བོད་ལྗོངས།
ཝུའུ་དབྱིང་ཅེས་གཞི་རིམ་གྱི་ཞིང་འབྲོག་ཁུལ་དུ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ།

    ཚེས་12ཉིན་གྱི་སྔ་དྲོར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་གྲོང་རྡལ་ལྕགས་རུ་གྲོང་ཚོར་ཕེབས་ཏེ། གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་དང་ཞིང་འབྲོག་མང་ཚོགས་ཚོར་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་འབྲེལ། གྲོང་གསེབ་དར་རྒྱས་དང་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་ལྷན་དུ་ཕེབས་པ་རེད།

    རྒུ་རུམ་གྲོང་རྡལ་ལྕགས་རུ་གྲོང་ཚོས་2019ལོར“མཛེས་སྡུག་ལྡན་པའི་གྲོང་གསེབ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”འཛུགས་སྐྲུན་གྱི་བྱ་སྤྱོད་སྤེལ་ཚུན། སྡོད་མལ་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཏེ“ཐོན་ལས་དར་རྒྱས་དང་། སྣོད་བཅུད་སྡོད་མལ་ལ་འཚམ་པ། ཡུལ་སྲོལ་བཟང་བ། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག”བཅས་ཀྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་རྣམ་པ་རགས་ཙམ་ཆགས་ཡོད། ཝུའུ་དབྱིང་ཅེ་དེ་གར་ཕེབས་ཏེ་རྣམ་གྲངས་འཛུགས་སྐྲུན་དང་གྲོང་གསེབ་དར་རྒྱས་ལས་དོན་སྤེལ་ཚུལ་ལ་མཁྱེན་རྟོགས་གནང་ཞིང་། ས་གནས་དེ་གའི་འགན་འཁུར་བས། ལྕགས་རུ་གྲོང་ཚོ་ཡོངས་སུ་རྣམ་གྲངས་སྐུལ་འདེད་གཏོང་ཆེད་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི་3000ལྷག་ཙམ་བཏང་བ་རེད། རྣམ་གྲངས་དེ་གཞུང་ལམ་གྱི་མདོང་ལམ་སྒྱུར་བཀོད་དང་། ཁང་པའི་རྒྱབ་མདུན་གྱི་སྔོ་འགྱུར། སྤྱི་པའི་རིག་གནས་སྒྲིག་བཀོད་འཛུགས་སྐྲུན་སོགས་དང་འབྲེལ་བ་ཡོད། གཞན་ཡང་། ཐོན་ལས་དང་། རིག་གནས། སྣོད་བཅུད། ཤེས་ལྡན་མི་སྣ། རྩ་འཛུགས་སོགས་ཕྱོགས་མང་པོའི་ཐད་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བཞིན་ཡོད་ཅེས་བརྗོད་པ་རེད།

    “ཁྱིམ་དུ་ནང་མི་ག་ཚོད་ཡོད་དམ། ཁྱིམ་ཚང་གི་ཡོང་འབབ་ག་ཚོད་འདུག ཡོང་འབབ་ཡོང་ཁུངས་གཙོ་བོ་གང་རེད་དམ”ཞེས་ཞིང་འབྲོག་པ་ཏང་ཡོན་དབང་འདུས་ཀྱི་ཁྱིམ་དུ་ཝུའུ་དབྱིང་ཅེས་འབབ་འཕར་ཕྱུག་འགྱུར་གྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་ཆབས་ཅིག སྡོད་ཁང་དང་འཚོ་བའི་ཆ་རྐྱེན་ལ་གཟིགས་ཞིབ་ནན་ཏན་ཡང་གནང་བ་རེད།

    “ཁྱིམ་དུ་མི་5དང་ས་ཞིང་མུའུ་4ཡོད། ཞིང་དལ་སྐབས་སུ་ཕྱིར་གླ་པ་རྒྱུག་པར་འགྲོ་གི་ཡོད། ད་ལོ་ཡོང་འབབ་སྒོར་ཁྲི་6ལྷག་ཙམ་རག་བྱུང་། ང་ལ་བུ་མོ་གཉིས་ཡོད། བུ་མོ་གཅིག་ལས་ཀར་འགྲོ་བ་དང་གཅིག་སློབ་ཆེན་འགྲིམ་བཞིན་ཡོད། ང་རང་གཟུགས་པོ་ཐང་པོ་ཡོད་ལ། ནང་མི་ཚང་མའི་ལྟོ་གོས་ཐད་སེམས་ཁྲལ་མི་འདུག་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཏང་གི་སྲིད་ཇུས་བཟང་པོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་དབང་འདུས་ཀྱིས་ཝུའུ་དབྱིང་ཅེར་ཞུས་པ་རེད།

    དབང་འདུས་ཀྱི་ལན་གསན་རྗེས། ཁང་པའི་ནང་གི་ཅ་དངོས་གྲལ་སྒྲིག་པ་དང་ཁྱིམ་སྤྱོད་གློག་ཆས་དང་འཛིན་ཆས་ཆ་ཚང་པོ་ཡོད་པ་གཟིགས་སྐབས་ཝུའུ་དབྱིང་ཅེ་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ཁོང་གིས་དབང་འདུས་ལ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་འབྱུང་འགྱུར་ལོ་5དང་ཐ་ན་ལོ་15ཡི་རིང་གི་འཕེལ་རྒྱས་དམིགས་ཚད་དང་ལས་འགན་གཏན་འཁེལ་གནང་ཡོད། དེའི་ལྟེ་བའི་སྙིང་དོན་ནི་མི་དམངས་ཀྱི་ཡོང་འབབ་སྔར་བས་མཐོ་རུ་དང་། མི་དམངས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ། ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་བཅས་གཏོང་རྒྱུ་དེ་རེད། རྒྱ་ཆེའི་གཞི་རིམ་ཏང་ཡོན་ཚོས་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ཧུར་ཐག་བྱེད་པ་དང་། མང་ཚོགས་ཚོས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ། སྐྱོན་བྲལ་དང་ཤེས་དཔལ་ལྡན་པའི་འཚོ་བ་སྐྱེལ་སྟངས་དོན་གཉེར་བཅས་བྱས་ཏེ་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་རྒྱུར་སྐུལ་ཁྲིད་བྱེད་དགོས་ཞེས་གསུངས་པ་རེད།

    ལྕགས་རུ་གྲོང་ཚོ་ཨུ་ལྷན་དུ་ཝུའུ་དབྱིང་ཅེས་རང་ཉིད་ཀྱི་ཉམས་མྱོང་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་གནང་སྟེ། གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་དང་། ཞིང་འབྲོག་མང་ཚོགས། གྲྭ་བཙུན་བཅས་དང་བྱམས་བརྩེའི་སྤེལ་རེས་གནང་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་གཏིང་ཟབ་གནང་ཞིང་། ཁོང་གིས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཛུབ་ཁྲིད་བྱེད་ཕྱོགས་དང་། དམིགས་ཚད་གཙོ་བོ། ལས་འགན་གཙོ་བོ། བྱེད་ཐབས་གལ་ཆེན་བཅས་གསལ་པོར་བཏོན་པ་དང་། 2035ལོར་སླེབས་སྐབས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བའི་ཕུགས་ཀྱི་དམིགས་ཚད་ལ་རྒྱང་ལྟ་གསལ་པོ་བྱས་པ། མ་འོངས་པའི་ལོ་ལྔ་དང་ཐ་ན་དུས་ཡུན་དེ་བས་རིང་བའི་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བཅས་བྱས་ཡོད་པས། དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་ཡོད། དེར་བརྟེན་ང་ཚོས་ངེས་པར་དུ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་ལེན་རྒྱུ་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ནན་ཏན་བྱེད་དགོས་ཞེས་གསུངས་པ་རེད།

    ཝུའུ་དབྱིང་ཅེས་གསོན་ཉམས་དོད་པའི་རྣམ་པ་དང་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས། 2035ལོར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བའི་ཕུགས་ཀྱི་དམིགས་ཚད་དང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱེད་ཕྱོགས་རྩ་དོན་དང་དམིགས་ཚད་གཙོ་བོ་གསལ་འགྲེལ་གནང་ཞིང་། ཁོང་གིས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཁྱད་ཆོས་མངོན་གསལ་དོད་ཤོས་ནི་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དེ་ཡིན་པ་དང་། དེ་ལྟར་བྱེད་དོན་ནི་མི་རིགས་ཁག་གི་མང་ཚོགས་རྣམས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་བསྐྱལ་ནས་མཐར་ཐུན་མོང་ཕྱུག་འགྱུར་ཡོང་བ་བྱེད་རྒྱུ་དེ་ཡིན། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་བཏོན་པའི་དམིགས་ཚད་རེ་རེ་དང་བཀོད་སྒྲིག་རེ་རེ་ཚང་མ་མང་ཚོགས་དང་འབྲེལ་བ་དམ་ཟབ་ཡོད། དེ་དག་ཚང་མ་མི་རིགས་ཁག་གི་མང་ཚོགས་ཚོའི་ཐུན་མོང་འབད་བརྩོན་དང་ཁ་འབྲལ་ཐབས་མེད། རྒྱ་ཆེའི་གཞི་རིམ་ཏང་ཡོན་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ཚོས་བདག་པོའི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་སྟེ། བརྟན་ལྷིང་དང་། འཕེལ་རྒྱས། སྣོད་བཅུད། མཐའ་སྟོབས་བཅས་ཀྱི་ལས་དོན་ཁག་ནང་ཧུར་ཐག་ཞུགས་ནས་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གཡས་གཞོགས་གཡོན་འདེགས་དང་ལེགས་སྐྱེས་འབུལ་དགོས་པ་སྟེ། གཅིག་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ཧུར་ཐག་བྱེད་དགོས་ཤིང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་ནི། མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་འགན་འཁྲི་དང་འོས་འགན་ཡིན་པའི་ངོས་འཛིན་གསལ་པོ་བྱེད་པ་དང་། བོད་ནི་གནའ་སྔ་མོ་ནས་བཟུང་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་གསལ་པོ་བྱེད་པ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ངོ་བོར་ངོས་འཛིན་གསལ་པོ་བྱས་ཏེ། རང་རྟོགས་ངང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་ཕྱེ་ནས་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་མཐའ་དག་དང་འཐབ་རྩོད་བྱེད་ཕོད་པ་དང་། དར་ཆ་གསལ་སྟོན་གྱིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཆོས་ལུགས་སྤྱད་ནས་ཐོན་པའི་ཕན་མེད་ཤུགས་རྐྱེན་མེད་པར་བཟོ་བ། ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ་བཅས་བྱས་ཏེ། ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་བ་དང་ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོར་སྲུང་སྐྱོང་ཡག་པོ་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ནས་གཞི་རིམ་གྱི་དྲིལ་བསྒྲགས་བསམ་བློའི་རིག་གནས་ལས་དོན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ། མི་རིགས་ཁག་གི་མང་ཚོགས་ཚོས་ཀྲུང་ཧྭའི་རིག་གནས་ནི་ཐོག་མཐའ་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བརྩེ་བ་འཆང་ས་དང་བློ་གཏད་བཅོལ་ཡུལ་ཡིན་པ་དང་། བོད་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལུགས་ལ་་ངོས་འཛིན་ཐུབ་པ་བྱས་ནས། རིག་གནས་ཀྱི་མོས་སེམས་སྔར་བས་ཟབ་ཏུ་གཏོང་བ་དང་རང་རྟོགས་ངང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་དགོས། ལྷག་པར་དུ་གཞོན་ནུ་ལོ་ཆུང་སློབ་མའི་བསམ་བློའི་སློབ་གསོར་ཤུགས་སྣོན་བརྒྱབ་ནས་མི་རབས་རྗེས་མ་ཚོར་ཆུང་དུས་ནས་ཏང་ལ་དགའ་ཞེན་དང་། མེས་རྒྱལ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་ཡོང་བར་ཁྲིད་སྟོན་བྱེད་དགོས། དགོན་སྡེའི་གྲྭ་བཙུན་ཚོས་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ནས། རང་གནས་སའི་དགོན་སྡེའི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་ཡག་པོ་བྱེད་པ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ། འདུལ་ཁྲིམས་དང་བསྟན་དོན་ལ་དེང་རབས་ཀྲུང་གོའི་འཕེལ་རྒྱས་ཡར་ཐོན་གྱི་བླང་བྱ་དང་འཚམ་པ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་འཚམ་པའི་འགྲེལ་བཤད་ཧུར་ཐག་རྒྱག་པ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། གཉིས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནང་ཧུར་ཐག་ཞུགས་དགོས་ཤིང་། མི་རིགས་ཁག་གི་མང་ཚོགས་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕན་པ་ཐོབ་མཁན་ཡིན་ལ་དེའི་ནང་ཞུགས་མཁན་ཡང་ཡིན། དེར་བརྟེན་སེམས་ནུས་དེ་བས་མང་བ་ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་ལེགས་སུ་གཏོང་བའི་ཐོག་བཞག་ནས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ནང་ཧུར་ཐག་ཞུགས་ཏེ་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་དགོས། གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་དེ་འབད་འཐབ་དམིགས་ཚད་དུ་བྱས་ནས། དཀའ་ངལ་དང་རྙོག་དྲ་སྲིད་གཞུང་གིས་ཐག་གཅོད་བྱེད་པ་དང་། སྟབས་བདེ་དང་དངོས་ཕན་མང་ཚོགས་ལ་སྤྲོད་རྒྱུ་མཐའ་འཁྱོངས་བྱེད་པ། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གང་ཐུབ་བྱེད་པ། མང་ཚོགས་ལ་བྱ་བ་དངོས་མང་ཙམ་སྒྲུབ་པ་དང་དཀའ་གནད་མང་ཙམ་སེལ་བ་བཅས་བྱས་ཏེ་མང་ཚོགས་ཚོའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས། གསུམ་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ནང་ཧུར་ཐག་ཞུགས་དགོས་ཤིང་། སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ། གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་མཐའ་འཁྱོངས་བྱས་ནས་སྲུང་སྐྱོང་ཧུར་ཐག་བྱེད་པ་དང་། བྱས་རྗེས་ཧུར་ཐག་འཇོག་པ། སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། རང་བྱུང་ལ་བརྩི་འཇོག རང་བྱུང་ལ་བསྟུན་པ། རང་བྱུང་སྲུང་སྐྱོང་བཅས་བྱས་ཏེ། དུད་ཚང་ཚང་མར་སྐྱེ་ཤིང་ཡོད་པའི་གྲུབ་འབྲས་ཀྱི་རྨང་གཞིའི་ཐོག གྲོང་གསེབ་ཀྱི“ཉེ་འགྲམ་བཞིར”ཤིང་འཛུགས་ལས་དོན་ཤུགས་ཆེན་སྤེལ་ནས་ས་མཐོའི་སྲོག་ཆགས་དང་རྩྭ་རྩི་ཤིང་། རི་ཆུ་ཀླུང་གསུམ་སོགས་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས། བཞི་ནས་མཐའ་སྟོབས་མཐའ་བརྟན་ནང་ཧུར་ཐག་ཞུགས་དགོས་ཤིང་། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”ཧུར་ཐག་བྱས་ནས་ས་ཆ་སྦར་མཐིལ་ཙམ་ལའང་སྲུང་སྐྱོང་ཡག་པོ་བྱས་ཏེ། མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001395190361