བོད་ལྗོངས།
2020ལོའི་བོད་ཀྱི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་འགོ་ཚུགས་ཉིན་མོའི་གཅིག་སྡུད་འགྲེམས་སྟོན་བྱེད་སྒོ་སྤེལ་བ།

    ཚེས་14ཉིན་གྱི་སྔ་དྲོར།“དྲ་རྒྱའི་བདེ་འཇགས་དམངས་ཀྱི་ཆེད། དྲ་རྒྱའི་བདེ་འཇགས་དམངས་ལ་བརྟེན”ཞེས་བརྗོད་དོན་གཙོ་བོར་བྱས་པའི་2020ལོའི་བོད་ཀྱི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་འགོ་ཚུགས་ཉིན་མོའི་གཅིག་སྡུད་འགྲེམས་སྟོན་བྱེད་སྒོ་ལྷ་ས་གྲོང་ཁྱེར་གཡུ་ཐོག་ལམ་དུ་སྤེལ་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་མཆན་བཀོད་མཛུབ་སྟོན་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡན་ཅིན་ཧའེ་བྱེད་སྒོར་ཕེབས་པ་རེད།

    ཝུའུ་དབྱིང་ཅེའི་མཆན་བཀོད་མཛུབ་སྟོན་ནང་། དྲ་རྒྱའི་བདེ་འཇགས་དེ་ཉིད་རྒྱལ་ཁབ་ཀྱི་བདེ་འཇགས་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་། དཔལ་འབྱོར་དང་སྤྱི་ཚོགས་བརྟན་པོའི་ངང་འཁོར་རྒྱུག མི་དམངས་མང་ཚོགས་ཀྱི་དྲ་རྒྱའི་འཕེལ་རྒྱས་ཀྱི་ཐོབ་ཚོར་བཅས་དང་འབྲེལ་བ་ཡོད། རིམ་ཁག་ཏང་ཨུད་ཀྱི་དྲ་འཕྲིན་གཞུང་དོན་ཁང་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་དྲ་རྒྱའི་བདེ་འཇགས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འཐབ་ས་དང་པོར་གནས་པའི་རང་ལྗོངས་ཀྱི་དོན་དངོས་ལ་གཞི་ཚུགས་པ་བཅས་བྱས་ཏེ། དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་ཡག་པོ་སྤེལ་རྒྱུ་དེ་དྲ་རྒྱའི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་མཉམ་དུ་སྐྲུན་པ་དང་སྐྱོན་བྲལ་གྱི་དྲ་རྒྱའི་བར་མཐོངས་མཉམ་དུ་གཏོད་པའི་ཐུན་མོང་གི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས། རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་སྲུང་ཡོལ་ཏན་ཏིག་ངང་བརྟན་དུ་གཏོང་དགོས་ཞེས་བསྟན་གནང་བ་རེད།

    ཝུའུ་དབྱིང་ཅེས། དྲ་རྒྱའི་བདེ་འཇགས་དམངས་ཀྱི་ཆེད་དང་དྲ་རྒྱའི་བདེ་འཇགས་དམངས་ལ་བརྟེན་རྒྱུ་མཐའ་འཁྱོངས་བྱས་ཏེ། དྲ་རྒྱའི་བདེ་འཇགས་ཤེས་བྱ་དང་རྩལ་ནུས་དྲིལ་བསྒྲགས་ཁྱབ་གདལ་གཏིང་ཟབ་གཏོང་བ་དང་། མི་རིགས་ཁག་གི་མང་ཚོགས་ཀྱིས་ཡང་དག་པའི་དྲ་རྒྱའི་བདེ་འཇགས་ལྟ་བ་འཛུགས་རྒྱུར་ཁྲིད་སྟོན་བྱེད་པ། དྲ་རྒྱའི་བདེ་འཇགས་འདུ་ཤེས་དང་འགོག་སྲུང་རྩལ་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས་པ་དང་། ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་དྲ་རྒྱའི་བདེ་འཇགས་འགོག་སྲུང་ལ་ཤུགས་སྣོན་རྒྱག་པ་དང་། དྲ་རྒྱའི་བདེ་འཇགས་དོན་རྐྱེན་གྱི་འཕྲལ་སྡོམ་བཀོད་འདོམས་ནུས་པའི་ཆུ་ཚད་མཐོ་རུ་གཏོང་བ། དྲ་རྒྱའི་བདེ་འཇགས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་དྲ་རྒྱའི་བདེ་འཇགས་ཀྱི་འགྲན་སློང་ལ་ཁ་གཏད་ཧུར་ཐག་གཅོག་དགོས།

    དྲ་རྒྱའི་བར་མཐོངས་བཅོས་སྐྱོང་དང་དྲ་རྒྱའི་ནང་དོན་འཛུགས་སྐྲུན་ལ་ཁྲིམས་ལྟར་ཤུགས་སྣོན་རྒྱག་པ་དང་། དྲ་ཐོག་གི་དྲང་ཕྱོགས་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ། གློག་འཕྲིན་དྲ་རྒྱའི་ཐོག་གི་ཁ་བསླུས་དང་སྤྱི་དམངས་མི་སྒེར་གྱི་གསང་དོན་ལ་བཙན་གནོད་བྱས་པ་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་བ། མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ། སྤྱོད་གཙང་གཞུང་དྲང་གི་དྲ་རྒྱའི་བར་མཐོངས་གཏོད་པ་བཅས་བྱས་ཏེ་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་དྲ་རྒྱའི་བདེ་འཇགས་ཀྱི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་མི་ཚོགས་ཀྱིས་ཁེངས་པ་དང་བྱེད་སྒོ་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། མཉམ་འབྲེལ་ཐོག་སྤེལ་བའི་ཚན་པ་དང་རང་སྐྱོང་ལྗོངས་དང་ཀྲུང་དབྱང་ཐད་གཏོགས་འབྲེལ་ཡོད་ཚན་པ་14དང་། ལྗོངས་ནང་ཁུལ་གྱི་དྲ་རྒྱའི་བདེ་འཇགས་ཁེ་ལས་18སོགས་ཀྱིས་ས་ཆ་དངོས་སུ་དྲ་རྒྱའི་བདེ་འཇགས་ཤེས་བྱ་འགྲེལ་བཤད་རྒྱག་པ་དང་། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ། དྲ་རྒྱའི་བདེ་འཇགས་ལག་རྩལ་གྱི་གྲུབ་འབྲས་སྟོན་པ་སོགས་ཀྱི་བྱེད་ཐབས་བརྒྱུད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་ལྗོངས་ལ་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཁྱབ་ཁོངས་སུ་ཐོབ་པའི་གྲུབ་འབྲས་གལ་ཆེན་གཅིག་སྡུད་ཐོག་མངོན་པར་བྱས་ཁར། མང་ཚོགས་ལ་དྲ་རྒྱའི་བདེ་འཇགས་ཀྱི་ཤེས་བྱ་དང་རྩལ་ནུས་ཁྱབ་གདལ་ཡང་བཏང་བ་རེད། ཡན་ཅིན་ཧའེ་ཕེབས་ཀྱིན་དུ་འགྲེམས་སྟེགས་ཁག་ལ་གཟིགས་པ་དང་སྐབས་རེར་འགྲེམས་སྟོན་ནང་ཞུགས་མཁན་ཚན་པ་དང་ཁེ་ལས་ཀྱི་ལས་དོན་མི་སྣ་དང་སྤེལ་རེས་གནང་ནས་གནས་ཚུལ་མཁྱེན་རྟོགས་གནང་བ་རེད།

    ཡན་ཅིན་ཧའེ་ཡིས། དྲ་རྒྱར་བདེ་འཇགས་མེད་ན་རྒྱལ་ཁབ་ལ་བདེ་འཇགས་མེད། ཆ་འཕྲིན་ཅན་མེད་ན་དེང་རབས་ཅན་མེད། དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དྲིལ་བསྒྲགས་དང་ལག་བསྟར་གཏིང་ཟབ་དང་། དྲ་རྒྱའི་བདེ་འཇགས་ལས་དོན་ཐད“མཐའ་འཁྱོངས་བཞི”བྱེད་དགོས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དྲིལ་བསྒྲགས་དང་ལག་བསྟར། ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྗོངས་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་དང་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་དྲིལ་བསྒྲགས་དང་ལག་བསྟར། ཏང་གིས་དྲ་རྒྱར་དོ་དམ་བྱ་རྒྱུ་མཐའ་འཁྱོངས། ཏང་གིས་དྲ་འཕྲིན་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་དྲ་འཕྲིན་བྱ་གཞག་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་སུ་མདུན་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས། དྲང་ནུས་ནི་སྤྱིའི་བླང་བྱ་ཡིན་པ། དོ་དམ་བྱེད་ཐུབ་པ་ནི་འགྱུར་མེད་ཀྱི་གནས་ལུགས་ཡིན་པ། ཡག་པོ་སྤྱོད་ཐུབ་པ་ནི་འཇོན་ཐང་ངོ་མ་ཡིན་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ནུས་ཤུགས་ཆེན་པོ་འདོན་པ་དང་འབད་བརྩོན་ཧུར་ཐག་བྱས་ནས་དྲ་རྒྱ་དང་ཆ་འཕྲིན་གྱི་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་དགོས། དྲ་རྒྱའི་ཁྱབ་སྤེལ་ཆོས་ཉིད་ཚན་རིག་དང་མཐུན་པའི་སྒོ་ནས་ངོས་འཛིན་བྱེད་པ་དང་རང་ལྗོངས་ཀྱི་དྲ་རྒྱ་དང་ཆ་འཕྲིན་བདེ་འཇགས་ཐད་འཕྲད་པའི་དུས་བབ་དང་ལས་འགན་ལ་དབྱེ་ཞིབ་ནན་ཏན་བྱས་ཏེ་དྲ་རྒྱ་འཛུགས་སྐྱོང་ཡག་པོ་དང་། དོ་དམ་ཡག་པོ། བེད་སྤྱོད་ཡག་པོ་བཅས་བྱས་ནས་དྲ་རྒྱ་བེད་སྤྱོད་དང་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་བསྟན་གནང་བ་རེད།

    ད་ཐེངས་ཀྱི་དྲིལ་བསྒྲགས་གཟའ་འཁོར་དེས་དྲ་ཐོག་དང་དྲ་ཕྱིའི་དྲིལ་བསྒྲགས་བྱེད་སྒོ་ཟུང་འབྲེལ་བྱ་རྒྱུ་གཙོ་གནད་དུ་བྱས་ཏེ། དྲ་སྦྲེལ་ཁེ་ལས་དང་ལས་རིགས་སྒྲིག་གཞིའི་སྟོབས་ཤུགས་སྐུལ་སློང་གང་ལེགས་བྱས་ནས་གཅིག་སྡུད་འགྲེམས་སྟོན་དང་། གསོ་སྦྱོང་འཛིན་གྲྭ བགྲོ་གླེང་ཚོགས་འདུ། ཤེས་བྱ་དང་རྩལ་ནུས་འགྲན་བསྡུར། དྲ་རྒྱའི་ཐད་གཏོང་ཁང་། སྤྱི་ཕན་བརྡ་ཆ། དྲ་ཐོག་གི་སློབ་ཁང་ཆུང་གྲས་སོགས་རྣམ་པ་སྣ་ཚོགས་ལ་བརྟེན་པ་དང་། ཚགས་པར་དང་དུས་དེབ། རླུང་འཕྲིན་བརྙན་འཕྲིན་ལས་ཁུངས། དྲ་ཚིགས། སྨྱན་སྦྱོར་གསར་པའི་ལས་སྟེགས་སོགས་ཀྱི་ཐབས་ལམ་བརྒྱུད་སྤྱི་ཚོགས་ཡོངས་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོའི་ནང་རྒྱ་ཁྱབ་ངང་ཞུགས་རྒྱུར་སྐུལ་སློང་བྱས་པ་དང་། དྲ་རྒྱའི་བདེ་འཇགས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་བ། དྲ་རྒྱའི་བདེ་འཇགས་ཀྱི་འདུ་ཤེས་དང་འགོག་སྲུང་རྩལ་ནུས་ཆེ་རུ་བཏང་ཡོད། ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་དོན་ཁང་གིས་ད་དུང་ལྗོངས་རྨང་བརྟན་དམངས་ཕན་གཞུང་དོན་ཁང་དང་མཉམ་འབྲེལ་བྱས་ཏེ། ལྗོངས་ཡོངས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་ལ་དྲིལ་བསྒྲགས་ཡིག་ཆ་བཀྲམ་ནས་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་རིང་དྲ་རྒྱའི་བདེ་འཇགས་སྒྲོག་འགྲེལ་ལས་དོན་སྤེལ་རྒྱུ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001393719651