅེས་བར་སྐོར་ཁྲོམ་གཞུང་གི་ཡུལ་སྐོར་བའི་ཁྲོད་དུ་ཕེབས་ནས་ཚང་མ་དང་ཡུལ་སྐོར་ཞབས་ཞུ་དང་ཉམས་ལེན་ཐད་བྱམས་བརྩེའི་ངང་གླེང་མོལ་གནང་བཞིན་པ།

    ཚེས་22ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་སར་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་ཆེད་དོན་བརྟག་ཞིབ་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་བཅས་བརྟག་ཞིབ་གནང་སྐབས་ལྷན་དུ་ཕེབས་པ་རེད།

    སྣེའུ་ཁུལ་གསར་གྱི་སྟག་གདོང་གྲོང་ཚོར་ཝུའུ་དབྱིང་ཅེ་ཆུ་ཚན་ལྟེ་གནས་དང་སྟག་གདོང་གླིང་ཁར་ཕེབས་ནས་གྲོང་ཚོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། སྟག་གདོང་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་རྡོ་རྗེས་ཉེ་བའི་ལོ་ཤས་རིང་། སྟག་གདོང་གྲོང་ཚོས“སྲིད་གཞུང་གི་ཁྲིད་སྟོན་དང་། ཁེ་ལས་ཅན་གྱི་འཁོར་སྐྱོད། ཞིང་འབྲོག་མང་ཚོགས་ཞུགས་པ”བཅས་ཀྱི་བྱེད་སྟངས་བརྒྱུད་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་བས་སྟག་གདོང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བྱུང་ཡོད། མིག་སྔར་གྲོང་ཚོ་ཡོངས་ཀྱི་ཁྱིམ་ཚང་ཚང་མས་ཡུལ་སྐོར་ལས་རིགས་ལ་བརྟེན་ནས་སྔོན་ཆད་ཀྱི་བོད་ཁྱིམ་སྒོ་ར་རང་འགྲིག་དེ་བོད་ཁྱིམ་སྤྲོ་སྐྱིད་ཁང་དུ་སྒྱུར་བཀོད་བྱས་ཡོད། འཕེལ་རྒྱས་གསར་པ་དང་། འགྱུར་ལྡོག་གསར་པ། འཚོ་བ་གསར་པ་བཅས་ཀྱི་ཁྲོད་དུ་མང་ཚོགས་ཚོས་རང་རྟོགས་ངང་སྲོལ་རྒྱུན་གྱི་ཐོན་སྐྱེད་འདུ་ཤེས་དང་འཚོ་བའི་གོམས་སྲོལ་ལ་འགྱུར་ལྡོག་བཏང་ནས་དཔའ་མཛངས་རྟུལ་ཕོད་ཀྱིས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་བཞིན་ཡོད་ཅེས་ཞུས། ཝུའུ་དབྱིང་ཅེས་ཚང་མར་གདེང་ཚོད་བརྟན་པོ་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་མཛེས་སྡུག་ལྡན་པའི་འཆར་གཞི་བདེ་སྐྱིད་ལྡན་པའི་འཚོ་བར་འགྱུར་བ་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད།

    ཝུའུ་དབྱིང་ཅེས་བསམ་ཕྱོགས་ཀྱིས་འགྲོ་ལམ་གཏན་འཁེལ་བྱེད་ཀྱི་ཡོད། ས་ཁུལ་དང་གྲོང་ཁྱེར་ཁག་གིས་དམིགས་ཚད་ཁ་གསལ་བཟོས་ནས་ཐུན་མིན་དང་ཕུན་སུམ་ཚོགས་པའི་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། དམངས་སྲོལ་རིག་གནས་རྒྱུན་འཛིན་དང་དར་སྤེལ་ཤུགས་ཆེན་གཏོང་བ། ཡུལ་སྐོར་གྱིས་དབུལ་སྐྱོར་སྐུལ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་གང་ཐུབ་བྱེད་པ། གྲོང་གསེབ་ཀྱི་དམངས་སྲོལ་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བ་བཅས་བྱས་ནས། ས་གནས་དེ་གའི་གྲོང་མི་རྣམས་ཐག་ཉེ་ས་དང་སྟབས་བདེ་སར་ཐོན་ལས་འཕེལ་རྒྱས་ནང་མཉམ་འདྲེས་ཐུབ་པ་བྱས་ཏེ་ཡུལ་སྐོར་འཕེལ་རྒྱས་ཀྱི་ཁེ་སྤོགས་མཉམ་སྤྱོད་ནང་ཞུགས་ཐུབ་པ་བྱེད་དགོས་པ་དང་། ཕྱི་ནས་ཡོང་བའི་ཡུལ་སྐོར་བ་སྐྱིད་སྣང་དོད་ལ་བློ་ཡིད་ཚིམ་པོ་ཡོང་བ་བྱེད་དགོས་། དེ་དང་དུས་མཚུངས་སྤྱི་ཚོགས་རིང་ལུགས་ཀྱི་སྣོད་བཅུད་ཤེས་དཔལ་གྱི་ལྟ་བ་བརྟན་པོར་བཙུགས་ནས་འཛམ་གླིང་ཐོག་གི་དག་ཞིང་མཐའ་མ་དེ་སྲུང་སྐྱོང་ཏན་ཏིག་བྱེད་དགོས་ལ། ཁྱད་ཆོས་ལྡན་པའི་གྲོང་གསེབ་ཀྱི་དམངས་སྲོལ་རིག་གནས་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་ཐུན་མིན་གྱི་ཡིད་དབང་འཕྲོག་ཤུགས་ལྡན་པའི་གྲོང་གསེབ་ཀྱི་ཁུལ་ཡོངས་ཡུལ་སྐོར་གྱི་བྱེད་ཐབས་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་པ་དང་ཁུལ་ཡོངས་དང་ནམ་དུས་བཞི་ཀར་ཡུལ་སྐོར་བྱེད་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། སྔོ་ཞིང་དྭངས་བའི་རི་ཆུ་དང་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་གསེར་རི་དངུལ་རིར་དངོས་འབྲེལ་འགྱུར་བ་བྱེད་དགོས། ཕྱོགས་གཅིག་ནས་མང་ཚོགས་ཀྱི་ཡིད་ཆེས་ཆེ་རུ་འགྲོ་རྒྱུར་ལྕག་སྐུལ་བྱས་ནས་ཚང་མའི་ལས་སེམས་འཕེལ་བར་བྱེད་དགོས་པ་དང་། ཕྱོགས་གཞན་ཞིག་ནས་སེམས་རྣལ་དུ་ཕབ་སྟེ་བསམ་བློ་བཏང་ནས་དོན་དངོས་ཀྱི་གནས་ཚུལ་གཞིར་བཟུང་མང་ཚོགས་ལ་ཐོན་ལས་ཡག་པོ་འདེམས་རོགས་བྱས་ཏེ་གནད་སྨིན་ཕྱུག་འགྱུར་ཡོང་བ་བྱེད་དགོས། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཡུལ་སྐོར་རིག་གནས་ཀྱི་གཏིང་ཤུགས་ཟམ་མི་ཆད་པར་སྔོག་འདོན་གཏིང་ཟབ་བྱེད་པ། ཡུལ་སྐོར་བ་དེ་བས་མང་བ་སྤྲོ་གསེང་དང་ཡུལ་སྐོར་དུ་ཡོང་རྒྱུའི་ཡིད་དབང་འགུགས་པ་བཅས་བྱས་ཏེ་མང་ཚོགས་ཀྱི་ཡོང་འབབ་མཐོ་རུ་གཏོང་ཐབས་བྱེད་དགོས་ཞེས་གསུངས་པ་རེད།

    ཕོ་བྲང་པོ་ཏ་ལས་འཛམ་གླིང་གི་སྐྱེ་བོ་མང་པོའི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་བཞིན་ཡོད། རྒྱ་ཆེའི་ཡུལ་སྐོར་བ་འདི་གར་འཛོམས་ནས་ལྟ་ན་སྡུག་པའི་ཡིད་འོང་མཛེས་ལྗོངས་ལ་ལྟ་སྐོར་དང་འོད་སྟོང་འཕྲོ་བའི་རིག་གནས་ཉམས་སུ་མྱོང་བཞིན་ཡོད། ཝུའུ་དབྱིང་ཅེས་ཡུལ་སྐོར་བའི་ཁྲོད་དུ་ཕེབས་ཏེ་ཚང་མར་འཚམས་འདྲི་ཞུས་པ་རེད།

    ཝུའུ་དབྱིང་ཅེས། ཕོ་བྲང་པོ་ཏ་ལ་ནི་བོད་ཀྱི་སྐད་གྲགས་ཆེ་ཤོས་ཀྱི་མིང་བྱང་ཞིག་རེད་ལ། བོད་ལྗོངས་གསར་པའི་གཟུགས་བརྙན་བཟང་པོ་མངོན་པའི་སྐར་ཁུང་གལ་ཆེན་ཞིག་ཀྱང་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས“བསམ་ཇུས་གཅིག”གི་བསམ་བློ་བརྟན་པོར་བཙུགས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལྷུ་ཚིགས་ཁག་གི་ཞབས་ཞུ་དང་འགན་ལེན་གྱི་ལས་དོན་མུ་མཐུད་ཞིབ་ཚགས་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ་ཞབས་ཞུའི་སྤུས་ཚད་དང་། ཡུལ་སྐོར་གྱི་སྤུས་ཚད། སྤྱི་པའི་ཞབས་ཞུའི་ཆུ་ཚད་བཅས་མཐོ་རུ་བཏང་ནས་ཚང་མ་དགའ་སྤྲོའི་ངང་བོད་དུ་ཡོང་བ་དང་བློ་ཡིད་ཚིམ་པོས་ལོག་ཐུབ་པ་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་གཙོ་རྐང་དུ་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་རིག་གནས་ཀྱི་མོས་སེམས་སྔར་བས་ཆེ་རུ་གཏོང་བ་དང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

    ཨ་མ་ཁྲིད་དེ་ལྷ་སར་སྨན་པ་བསྟེན་པར་ཡོང་བའི་སྦྲ་ཆེན་རྫོང་གི་མང་ཚོགས་ཕུར་ཟླ་དང་བཀའ་མོལ་གནང་སྐབས། ཝུའུ་དབྱིང་ཅེས་ཁོང་ལ་བོད་ཀྱི་ནད་ཆེན་སྤྱི་འདོམས་སོགས་དམངས་ཕན་སྲིད་ཇུས་ངོ་སྤྲོད་གནང་བ་དང་། ཁོང་གིས་འབྲེལ་ཡོད་སྡེ་ཚན་ལ་དཀའ་ངལ་དང་རྙོག་དྲ་སྲིད་གཞུང་ནས་ཐག་གཅོད་བྱེད་པ་དང་སྟབས་བདེ་དང་དངོས་ཕན་མང་ཚོགས་ལ་སྤྲོད་རྒྱུ་མཐའ་འཁྱོངས་བྱས་ཏེ་ཁ་ཚ་དགོས་གཏུགས་དང་། སེམས་ཁྲལ་ཆེ་ཤོས། རེ་བ་ཆེ་ཤོས་བཅས་བྱེད་པའི་མང་ཚོགས་ཀྱི་དངོས་ཡོད་གནད་དོན་ཐག་གཅོད་བྱེད་རོགས་བྱས་ནས། མང་ཚོགས་ཚོས་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་གཅེས་སྐྱོང་ཚོར་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ཚོར་བ་བྱས་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    ཉེ་དུས་བར་སྐོར་ཁྲོམ་གཞུང་གི་མཛེས་ལྗོངས་ཁུལ་གོ་རིམ་ལྡན་པའི་ངང་སྒོ་ཕྱེ་བ་དང་། ཚོང་དུད་ཁག་གིས་ཀྱང་གཅིག་རྗེས་གཉིས་མཐུད་ངང་ལས་གཉེར་བྱེད་འགོ་ཚུགས་ཡོད། ཝུའུ་དབྱིང་ཅེ་ཚོང་དུད་རེ་རེ་བཞིན་དུ་ཕེབས་ནས་ཚང་མའི་ཚོང་གཉེར་ཡོང་འབབ་ཀྱི་གནས་ཚུལ་མཁྱེན་རྟོགས་ནན་ཏན་གནང་བ་དང་། ཚང་མས་རང་འགུལ་ངང་ཕྱོགས་སྒྱུར་དང་རང་ཉིད་ཀྱིས་ཚོང་གཉེར་ཐབས་ལམ་བཙལ་བར་བསྔགས་བརྗོད་གནང་བ་རེད། ཝུའུ་དབྱིང་ཅེས་འབྲེལ་ཡོད་སྡེ་ཚན་ཁག་ལ་ཁེ་ལས་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། ཡུལ་དུས་དང་བསྟུན་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་རྒྱུན་རྣམ་ཅན་གྱི་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ་དང་རིམས་ནད་ཀྱི་ཤུགས་རྐྱེན་ཚབས་ཆེན་ཐེབས་པའི་ཐོན་ལས་དང་འབྲེལ་ཡོད་ཁེ་ལས་ཀྱི་དཀའ་གནད་ཐག་གཅོད་ཏན་ཏིག་བྱས་ནས་ཁོང་ཚོ་དཀའ་ངལ་ལས་སྒྲོལ་རོགས་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    ཝུའུ་དབྱིང་ཅེས་བོད་ཀྱི་རང་བྱུང་མཛེས་ལྗོངས་ལྟ་ན་སྡུག་པ་དང་རིག་གནས་ཀྱི་རྨང་གཞི་ཟབ་མོ་ཡོད་པས་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་གལ་ཆེན་ཞིག་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་དང་། ཁྱོན་ཡོངས་ལ་དམིགས་པ། ཞིབ་ཕྲ་ནས་འགོ་འཛུགས་པ་བཅས་བྱས་ཏེ་ཡུལ་སྐོར་ལས་རིགས་དེ་སྔོན་ཁྲིད་ཐོན་ལས་སུ་བརྩིས་ནས་འོད་སྟོང་འཕྲོ་བའི་ཕུལ་བྱུང་རིག་གནས་སྔོག་འདོན་དང་དྲིལ་བསྒྲགས་དང་འོས་སྦྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “ སྲུང་སྐྱོང་གཉིས”ཐུབ་པ་བཅས་ཕྱོགས་གང་ས་ཅི་ཐད་ནས་མངོན་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཐུགས་ཁུར་ཟབ་མོའི་འོག་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་ཐོབ་པ་གང་ལེགས་མངོན་པ། དུས་དང་རྣམ་པ་ཀུན་ཏུ་བོད་ལྗོངས་ནི་གནའ་སྔ་མོ་ནས་བཟུང་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་བོད་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་མངོན་པ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་དང་ཏང་ལ་བཅངས་པའི་བརྩེ་སེམས་མཚོན་པ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་བརྟན་དུ་གཏོང་དགོས། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ང་ཚོའི་འབད་འཐབ་དམིགས་ཚད་དུ་བྱས་ནས། ཁེ་ལས་ཀྱི་ཐོན་འཕར་དང་ལས་ཆོད་ཆེ་རུ་གཏོང་བ་དང་། ཁེ་ལས་ཀྱི་ལས་བཟོའི་ཕན་བདེ་དང་ཐོབ་ཐང་ལེགས་སུ་གཏོང་བ། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་བ་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། བསམ་ཕྱོགས་ལ་འགྱུར་ལྡོག་གཏོང་བ་དང་། ཕུགས་ལ་དམིགས་པ། ཡུལ་སྐོར་ལས་རིགས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཞིང་འབྲོག་པ་དེ་བས་མང་བ་ཡུལ་སྐོར་ལས་རིགས་ནང་ཞུགས་པ་དང་། ཕྱུག་པོའི་ལམ་དུ་བསྐྱོད་པ། ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ། ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་དོན་གཉེར་བཅས་བྱེད་རྒྱུར་སྐུལ་ཁྲིད་བྱེད་དགོས། ཉེན་ཁ་འགོག་ཟོན་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ་དང་། ས་གཤིས་ཀྱི་གནོད་འཚེ་ཐོན་སླ་བའི་ས་ཁོངས་སུ་སྐོར་ཞིབ་དང་ལྟ་ཞིབ་ཚད་ལེན་ཤུགས་ཆེན་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་འཕྲལ་སྡོམ་སྔོན་ཇུས་དང་རོགས་སྐྱོབ་སྔོན་ཇུས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་ཡུལ་སྐོར་བ་དགའ་དགའ་སྤྲོ་སྤྲོའི་ངང་ཡོང་བ་དང་བདེ་འཇགས་ངང་ཕྱིར་ལོག་ཐུབ་པའི་འགན་ལེན་བྱེད་དགོས།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001392367201