བོད་ལྗོངས།
བོད་རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ།

    ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཝུའུ་དབྱིང་ཅེས་གསུང་བཤད་གནང་བ། ཆེ་དགྲ་ལྷས་ལས་དོན་བཀོད་སྒྲིག་གནང་བ།

    2020ལོའི་ཟླ་12ཚེས་25ནས་27ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ་རེད། ཚོགས་འདུའི་ལས་འགན་གཙོ་བོ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། གྲུབ་འབྲས་ལ་ཕྱོགས་སྡོམ་དང་དུས་བབ་ལ་དབྱེ་ཞིབ་བྱེད་པ། རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དང་2035ལོའི་ཕུགས་ཀྱི་དམིགས་ཚད་དང་དེ་བཞིན་སང་ལོའི་དཔལ་འབྱོར་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱེད་པ། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྙིང་སྟོབས་ཆེར་སྐྱེད་དང་དངོས་འཛིན་དངོས་སྒྲུབ་བྱ་རྒྱུར་སྐུལ་སློང་བྱེད་པ་བཅས་ཀྱི་ཐོག་ནས“ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་འཛུགས་པ་དང་གོམ་སྟབས་བརྟན་པོ་སྤོ་ཐུབ་པའི་འགན་ལེན་བྱེད་རྒྱུ་དེ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་གསུང་བཤད་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་སང་ལོའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ལ་བཀོད་སྒྲིག་ཞིབ་ཕྲ་གནང་བ་རེད།

    ཚོགས་འདུའི་ཐོག་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་བྱས་ཚུལ་གྱི་སྙན་ཞུ་གསན་པ། 《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དང་2035ལོའི་ཕུགས་ཀྱི་དམིགས་ཚད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་གྲོས་འགོ》དང《རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་གྲོས་ཆོད》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཝུའུ་དབྱིང་ཅེས《གྲོས་འགོ(གྲོས་བསྡུར་མ་ཟིན)》གྱི་ཐད་ཚང་འཛོམས་གྲོས་ཚོགས་ཐོག་གསལ་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཏེང་ཡེ་ཤན་དང་། ཀྲོང་ཡན། ཡན་ཅིན་ཧའེ། ཀྲང་ཞུའེ་ཅེ། ནོར་བུ་དོན་གྲུབ། བསྟན་ཁོ། ཅང་ཅེ། ཧོ་ཝུན་ཧའོ། པད་མ་དབང་འདུས། ལིའུ་ཅང་། ཝང་ཝུའེ་ཏུང་། ཁྲེན་ཡུང་ཆི་བཅས་ཚོགས་འདུར་ཕེབས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་ཚོགས་འདུར་ཞུགས་པ་རེད།

    ཚོགས་འདུའི་ཐོག་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ནི་རང་རྒྱལ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་གྲབས་ཡོད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་སྤྱི་ཡོངས་ཀྱི་རང་བཞིན་དང་ལོ་རྒྱུས་ཀྱི་རང་བཞིན་གྱི་དོན་སྙིང་ལྡན་པའི་ཚོགས་འདུ་ཞིག་རེད། ཚོགས་འདུ་གྲོལ་རྗེས། ཏང་ཀྲུང་དབྱང་གིས་སླར་ཡང་དཔལ་འབྱོར་ལས་དོན་ཚོགས་འདུ་འཚོགས་པ་དང་། དེས་ང་ཚོར་ཡིད་ཆེས་བརྟན་དུ་གཏོང་བ་དང་། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་དང་འཚམ་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་ལ་གལ་ཆེ་གཏིང་ཟབ་ཀྱི་དོན་སྙིང་ལྡན་ཡོད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱེད་པ་ནི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་འཕེལ་རིམ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རླབས་ཆེན་གྱི་བྱ་གཞག་བཅས་དང་འབྲེལ་བ་ཡོད་པས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུར་གཙོ་གནད་དམིགས་ནས་རང་ཉིད་ཀྱི་ལས་དོན་ཡག་པོ་སྒྲུབ་པར། ངེས་པར་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་མཐོ་ཚད་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། ཕྱོགས་ཡོངས་དང་གོ་རིམ་ལྡན་པའི་སྒོ་ནས་སྦྱོང་བ། བསམ་གཞིག་གཏིང་ཟབ་བྱས་ནས་སྦྱོང་བ། དོན་དངོས་དང་ཟུང་འབྲེལ་གྱིས་སྦྱོང་བ། བསམ་བློ་དང་བྱ་སྤྱོད་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་ལྷག་དོན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱེད་པ། བློ་གྲོས་དང་སྟོབས་ཤུགས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་གསལ་སྟོན་གནང་བའི་འཐབ་ཇུས་བཀོད་ཇུས་དང་དམིགས་ཚད་ལས་འགན་ཐོག་གཅིག་སྒྲིལ་བྱེད་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱེད་པ།“དོན་ཆེན་བཞི”ཡག་པོ་སྒྲུབ་པ་དང“འགན་ལེན་བཞི”ཐུབ་པའི་ཐད་འབད་བརྩོན་བྱེད་པ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་གསར་པ་ཕྱོགས་ཡོངས་ནས་འབྱེད་པ་བཅས་ཀྱིས་བྱ་སྤྱོད་ངོ་མར་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་ཞུ་ལུགས་མཚོན་པར་བྱེད་དགོས།

    ཚོགས་འདུའི་ཐོག་འདི་ལོ་དང“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་ཕྱོགས་སྡོམ་བྱས་ཤིང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ལོ་ལྔ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་འགོ་ཁྲིད་དང་རྒྱབ་སྐྱོར་གནང་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བའི་ལོ་ལྔ་དང་། རྒྱལ་ཡོངས་ཀྱིས་བོད་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དང་བོད་སྐྱོར་ལས་དོན་ཟམ་མི་ཆད་པར་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་འདེད་བཏང་བའི་ལོ་ལྔ། སྐབས་རིམ་བྱུང་གི་ཏང་ཨུད་དང་སྲིད་གཞུང་གིས་བཏིང་བའི་ལས་དོན་གྱི་རྨང་གཞི་བཟང་པོའི་ཐོག བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། མཐའ་སྐྱོང་བོད་བརྟན་གྱི་བྱེད་ཐབས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བ། བཅོས་སྐྱོང་གི་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་བཏང་བ་བཅས་ཀྱི་ལོ་ལྔ། རང་འགུལ་ངང་དོན་ཆེན་ལ་དམ་འཛིན་དང་དཀའ་གནད་ཐག་གཅོད་འོས་འཚམ་བྱས་ཏེ་ཚོད་བགམ་སྣ་ཚོགས་ཐེག་པའི་ལོ་ལྔ་བཅས་རེད། དེ་ལས་བོད་ཀྱི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་རྦད་དེ་ཡང་དག་པ་ཞིག་ཡིན་པ་དང་། བོད་ཀྱི་རྒྱུན་མཐུད་བརྟན་ལྷིང་དང་འཕེལ་རྒྱས་མྱུར་པོས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཀྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་ཆེད་རྨང་གཞི་བརྟན་པོ་བཏིང་བ་ལོ་ལྔའི་རིང་གི་ལག་ལེན་ལས་ར་འཕྲོད་གང་ལེགས་ཐུབ་པའི་ངོས་འཛིན་གཅིག་མཐུན་བྱས་པ་རེད།

    ཚོགས་འདུའི་ཐོག “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཕྲད་པའི་དཀའ་གནད་དང་འགྲན་སློང་ལ་དབྱེ་ཞིབ་བྱས་ཤིང་། སང་ལོ་ནས་བཟུང་ལོ་15ཡི་དུས་ཡུན་སྤྱད་དེ་དེང་རབས་ཅན་སྤྱིར་ན་བསྐྲུན་རྒྱུ་དང་། དེའི་རིང་གི་དུས་ཚོད་ཛ་དྲག་པ་དང་། ལས་འགན་ལྕི་བ། དཀའ་ཚེགས་ཆེ་བ་བཅས་ནི་སྔར་འབྱུང་མྱོང་མེད་པ་ཞིག་ཡིན་པས། ངེས་པར་དུ་སྤྱི་ཡོངས་གཉིས་བློ་ལ་འཆང་བ་དང་། རྒྱལ་ཁབ་ཀྱི་དོན་ཆེན་ལ་གདེང་ཚོད་ཡོད་པ། རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ། རང་ཉིད་ཀྱི་བྱ་བ་ཡག་པོ་སྒྲུབ་པར་གཞི་ཚུགས་པ། རྒྱལ་ཁ་འཐོབ་ངེས་ཡིན་པའི་ཡིད་ཆེས་བརྟན་དུ་གཏོང་བ། བྱས་འབྲས་ཐོབ་པར་ངས་མི་རྩོད་པ་དང་བྱས་རྗེས་འཇོག་པར་ང་ཡིས་འབད་པའི་གནས་ཚད་ལ་བརྟེན་པ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བློ་བརྟན་འགྱུར་མེད་ཀྱིས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་དེང་རབས་ཅན་ལ་བོད་ཀྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས་པའི་ནན་བཤད་བྱས་པ་རེད།

    ཚོགས་འདུའི་ཐོག སང་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བའི་ལོ་ཡིན་ལ།“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་ལེན་བསྟར་བའི་འགོ་ཚུགས་ལོ་ཡང་ཡིན་པས། སང་ལོའི་དཔལ་འབྱོར་གྱི་ལས་དོན་ཡག་པོ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཡོད། དེར་བརྟེན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར། ཆབ་སྲིད་ལ་སྣང་ཆེན་བྱེད་པའི་མཐོ་ཚད་ནས་དཔལ་འབྱོར་གྱི་ལས་དོན་སྒྲུབ་པ། བརྟན་ཐོག་ཡར་འཕེལ་གྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས། “དཀྲིས་པ་གསུམ་དང་ཕན་ཡོད་གཅིག”གི་བླང་བྱ་མགོ་ནས་མཇུག་བར་ཁྱབ་པ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་ལ་དམིགས་པ། མ་ལག་གི་འདུ་ཤེས་མཐའ་འཁྱོངས་བྱེད་པ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བརྗོད་དོན་གཙོ་བོར་འཛིན་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཟབ་ཏུ་གཏོང་བ་གཙོ་རྐང་དུ་འཛིན་པ། བརྟན་ལྷིང་དང་། འཕེལ་རྒྱས། སྣོད་བཅུད། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞི་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ། རྒྱལ་ཁབ་བདེ་འཇགས་དང་ཡུན་རིང་བདེ་འཁོད་འགན་ལེན། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་འགྲོ་བའི་འགན་ལེན་བྱེད་པ། སྣོད་བཅུད་ཁོར་ཡུག་ལེགས་པོ་ཡོང་བའི་འགན་ལེན་བྱེད་པ། མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཡོང་བའི་འགན་ལེན་བཅས་བྱས་ཏེ། ཕུལ་དུ་བྱུང་བའི་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་དགོས་ཞེས་བསྟན་པ་རེད། ད་དུང་ཚོགས་འདུའི་ཐོག་སང་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོ་བཏོན་པ་རེད།

    ཚོགས་འདུའི་ཐོག་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་དམ་འཛིན་ཡག་པོ་བྱས་ཏེ། རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་དགོས། སློབ་སྦྱོང་གི་རང་འགུལ་རང་བཞིན་ཆེ་རུ་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རླབས་ཆེན་འགན་འཁྲིའི་བརྩེ་སེམས་ལ་གོ་བ་གཏིང་ཟབ་ལེན་པ། རང་རྟོགས་ངང་བསམ་བློའི་ཐད་ཏང་གི་སྲོག་ཤིང་དང་ཉེ་བཅར་ཐུབ་པ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་མིག་ལྟོས་བྱེད་པ་བཅས་ཀྱི་ཐོག་ནས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་འཆང་བའི་ཆབ་སྲིད་ཀྱི་མོས་སེམས་དང་། བསམ་བློའི་མོས་སེམས། བརྩེ་སེམས་ཀྱི་མོས་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། སློབ་སྦྱོང་གི་བརྒྱུད་རིམ་རང་བཞིན་ལ་ཤུགས་སྣོན་བརྒྱབ་ནས་དགོངས་པ་འདིའི་ཚན་རིག་དང་མཐུན་པའི་མ་ལག་དང་། དགོངས་དོན་གྱི་ངོ་བོ། ལག་ལེན་གྱི་བླང་བྱ་བཅས་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ་ལས་ཀའི་ནང་དཀའ་ངལ་དང་གནད་དོན་གང་ཞིག་ཕྲད་ཀྱང་རང་འགུལ་ངང་དེའི་ཁྲོད་ནས་བསམ་ཕྱོགས་དང་། ཐབས་ཤེས། དྲིས་ལན་བཅས་འཚོལ་དགོས། སློབ་སྦྱོང་གི་དམིགས་སའི་རང་བཞིན་ཆེ་རུ་བཏང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱེད་པ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱེད་པའི་ནང་དོན་གལ་ཆེན་ལ་བརྩིས་ནས། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བཏིང་པའི་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་འཆར་འགོད་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱེད་དགོས།

    ཚོགས་འདུའི་ཐོག་བསྟན་དོན། དུས་རབས་གསར་པའི་བླང་བྱ་གསར་པ་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ་ལས་ཀའི་རང་འགུལ་རང་བཞིན་དང་གསར་གཏོད་རང་བཞིན་ཆེ་རུ་གཏོང་དགོས། རྩོད་སྒྲུབ་དང་། ཕྱོགས་ཡོངས། ཡུན་རིང་བཅས་ལ་བརྟེན་ནས་མིག་སྔའི་དུས་བབ་ལ་ལྟ་མཁས་པོ་བྱས་ཏེ་བསམ་བློའི་འདུ་ཤེས་མགྱོགས་པོ་སྒྱུར་བ་དང་། བསམ་བློའི་བཀག་རྒྱ་མེད་པར་བཟོ་བ། ཐབས་ལམ་ལ་བརྟེན་པ་ནས་སྒྲོལ་ཐབས་བྱེད་པ། རང་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི“དཀྲིས་པ་གསུམ་པ་དང་ཕན་པ་གཅིག”གི་འགན་འཁྲི་གསར་པ་ཕྱོགས་ཡོངས་དང་ཡང་དག་པའི་ངང་ཁོང་དུ་ཆུད་པ། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གཏོད་པའི་ངེས་གནས་གསར་པ་ཕྱོགས་ཡོངས་དང་ཡང་དག་པའི་ངང་ཁོང་དུ་ཆུད་པ། ཆོས་ལུགས་ལས་དོན་གྱི“དགེ་མཚན་ལྔ”ཡི་ཚད་གཞི་གསར་པ་ཕྱོགས་ཡོངས་དང་ཡང་དག་པའི་ངང་ཁོང་དུ་ཆུད་པ་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བའི་ལས་འགན་གསར་པ་ཕྱོགས་ཡོངས་དང་ཡང་དག་པའི་ངང་ཁོང་དུ་ཆུད་པ་བཅས་བྱེད་དགོས་པ་ལས། ལུས་པོ་དུས་རབས་གསར་པར་སླེབས་རུང་བསམ་བློ་དེ་སྔའི་གནས་སུ་གཏན་ནས་ལུས་མི་རུང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གསལ་སྟོན་བྱས་པའི་ལས་འགན་གསར་པ་དང་བླང་བྱ་གསར་པར་དམ་པོར་དམིགས་ཏེ། རང་འགུལ་ངང་ཚད་གཞི་དང་བསྡུར་ནས་ངོས་འཛིན་བྱེད་པ་དང་། རང་འགུལ་ངང་བསམ་གཞིག་གིས་འཆར་འགོད་བྱེད་པ། རང་འགུལ་ངང་བྱེད་ཐབས་ཞིབ་ཚགས་སུ་གཏོང་བ་བཅས་ཀྱིས་ད་ཡོད་ཀྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དང་བྱེད་ཐབས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་བའི་རྨང་གཞིའི་ཐོག དོན་དངོས་དང་ཟུང་འབྲེལ་དང་དུས་བསྟུན་འཕེལ་རྒྱས་ཀྱིས་སྤྱོད་གོ་ཆོད་པའི་ལས་དོན་གྱི་བྱེད་ཐབས་དང་གཞི་རྟེན་གྱི་དམ་འཛིན་བྱ་གཞི་འཚོལ་ཞིབ་བྱེད་པ་དང་། བྱ་བ་གང་ཞིག་སྒྲུབ་པ་དང་། བྱ་བ་གང་ཞིག་སྒྲུབ་ཐུབ་པ། ཉེ་དུས་བྱ་བ་གང་ཞིག་སྒྲུབ་པ། ཕུགས་སུ་བྱ་བ་གང་ཞིག་བསྒྲུབ་པ་བཅས་ལ་བསམ་བློ་གསལ་པོ་གཏོང་བ་དང་གསལ་པོ་ཤེས་པར་བྱེད་པ། སེམས་ནུས་ཡོད་རྒུས་རང་ཉིད་ཀྱི་བྱ་བ་ཡག་པོ་སྒྲུབ་པ་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ལ་ཐབས་བརྒྱ་ཇུས་སྟོང་གིས་སྐུལ་འདེད་གཏོང་དགོས།

    ཚོགས་འདུའི་ཐོག་བསྟན་དོན། རང་འགུལ་ངང་དཔལ་འབྱོར་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་དང་འཚམ་མཐུན་ཡོང་བ་བྱས་ཏེ། དུས་རབས་གསར་པའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་ནས“ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་འཛུགས་པ་དང་གོམ་སྟབས་བརྟན་པོ་སྤོ་བའི་འགན་ལེན་བྱེད་དགོས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆར་སྟངས་འཛིན་ནན་པོ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་གཙོ་རྐང་དུ་འཛིན་པ། མི་རིགས་ཀྱི་ལས་དོན་ཡག་པོ་ཏན་ཏིག་སྒྲུབ་པ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་ལ་སྐུལ་འདེད་གཏོང་བ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་དེ་བས་ཁྲིད་སྟོན་ཡག་པོ་བཅས་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཡུན་རིང་བདེ་འཁོད་མཐའ་གཅིག་ཏུ་འགན་ལེན་བྱེད་དགོས། འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་དང་། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མི་སེམས་གཅིག་སྒྲིལ་གྱི་ལས་དོན་ཏན་ཏིག་དང་གཏིང་ཟབ་སྒྲུབ་པ། གཡུལ་ས་གཙོ་བོ་དང་། ཁ་གཏད་གཙོ་བོ། བསམ་པའི་རླབས་རྒྱུན་གཙོ་བོ་བཅས་ལ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས། མང་ཚོགས་ལ་འབབ་འཕར་གཏོད་རྒྱུ་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ་དང་། དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་ལས་དོན་ཞིབ་ཚགས་དང་ཏན་ཏིག་སྒྲུབ་པ། “མཐོར་གཏོང་དྲུག”མངོན་འགྱུར་བྱས་ནས་ཉིན་བཞིན་ཆེ་རུ་འགྲོ་བའི་མི་དམངས་ཀྱི་སློབ་གསོའི་དགོས་མཁོ་སྐོང་བ། “འདུ་འགོད་ཆེ་གྲས་གསུམ”ལག་ལེན་ཡག་པོ་བསྟར་ནས་སྨན་བཅོས་འཕྲོད་བསྟེན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་མི་དམངས་ཀྱི་འཚོ་བའི་སྤུས་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་གཏོང་དགོས། རྣམ་གྲངས་འཛུགས་སྐྲུན་མགྱོགས་སུ་ཏན་ཏིག་གཏོང་བ་དང་། ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ནང་མཁོའི་མ་ལག་མགྱོགས་མྱུར་སྐྱེད་སྲིང་དང་འཐུས་སྒོ་ཚང་དུ་གཏོང་བ། སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་ཤུགས་ཆེན་གཏོང་བ། ཚན་རྩལ་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་འབད་བརྩོན་བྱེད་དགོས། སྣོད་བཅུད་བདེ་འཇགས་ཀྱི་མཐའ་ཚད་ཡག་པོ་སྲུང་བ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས། རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་ཤུགས་ཆེན་སྤེལ་བ་བཅས་བྱས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། བོད་སྐྱོར་རྒྱབ་སྐྱོར་གྱི་གཙོ་གནད་མཐའ་མཚམས་ལ་ཕྱོགས་རྒྱུར་སྐུལ་འདེད་གཏོང་བ་དང་། མཐའ་མཚམས་གྲོང་མིའི་འཚོ་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ། མཐའ་མཚམས་དང་གྲོང་གསེབ་འཛུགས་སྐྲུན་གྱི་བྱ་སྤྱོད་ལག་ལེན་བསྟར་བ། མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་མངའ་ཁོངས་ས་ཆ་ཆ་ཚང་མཐའ་གཅིག་ཏུ་སྲུང་སྐྱོང་བཅས་བྱས་ནས་མཐའ་མཚམས་སྟོབས་ཆེན་དང་། མཐའ་མཚམས་སྲ་བརྟན། མཐའ་མཚམས་དར་རྒྱས་བཅས་གཏོང་ཤུགས་ཆེ་རུ་གཏོང་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཏང་གིས་འགོ་ཁྲིད་གཙང་བཙན་མཐའ་འཁྱོངས་བྱས་ཏེ། ལས་བྱེད་པར་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པའི་ལྕག་སྐུལ་དང་། སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན། རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་རྩ་གནད་དང་ཆེད་དོན་འཆར་འགོད་ཁག་ཡག་པོ་བཟོ་བ། གཏིང་ཟབ་ལ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་ཆེད་འགན་ལེན་བརྟན་པོ་བྱེད་དགོས།

    ཚོགས་འདུའི་ཐོག་མིག་སྔའི་ལས་དོན་ཐད་བླང་བྱ་བཏོན་པ་སྟེ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་བཙུགས་ཏེ། བརྟན་ལྷིང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་བསམ་བློའི་ཐད་རིག་པ་ལྕགས་སྐུད་བཞིན་སྒྲིམ་པ། ཚད་མཐོའི་ཆབ་སྲིད་ཀྱི་དོགས་ཟོན་དང་དམག་འཐབ་ཀྱི་ཉེན་ཟོན་དུས་དང་རྣམ་པ་ཀུན་ཏུ་རྒྱུན་འཁྱོངས། མུ་མཐུད་མ་བྱུང་སྔོན་འགོག་རྩ་དོན་དུ་བཟུང་ནས་ལས་ཀ་བྱེད་པ་དང་། གནས་ཚུལ་ཚབས་ཆེན་མི་ལྷག་པའི་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ། རང་འགན་ཐེག་པ་ཁུར་ལེན་བྱེད་ཕོད་མིན་ཚད་གཞིར་བཟུང་ནས་ལས་བྱེད་པར་ལྟ་བ། གཙོ་གནད་དམིགས་ཚད་དང་། གཙོ་གནད་ས་ཁོངས་། གཙོ་གནད་ཁུལ། གཙོ་གནད་ལས་འགན་བཅས་ལ་དོ་དམ་ཚོད་འཛིན་ནན་པོ། ཆོས་ལུགས་ལས་དོན་གྱི་དོ་དམ་ལ་ཁྲིམས་བཞིན་ཤུགས་སྣོན། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ཟབ་ཏུ་གཏོང་བ། དྲ་རྒྱའི་འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་སྲུང་སྐྱོང་བཅས་བྱས་ནས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་ཡག་པོ་ཏན་ཏིག་བྱེད་དགོས། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་ཀྱིས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་དམ་འཛིན་ཡག་པོ་བྱས་ཏེ། རིམས་ནད་ཕྱི་ནས་མི་འགོ་བ་དང་ནང་དུ་མ་ཁྱབ་པར་བྱེད་པའི་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་སྒྲུབ་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། དཀའ་ངལ་དང་རྙོག་དྲ་སྲིད་གཞུང་གིས་ཐག་གཅོད་བྱེད་པ་དང་སྟབས་བདེ་དང་ཕན་པ་མང་ཚོགས་ལ་བསྐྲུན་རྒྱུ་མཐའ་འཁྱོངས། སྣེ་ཁྲིད་ནས་ཟ་མཁས་འཐུང་མཁས་བྱེད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་དང་། རེ་སྒུག་ཆེ་ཤོས་བྱེད་པ། སེམས་ཁྲལ་ཆེ་ཤོས་བྱེད་པ་བཅས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དང་། ལྷག་པར་དུ་བརྩེ་སེམས་ཟབ་མོའི་སྒོ་ནས་གཞི་རིམ་དུ་བསྐྱོད་དེ་འཚམས་འདྲིའི་བྱེད་སྒོ་སྤེལ་ནས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དང་། ས་བབ་ཤིན་ཏུ་མཐོ་ཁུལ་གྱི་གནས་སྤོས།“ས་ངན”གྱི་གནས་སྤོས། གཞི་ཁྱོན་དང་གཅིག་སྡུད་འོས་འཚམ་གྱི་མང་ཚོགས་ལ་སེམས་ཁུར་ཡག་པོ་བྱས་ནས་ཁོ་ཚོར་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་ཐུགས་ཁུར་གནང་ལུགས་དང་དྲོ་སྐྱིད་སྦྱིན་ལུགས་ཏན་ཏིག་ཚོར་བ་བྱེད་དགོས། གཟབ་རྒྱས་དང་སྤྲོ་སེམས་འཁོལ་བ་དང་དངོས་སྒྲུབ་གྲོན་ཆུང་མཐའ་འཁྱོངས་བྱས་ཏེ། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བའི་རྟེན་འབྲེལ་བྱེད་སྒོར་གྲ་སྒྲིག་ཡག་པོ་བྱེད་པ་དང་། ལོ་70དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ལ་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་པའི་འགྱུར་ལྡོག་ཧ་ཅང་ཆེན་པོ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་ཕྱོགས་ཡོངས་ནས་མངོན་པར་བྱེད་པ། རང་རེའི་ཏང་གིས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཐུན་མོང་ཐོག་འབད་འཐབ་བྱས་པའི་ཟིལ་རླབས་དགུང་འཕྱུར་གྱི་ལོ་རྒྱུས་ཀྱི་འཕེལ་རིམ་ཕྱོགས་ཡོངས་ནས་མངོན་པར་བྱེད་པ། གུང་ཁྲན་ཏང་ཡག་དང་། སྤྱི་ཚོགས་རིང་ལུགས་ཡག སྒྱུར་བཅོས་སྒོ་དབྱེ་ཡག རླབས་ཆེན་མེས་རྒྱལ་ཡག མི་རིགས་ཁག་གི་མི་དམངས་ཡག་བཅས་ཀྱི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ། ཆུ་འཐུང་དུས་ཆུ་འགོ་དྲན་པ་དང་ཏང་གི་བཀའ་དྲིན་མི་བརྗེད་པའི་མི་རིགས་ཁག་གི་མང་ཚོགས་ཚོའི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ནས། མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་ཕྱུག་པོ་ཆགས་པའི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། “དུས་ཆེན་གསུམ”འཆར་ལ་ཉེ་བས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས“བརྟན་པོ་འཛུགས་དགོས་པ་གསུམ”མཐའ་འཁྱོངས་བྱས་ཏེ། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་ནན་པོ་བྱས་ནས། སྤྱི་ཚོགས་ཡོངས་ཀྱི་སྣེ་ཁྲིད་དེ་ཧུར་བསྲི་གྲོན་ཆུང་དང་ཡ་རབས་ལྡན་པའི་སྒོ་ནས་དུས་ཆེན་གཏོང་བར་སྐུལ་ཁྲིད་བྱེད་དགོས། རིམ་པ་ཁག་གི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་དང་ཚུལ་མིན་སྤྱོད་ཚུལ་ནུས་ཤུགས་ཡོད་རྒུས་བཅོས་སྒྲིག་བྱས་ནས་དུས་ཆེན་རིང་སྤྱོད་བཟང་གཞུང་དྲང་ཡོང་བའི་འགན་ལེན་བྱེད་དགོས།

    ཚོགས་འདུའི་ཐོག ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། སྙིང་སྟོབས་ཆེར་སྐྱེད་དང་གསར་འབྱེད་གསར་གཏོད། བློ་སེམས་གཅིག་མཐུན་དང་དཀའ་སྤྱད་འབད་འཐབ། སྔོན་ནས་གཏན་འཁེལ་བའི་དམིགས་ཚད་དང་ལས་འགན་ལེགས་སྒྲུབ་ཧུར་ཐག་བྱེད་པ། ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་ཏང་དབུ་བརྙེས་ནས་ལོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཀྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།

    རྒྱལ་སྤྱིའི་གླུ་སྒྲའི་ཁྲོད་ཚོགས་ཆེན་གྲོལ་བ་རེད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001396261161