བོད་ལྗོངས།
ཆེ་དགྲ་ལྷས་རང་ལྗོངས་ཀྱི་ཐོན་ལས་འཕེལ་རྒྱས་ལ་བརྟག་ཞིབ་གནང་བ།

    ཚེས་19དང་20ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་གཞིས་རྩེ་གྲོང་ཁྱེར་གམ་པ་རྫོང་དང་། ཁང་དམར་རྫོང་། དེ་བཞིན་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་བཅས་སུ་ཐོན་ལས་འཕེལ་རྒྱས་གཏོང་ཚུལ་སོགས་ལ་བརྟག་ཞིབ་གནང་བ་རེད།

    ཆེ་དགྲ་ལྷ་སྔ་རྗེས་སུ་གམ་པ་རྫོང་གུར་མེ་ཤང་བལ་ནག་ཞིང་པའི་ལུག་གསོ་ཚགས་ཆེད་ལས་མཉམ་ལས་ཁང་དང་། སྐྱིད་རུ་གྲོང་ཚོའི་སེམས་མཐུན་མཐའ་བརྟན་ལུག་གསོ་ཚགས་མཉམ་ལས་ཁང་། ལུག་མིག་མེ་ཏོག་འདེབས་འཛུགས་རྟེན་གཞི། ཁང་དམར་རྫོང་གཤོངས་ཚང་ཤང་ཨོ་ཀྲི་ནའི་ས་གཙང་མཛོ་གསོ་ཚགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཅས་དང་། དེ་བཞིན་རང་སྐྱོང་ལྗོངས་སྲོག་ཆགས་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས(ཕྱུགས་ལས་སྤྱི་ཁྱབ་ས་ཚིགས)ཀྱི་ཆུ་ཤུར་ཚོད་ལྟའི་ས་ཚིགས་སུ་ཕེབས་ནས་མཉམ་ལས་ཁང་གི་རྣམ་གྲངས་འཛུགས་སྐྲུན་མ་གནས་དང་། ཐོན་རྫས་ཐོན་ཚོང་། མང་ཚོགས་དེའི་ནང་ཞུགས་པ་དང་འབབ་འཕར་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། གཞི་རིམ་གྱི་འཐབ་ས་དང་པོའི་ལས་བྱེད་པ་དང་། མང་ཚོགས། རིགས་གཅིག་མཁས་ཅན་དང་ལག་རྩལ་མི་སྣ་བཅས་དང་སྤེལ་རེས་གཏིང་ཟབ་གནང་སྟེ། ཐོན་ལས་འཕེལ་རྒྱས་གཏོང་རིང་ལྷག་པའི་གནད་དོན་འདྲི་རྩད་དང་དབྱེ་ཞིབ་གནང་བ་དང་ཆབས་ཅིག དུས་བབ་གསར་པའི་འོག་གི་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་སྟངས་ལ་གྲོས་བསྡུར་ཡང་གནང་བ་རེད། རྒྱ་ཆེའི་གཞི་རིམ་ལས་བྱེད་པ་དང་ཚན་རྩལ་མི་སྣའི་ཁྲིད་སྟོན་དང་དཔལ་འབྱོར་ཡོང་འབབ་མངོན་གསལ་དོད་པའི་ལྕག་སྐུལ་འོག་གམ་པའི་ལུག་དང་། ལུག་མིག་མེ་ཏོག ཉག་ཆུའི་བ་བཅས་ཀྱི་འདེབས་འཛུགས་དང་གསོ་ཚགས་ནང་རྒྱ་ཆེའི་མང་ཚོགས་ཀྱིས་སྤྲོ་སེམས་རབ་ཏུ་འཕེལ་བཞིན་དུ་མཉམ་ལས་ཁང་ནང་ཧུར་ཐག་ཞུགས་ཡོད།

    ཆེ་དགྲ་ལྷས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་ང་ཚོར་འབད་འཐབ་དམིགས་ཚད་དང་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད་པས། ང་ཚོས་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཧུར་སེམས་དང་། རང་འགུལ་སེམས་པ། གསར་གཏོད་བྱེད་སེམས་བཅས་སྐོང་འཐེན་གང་ལེགས་བྱེད་པ་དང་། ཁོང་ཚོར་དཀའ་སྤྱད་ངལ་རྩོལ་བྱས་ནས་ཐོན་ལས་འཕེལ་རྒྱས་ཁྲོད་ཁེ་ཕན་ཐོབ་རྒྱུའི་སྐུལ་མ་གཏོང་བ། མང་ཚོགས་ཀྱིས་ཏང་དང་རྒྱལ་ཁབ་ལ་བློ་ཁ་ཕྱོགས་ཤུགས་དང་གོང་བུ་འགྲིལ་ཤུགས་སྔར་བས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་དགོས་ཞེས་གསུངས་པ་རེད།

    ཆེ་དགྲ་ལྷས། “ས་ཁོངས་རང་བཞིན་གྱི་སྤུས་རྟགས་གཏོད་རྒྱུ་དང་། ས་ཁམས་ཀྱི་ཚོང་རྟགས་གནད་སྨིན་བཟོ་རྒྱུ། སྤུས་ཚད་ཀྱི་ཚད་གཞི་ནན་དུ་གཏོང་རྒྱུ”བཅས་ལ་དམ་པོར་དམིགས་ཏེ་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་གཅིག་སྡུད་བྱེད་པ་དང་། ཁྱུ་ཚོགས་ཀྱི་སྦྲེལ་ཐག་མངོན་གསལ་དོད་པོ་ཡོང་བ་བྱེད་པ། ཐོན་ལས་ཀྱི་འགག་གནད་སྒྲོལ་ཐུབ་པ། སྒུལ་ནུས་གསར་པ་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ། དེང་རབས་ཀྱི་ཞིང་ལས་ཐོན་ལས་མ་ལག་དང་། ཐོན་སྐྱེད་མ་ལག གཉེར་སྐྱོང་མ་ལག་བཅས་གང་མགྱོགས་བཙུགས་ནས་ཞིང་འབྲོག་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་ནུས་པ་དང་དཔེ་མཚོན་སྣེ་ཁྲིད་ནུས་པ་མུ་མཐུད་འདོན་སྤེལ་བྱེད་པ་དང་། ཐོན་ཁུངས་སྣ་ཚོགས་བཀོད་སྒྲིག་ལུགས་མཐུན་བྱེད་པ། ལས་ཀའི་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱེད་པ། ཞིང་འབྲོག་ཁུལ་གྱི་ཆེད་ལས་མཉམ་ལས་རྩ་འཛུགས་སྔར་བས་འཚོལ་ཞིབ་དང་འཕེལ་རྒྱས་གཏོང་བ། ཁེ་ཕན་སྦྲེལ་མཐུད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རྩ་འཛུགས་ཅན་གྱི་ཚད་གཞི་མཐོ་རུ་གཏོང་བ། མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་བ། ངལ་རྩོལ་ནུས་ཤུགས་ལྷག་མ་སྤོ་སྒྱུར་ནུས་ལྡན་བྱེད་པ། རང་བརྟེན་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས། མང་ཚོགས་ལ་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཚན་རྩལ་བཀོལ་སྤྱོད་དང་ཁྱབ་སྤེལ་གཏོང་ཤུགས་ཆེ་རུ་བཏང་ནས་ཞིང་འབྲོག་མང་ཚོགས་དེ་བས་མང་བ་འདེབས་འཛུགས་དང་ཕྱིར་ཚོང་སོགས་ཀྱི་ལྷུ་ཚིགས་ཁག་ནང་ཞུགས་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ཏེ། ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་ལས་ཞུགས་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱེད་པ་དང་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་དགོས་པའི་ནན་བཤད་གནང་བ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001394611821