བོད་ལྗོངས།
བོད་ལྗོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལ་གྲོས་བསྡུར་འཁྲུག་པོ་བྱས་པ།

    ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་གྲོས་བསྡུར་འཁྲུག་པོ་བྱས་པ་དང་། ཚང་མས་བཀའ་དྲིན་དང་འཕེལ་རྒྱས་སྐོར་གླེང་བ་དང་། སྟོབས་ཤུགས་དང་ངར་ཤུགས་འཕེལ་བར་བྱས་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། “ངེས་པར་དུ་བཅུ”ཁོང་དུ་ཡང་དག་ཆུད་པར་བྱེད་པ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་སྟོན་དང་ཚད་གཞིར་འཛིན་པ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དམིགས་སར་འཁྱོལ་བ་དང་དོན་འཁྱོལ་ཞིབ་ཚགས་བྱེད་པ། དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

    བོད་ལྗོངས་མི་རིགས་སློབ་ཆེན་གྱི་མར་ཁེ་སི་རིང་ལུགས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཞིབ་འཇུག་སློབ་མའི་སློབ་གླིང་གི་ལག་བསྟར་ཡོན་ཀྲང་དབྱང་ཝུའེ་ཀྲོའུ་ཡིས“ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཛད་བྲེལ་ཤིན་ཏུ་ཆེ་ཡང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་འཕྲིན་ལན་ཐེངས་མང་སྤྲིངས་གནང་བས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་གནང་ལུགས་དང་བརྩེ་སེམས་ཟབ་མོ་འཆང་ལུགས་མཚོན་ཡོད། ང་ཚོས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དང་། རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་པ། རིག་ཚན་འཛུགས་སྐྱོང་དང་ཞིབ་འཇུག་སློབ་མ་གསོ་སྐྱོང་གི་སློབ་གསོའི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་བོད་ལ་ཆུ་ཚད་མཐོ་བའི་ཞིབ་འཇུག་རང་བཞིན་གྱི་ཤེས་ལྡན་མི་སྣ་དང་སྤྱོད་གོ་ཆོད་པའི་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་ཡག་པོ་བྱེད་པ་དང་། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་རང་ཉིད་ཀྱིས་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས”ཞེས་བརྗོད།

    མོན་པ་རིགས་དང་ལྷོ་པ་རིགས་སོགས་གྲངས་ཉུང་མི་རིགས་འདུས་སྡོད་ཁུལ་ཡིན་པའི་མེ་ཏོག་ལ་དེ་སྔ“ས་མཐོའི་ཁེར་ཆགས་གླིང་ཕྲན”ཞེས་འབོད་སྲོལ་ཡོད། 2013ལོར་མེ་ཏོག་ཏུ་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པས་མི་རབས་ནས་མི་རབས་བར་གྱི་མེ་ཏོག་མི་དམངས་ཀྱི་ཕུགས་འདུན་མངོན་འགྱུར་བྱུང་བ་དང“རྒྱལ་ཡོངས་ཀྱི་གཞུང་ལམ་ཤར་གཏོང་མི་ཐུབ་པའི་རྫོང་འབའ་ཞིག་ཡིན་པའི”ལོ་རྒྱུས་མཇུག་འགྲིལ་ཡོད། 2018ལོར་མེ་ཏོག་རྫོང་དབུལ་ཞྭ་ཕུད་ནས་རྫོང་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་དགའ་བདེའི་དཔལ་ལ་རོལ་ཡོད། “དེ་སྔ་ང་ཚོའི་སྡོད་ཁང་ཤིང་ཁང་ཡིན། ཤོད་དུ་སྒོ་ཕྱུགས་དང་སྟེང་དུ་མི་བསྡད་ནས་མི་ཕྱུགས་མཉམ་སྡོད་ཀྱི་འཚོ་བ་སྐྱེལ་གྱི་ཡོད་པས་འགོ་ནད་ཕོག་པའི་ཉེན་ཁ་ཆེན་པོ་ཡོད། ད་ཆ་བདེ་སྡོད་ལས་གྲྭ་དང་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལེགས་གྲུབ་བྱུང་བ་དང་ཆབས་ཅིག་ཁྱིམ་ཚང་ཚང་མ་མཛེས་སྡུག་ལྡན་པའི་ཐོག་སོ་གཉིས་ལྡན་གྱི་ཁང་གསར་ནང་སྡོད་རྒྱུ་བྱུང་ཡོད། དེ་སྔ་ང་ཚོ་ཕྱོགས་ལ་འགྲོ་སྐབས་རྐང་ཐང་མར་འགྲོ་དགོས་ལ་འགྲོ་ལམ་ཡང་ཧ་ཅང་གཟར་པོ་ཡོད། ད་ལྟ་ཡངས་ཤིང་ཁོད་སྙོམས་པའི་ཨར་འདམ་ལམ་སྒོ་འགྲམ་བར་ཤར་གཏོང་ཐུབ་པ་དང་མི་མང་པོ་ཞིག་གིས་ཕི་ཁ་རླངས་འཁོར་ཉོས་ཡོད་པས་དེ་དག་ནི་དེ་སྔ་ཉལ་བའི་རྨི་ལམ་དུའང་འཁོར་མྱོང་མེད”ཅེས་མོན་པ་རིགས་ཀྱི་ལས་བྱེད་པ་མེ་ཏོག་རྫོང་འབྲས་སྤུངས་ཤང་གཏེར་ཀོང་གྲོང་ཚོའི་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་བཀྲ་ཤིས་གཡུ་སྒྲོན་གྱིས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད། ཁོང་གིས“དེ་དག་ཚང་མ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ང་ཚོར་ཐུགས་ཁུར་དང་བྱམས་སྐྱོང་གནང་བ་དང་ཁ་འབྲལ་ཐབས་མེད། གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བརྩོན་ལེན་ཧུར་ཐག་བྱ་རྒྱུ་ཡིན་ཞེས་བཤད།

    ཟླ་8པའི་ཚེས་29ཉིན་གྱི་དགོང་མོ། མངའ་རིས་ས་ཁུལ་རུ་ཐོག་རྫོང་རི་གསུམ་ཤང་ལྕགས་སྒང་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་དུ་ཞིང་འབྲོག་པ་བཅུ་ཕྲག་ཁ་ཤས་བརྙན་འཕྲིན་ནས་གསར་འགྱུར་མཉམ་བསྒྲགས་ལྟ་བཞིན་ཡོད་ཅིང་། “དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ཐད་ནུས་ཤུགས་སྔར་བས་ཆེ་བ་འདོན་པ་དང་། ཐབས་ཤེས་དེ་བས་མང་བ་འདོན་པ། རྗེས་མཐུད་རོགས་སྐྱོར་དང་རྒྱབ་སྐྱོར་དེ་བས་མང་བ་བྱེད་པ་བཅས་བྱེད་དགོས། གྲོང་གསེབ་དར་རྒྱས་གཏོང་རྒྱུ་དང་འབྲེལ་མཐུད་ཡག་པོ་བྱེད་པ་དང་། ལྷག་པར་དུ་རྒྱུན་གཏན་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་འགྲིམ་འགྲུལ་སྒྲིག་བཀོད་དང་། སྨན་བསྟེན་སློབ་ཞུགས། རྒན་གསོ་དང་སྤྱི་ཚོགས་འགན་སྲུང་སོགས་ཚང་མར་ཁྱབ་པ་བྱེད་དགོས་པའི”སྐོར་ཐོས་སྐབས་ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས། ལྕགས་སྒང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྐལ་བཟང་དོན་གྲུབ་ཀྱིས“ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་འཚོགས་པ་དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མཐའ་མཚམས་གྲངས་ཉུང་མི་རིགས་ས་ཁུལ་ལ་ཐུགས་ཁུར་དང་བྱམས་སྐྱོང་གནང་ལུགས་གང་ལེགས་མཚོན་ཡོད། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་མང་ཚོགས་ཀྱི་སྣེ་ཁྲིད་དེ་སྐལ་བཟང་མེ་ཏོག་བཞིན་མཐའ་མཚམས་སུ་རྩ་བ་བརྟན་པོ་ཚུགས་པར་བྱས་ཏེ་མཚོ་བོད་ས་མཐོའི་སྲོག་ཆགས་དང་། རྩྭ་རྩི་ཤིང་། རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་བྱས་ནས་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་དམིགས་བསལ་གྱི་གཟིགས་སྐྱོང་ལ་དྲིན་ལན་འཇལ་དགོས”ཞེས་སེམས་འགུལ་ཆེན་པོས་བཤད།

    རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ལྷག་སྒྲོན་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི“མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེ་ཤོས་ཕུལ་བ་ཞིག་རེད”ཅེས་པར་མྱོང་ཚོར་ཟབ་མོ་བྱུང་ཡོད། ཁོང་གིས་ལྗོངས་ཡོངས་ཀྱི་རིམ་ཁག་གནམ་གཤིས་སྡེ་ཚན་གྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཚ་རླབས་ཤིག་མྱུར་དུ་འཕྱུར་བ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་བོད་ཀྱི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ། རིག་ནུས་ལྟ་དཔྱད་ལས་སྒོ་དང་། རིག་ནུས་སྔོན་བརྡའི་ལས་སྒོ ཆ་འཕྲིན་ཅན་འཛུགས་སྐྱོང་སོགས་དེང་རབས་ཅན་གྱི་ནུས་པ་འཛུགས་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ། མཚོ་བོད་ས་མཐོའི་གནམ་གཤིས་ཀྱི་འགྱུར་ལྡོག་ཁོང་དུ་ཡང་དག་ཆུད་པར་བྱེད་པ། གནམ་གཤིས་ལ་བརྟེན་ནས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་འགོག་སྲུང་འཛིང་རགས་དང་པོའི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ཏེ་དུས་རབས་གསར་པའི་བོད་ཀྱི་གནམ་གཤིས་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་རྒྱུ་ཡིན་ཞེས་བཤད།

    “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་གསོར་ཤུགས་སྣོན་རྒྱག་རྒྱུར་མཐོང་ཆེན་བྱས་ནས་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དེ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ཏེ། ང་ཡི་ཀྲུང་ཧྭ་ལ་གཅེས་པའི་ས་བོན་དེ་གཞོན་ནུ་ལོ་ཆུང་མི་རེ་ངོ་རེའི་སེམས་གཏིང་དུ་འདེབས་དགོས”ཞེས་བསྟན་གནང་བར་ལྷ་ས་ནག་ཆུ་མཐོ་རིམ་སློབ་འབྲིང་གཉིས་པའི་དགེ་རྒན་ལིའུ་ཧྲོའེ་དང་ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོའི་སྤྱི་ཁྱབ་ཏང་ཀྲི་པུའི་ཧྲུའུ་ཅི་ཀྲའོ་ཤིའུ་ལིན་ལ་མྱོང་ཚོར་ཟབ་མོ་གཅིག་མཚུངས་བྱུང་ཡོད། ཁོང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་སློབ་གསོའི་ལས་དོན་པར་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་མཁོ་འདོན་གནང་བས་ང་ཚོས་ལས་དོན་ཁྲོད་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་གསོར་མུ་མཐུད་མཐོང་ཆེན་བྱས་ནས་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཤེས་ལྡན་མི་སྣའི་རྨང་གཞི་འདིང་རྒྱུ་ཡིན་ཞེས་བཤད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001393393351