བོད་ལྗོངས།
ཝུའུ་དབྱིང་ཅེས་དབུལ་སྒྲོལ་འགག་སྒྲོལ་གྱི་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ།

    འདི་ནི་ཝུའུ་དབྱིང་ཅེས་ཡོངས་ཁྱབ་ཞིབ་བཤེར་པའི་ས་ནས་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།

    ཚེས་23ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་སུ་དབུལ་སྒྲོལ་འགག་སྒྲོལ་གྱི་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་ནས་ཡོངས་ཁྱབ་ཞིབ་བཤེར་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་མཁན་ལས་དོན་མི་སྣར་བྱམས་བརྩེའི་འཚམས་འདྲི་གནང་ཞིང་། ཁོང་གིས་ནན་བཤད་གནང་དོན། དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་དང་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། ཁ་ཚ་དགོས་གཏུགས་ཀྱི་བསམ་པ་བཅས་སྔར་བས་ཆེ་རུ་གཏོང་དགོས། ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་ཧུར་ཐག་བྱེད་པ་དང་། དོན་དངོས་ལ་གཞི་ཚུགས་པ། ཇུས་གཞིའི་སྒྲིག་ཁོངས་དང་མི་སྣ་སྐོང་འཐེན་སོགས་ཀྱི་ལས་དོན་ཁག་ཞིབ་ཚགས་ངང་ཡག་པོ་བསྒྲུབས་ནས་ཡོངས་ཁྱབ་ཞིབ་བཤེར་གྱི་ནང་དོན་གལ་ཆེན་དང་ཞིབ་ཕྲའི་ལས་འགན་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པ་བྱེད་དགོས། རྣམ་གྲངས་རེ་རེ་བཞིན་ཞིབ་ཚགས་སུ་གཏོང་བ་དང་འགན་འཁྲི་ཁ་གསལ་དང་ཚད་གཞི་ནན་དུ་བཏང་ནས་སྤུས་ཚད་དང་ལས་ཆོད་མཐོ་པོའི་སྒོ་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ཡོངས་ཁྱབ་ཞིབ་བཤེར་ལས་འགན་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ནོར་བུ་དོན་གྲུབ་དང་། པད་མ་དབང་འདུས། ལིའུ་ཅང་བཅས་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཇམ་དཔལ་གྱིས་ཕེབས་རོགས་ཞུས་པ་རེད།

    སྟག་རྩེ་ཆུས་དབུལ་སྒྲོལ་ཡོངས་བཤེར་གཞུང་ལས་ཁང་དུ་ཐོ་འགོད་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། ཝུའུ་དབྱིང་ཅེས་རྫོང་དང་ཤང་གི་ཡོངས་བཤེར་སྒྲིག་གཞིའི་འགན་འཁྲི་དོན་འཁྱོལ་དང་། འགྲོ་གྲོན་དོན་འཁྱོལ། ཡོངས་བཤེར་ལས་དོན་སྒྲིག་འཛུགས་ལག་བསྟར། ཡོངས་བཤེར་ལས་དོན་ཚོགས་ཆུང་མངགས་གཏོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། ལས་དོན་སྤེལ་བཞིན་པའི་ཡོངས་བཤེར་པ་དང་བྱམས་བརྩེའི་གླེང་མོལ་གནང་ནས་ཚང་མའི་བསམ་པའི་ཉམས་འགྱུར་བཟང་པོར་ཁས་ལེན་གནང་བ་རེད།

    གྲོང་མི་བུ་ཨ་ནན་གྱི་ཁྱིམ་དུ་ཡོངས་བཤེར་པ་བསམ་གྲུབ་ཀྱིས་ངང་རྒྱུད་རིང་པོས་ཡོངས་བཤེར་རེའུ་མིག་གི་ནང་དོན་ཚང་མར་འགྲེལ་བཤད་ཞིབ་ཕྲ་བརྒྱབ་ནས། བུ་ཨ་ནན་ལ་གྲངས་གཞི་ཁག་འབྲི་རོགས་བྱས་པ་རེད། ཝུའུ་དབྱིང་ཅེས་བུ་ཨ་ནན་ཁྱིམ་གྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་བཀའ་འདྲི་ནན་ཏན་གནང་རྗེས། ཁོང་ཚོའི་ད་ཆའི་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བར་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ཁོང་གིས་རྒྱ་ཆེའི་མང་ཚོགས་ཚོས་ད་ལྟའི་འཚོ་བ་ཡག་པོ་དང་ལས་སླ་པོར་བྱུང་བ་ཞིག་མིན་པའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་། རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར། རང་ཉིད་ཀྱི་འབད་བརྩོན་བཅས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་གསལ་པོར་ཤེས་པ་དང་། “མཐུན་སྒྲིལ་དང་བརྟན་ལྷིང་ནི་བདེ་སྐྱིད་དང་། ཁ་ཕྲལ་དང་ཟང་ཟིང་ནི་ཆག་སྒོ་ཡིན་པ”གཏིང་ཟབ་ཤེས་པར་བྱས་ཏེ། ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་པའི་ཐུགས་རེ་གནང་བ་མ་ཟད། ཡོངས་ཁྱབ་ཞིབ་བཤེར་ལས་དོན་དེ་དོན་དངོས་ལ་གཞི་ཚུགས་ཏེ། མང་ཚོགས་ཀྱིས་རྒྱུས་མངའ་ཡོད་པའི་དོན་གནད་འདྲི་རྩད་གསལ་པོ་བྱེད་པ་དང་འབྲེལ་ཡོད་སྡེ་ཚན་ལ་དམངས་ཕན་སྲིད་ཇུས་ཁག་གི་ཁ་གསབ་རོགས་དངུལ་དོན་འཁྱོལ་བྱས་ཚུལ་ལ་ཞིབ་མཆན་བཀོད་དེ་ཆ་འཕྲིན་ཇི་མ་ཇི་བཞིན་དང་ཡང་དག་ཡོང་བའི་འགན་ལེན་དགོས་ལ། གྲངས་གཞི་ཁ་གསལ་ཞིང་དོན་དངོས་དང་མཐུན་རྒྱུའི་འགན་ལེན་བྱེད་དགོས་པའི་བླང་བྱ་ཡང་བཏོན་གནང་བ་རེད།

    ཝུའུ་དབྱིང་ཅེས་བསྟན་དོན། དབུལ་སྒྲོལ་འགག་སྒྲོལ་གྱི་ཡོངས་བཤེར་ལས་དོན་སྤེལ་ཚུན། རང་སྐྱོང་ལྗོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་ཡོངས་བཤེར་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར་དབུལ་སྒྲོལ་འགག་སྒྲོལ་དེ་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཕྱོགས་ཡོངས་ནས་མཇུག་བསྡུའི་འགག་རྩའི་དུས་མཚམས་སུ་སླེབས་པའི་དངོས་ཡོད་ཀྱི་ལས་འགན་དང་བོད་འདི་ཉིད་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་གྱི་དབུལ་ཕོངས་ས་ཁུལ་འབའ་ཞིག་ཡིན་པའི་དམིགས་བསལ་གྱི་ལྗོངས་བབ་ལ་གཞི་བཙུགས་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་ཡོངས་བཤེར་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲིར་བརྩིས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས“སྲུང་སྐྱོང་གཉིས”ཀྱི་གལ་ཆེའི་ཐད་མངོན་པ་དང་། སྤྱི་འདོམས་འཆར་འགོད་ཧུར་ཐག་བྱེད་པ། འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་དབུལ་སྒྲོལ་ཡོངས་བཤེར་གྱི་དུས་འགོའི་གྲ་སྒྲིག་ཁག་དང་ཡོངས་བཤེར་འགན་ལེན་སོགས་ཀྱི་ལས་དོན་ཁག་ཏན་ཏིག་དང་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། སྒྲིག་འཛུགས་ཞིབ་ཚགས་བྱེད་པ། སྤུས་ཚད་དེ་བླང་བྱ་ཨང་དང་པོར་བརྩིས་ནས་མགོ་ནས་མཇུག་བར་ཁྱབ་པ། འགན་འཁྲི་དང་། སྲིད་ཇུས། ལས་དོན་བཅས་ཁྱོན་ཡོངས་ནས་དོན་ཐོག་ཏུ་འཁྱོལ་བ། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཡོངས་བཤེར་ནན་པོ་བྱེད་པ། སྤུས་ཚད་མཐོ་པོས་ཡོངས་བཤེར་གྱི་ལས་འགན་ལེགས་སྒྲུབ་བཅས་བྱས་ནས་གྲངས་གཞི་བདེན་པ་དང་ཡང་དག་པ་དང་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་འགན་ལེན་བྱེད་དགོས། ཐོག་མཐའ་བར་གསུམ་དུ་མཐའ་མའི་རྒྱལ་ཁ་ལེན་པའི་རྣམ་པ་རྒྱུན་འཁྱོངས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། མིང་སྦྱར་ལྟ་སྐུལ་ལ་མུ་མཐུད་དམ་འཛིན་ཏན་ཏིག་བྱེད་པ། སྤུས་འབོར་གཉིས་ལྡན་གྱི་སྒོ་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་མཐའ་མའི“མཁྲེགས་ས”གཏོར་བ། ཆད་བཤེར་ཆད་གསབ་ཕྱོགས་ཡོངས་ནས་སྤེལ་བ། སྤུས་ཚད་མཐོ་པོས་མཇུག་བསྡུའི་དམག་འཐབ་ཡག་པོ་རྒྱག་རྒྱུ་འགན་ལེན་བཅས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་དང་མཉམ་དུ་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་རྒྱལ་ཁ་ལེན་དགོས། ལྟོ་གོས་ཀྱི་གནད་དོན་དང་བསམ་བློའི་གནད་དོན་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གསོན་ཉམས་དོད་པའི་སློབ་གཞི་ཡག་པོ་སྤྱོད་པ། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་གྲངས་གཞིར་བརྟེན་ནས་སྐད་ཆ་ཤོད་པ་བཅས་བྱས་ཏེ་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་བོད་ལ་གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བསྟར་ལུགས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། དམངས་འཚོ་ལེགས་གཏོང་འགན་ལེན། མཐའ་མཚམས་འཕེལ་རྒྱས་དང་། བརྟན་གཏོང་། བདེ་འཇགས་བཅས་འགན་ལེན། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་ལ་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། རྒྱ་ཆེའི་མང་ཚོགས་ཀྱི་འཕེལ་རྒྱས་གསར་པ་དང་། འགྱུར་ལྡོག་གསར་པ། འཚོ་བ་གསར་པ་བཅས་གང་ལེགས་མཚོན་པར་བྱེད་པ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་ཀྲུང་དབྱང་ལ་བཅངས་པའི་གཞུང་དྲང་བབ་ཆགས་ཀྱི་བརྩེ་བ་དང་། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བའི་ཆོད་སེམས་བརྟན་པོ། མི་རིགས་ཁག་དབར་འགྲོ་འོང་སྤེལ་རེས་མཉམ་འདྲེས་ཀྱི་གསོན་ཉམས་དོད་པའི་སྣང་ཚུལ་བཅས་མཚོན་པར་བྱས་ནས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བློ་གྲོས་དང་སྟོབས་ཤུགས་བརྟན་ལྷིང་སྲུང་སྐྱོང་དང་ཐོན་སྐྱེད་འཕེལ་རྒྱས་ཐད་གཅིག་སྒྲིལ་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱིས་བོད་ཀྱི་ལེའུ་རྩོམ་ཕྱིར་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001392431371