བོད་ལྗོངས།
བོད་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ལྟ་སྐུལ་ནུས་ལྡན་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་བ།

    2020ལོ་ཚུན་དུ། ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་དམིགས་ཚད་དང་། དམིགས་ཚད་ལེགས་སྒྲུབ་བྱས་ཚུལ། ཀྲུང་དབྱང་གི་ཆེད་དོན་སྐོར་གཟིགས་དང་དེ་བཞིན“ཕྱིར་མིག་ལྟ་བའི”ཚུར་ལན་བསམ་འཆར་དག་ཐེར་ལས་དོན་གྱི་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བཅས་ལ་དམིགས་ཏེ། ཆབ་སྲིད་ཀྱི་ལྟ་སྐུལ་རྒྱུན་ཆད་མེད་པར་འབུར་དུ་ཐོན་པ་དང་། རྒྱུ་གཏན་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་ལ་རྒྱུན་མཐུད་ངང་དོགས་ཟོན་དང་ཡོ་བསྲང་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད། 2020ལོའི་ཟླ་1ནས་ཟླ་10པའི་བར། ལྗོངས་ཡོངས་ཀྱིས་དབུལ་སྒྲོལ་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་177གྱི་མི་508ཞིབ་བཤེར་ཐག་གཅོད་བྱས་པ་དང་མི་146ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་པ་རེད།

    འབེན་ཡག་པོ་བཙུགས་ནས་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་པ།

    རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་འབྱུང་རྩ་ནས་གནད་དོན་འཚོལ་རྒྱུ་མཐའ་འཁྱོངས་ཀྱིས་ཐིང་རིམ་པའི་ལས་བྱེད་པས་སྣེ་ཁྲིད་པའི་ཆེད་དོན་བརྟག་ཞིབ་ཚོགས་ཆུང་བཏང་ནས་གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་དང་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ལ་དུས་ཡུན་ཉིན་20ཡི་བརྟག་ཞིབ་བྱས་པས། དབུལ་སྒྲོལ་འགག་སྒྲོལ་ཁྱབ་ཁོངས་ཀྱི་འབྱུང་རྐྱེན་རྙོག་འཛིང་ཆེ་བ་དང་གཞི་རིམ་གྱི་སྟོབས་ཤུགས་གཅིག་པུར་བརྟེན་ནས་ཐག་གཅོད་མི་ཐུབ་པའི་གནད་དོན་དང་དེ་བཞིན་དཔྱད་གཞི་མང་བ་དང་། ཞིབ་བཤེར་མང་བ། དཔྱད་ཞིབ་མང་བ་སོགས་ཀྱི་སྣང་ཚུལ་གཤམ་འོག་ཏུ་ཡོད་པ་དང་རྩ་བ་གོང་རིམ་ལ་ཐུག་པའི་དབུལ་སྐྱོར་ཁྱབ་ཁོངས་ཀྱི་གནད་དོན་ཤེས་རྟོགས་དང་ཡོ་བསྲང་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་རེད། དེ་དང་ཆབས་ཅིག་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཉེ་བའི་ལོ་ཤས་ནང་ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཁྲོད་ལྷག་པའི་གནད་དོན་ལ་ཆེད་མངགས་གསེད་བཀྲོལ་དང་ཕྱོགས་སྡོམ་བྱས་རྗེས། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ལ་ལྟ་སྐུལ་ལས་འགན་གྱི་གསལ་ཐོ་བཀྲམ་ཐོག་གཙོ་གནད་དུ་ལྟ་སྐུལ་བྱེད་དགོས་པའི་དོན་ཚན་ཡང་བཏོན་ནས་ལྟ་སྐུལ་ཐུབ་པ་བྱས་ཡོད།

    “ང་ཚོས་སྐོར་གཟིགས་དག་ཐེར་དང་ཆེད་དོན་ལྟ་སྐུལ་ཞིབ་བཤེར་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་དག་ཐེར་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོའི་ལྟ་སྐུལ་དང་། འཁྲིས་སུ་བཅར་ནས་ལྟ་སྐུལ། རིམ་པ་བཞིན་གནད་སྨིན་ལྟ་སྐུལ་བཅས་བྱེད་པ་དང་། དག་ཐེར་ལས་དོན་ལ་སྣང་ཆེན་བྱེད་ཚད་མི་འདང་བ་དང་། བྱེད་ཐབས་སྤྱོད་ཚད་མི་འདང་བ། འཕེལ་རིམ་འགོར་བ་བཅས་ལ་དུས་ཐོག་ཏུ་སྐུལ་མ་བཏང་བ་དང་དྲན་སྐུལ་བྱས་ནས་དག་ཐེར་གྱི་ལས་འགན་རྒྱུན་ཆད་མེད་པར་ནན་དུ་བཏང་བ་ཡིན”ཞེས་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་ངོ་སྤྲོད་བྱས། 2020ལོའི་ཟླ་10པའི་ཟླ་མཇུག་བར་ཀྲུང་དབྱང་ཆེད་དོན་སྐོར་གཟིགས་དང་དེ་བཞིན“ཕྱིར་མིག་ལྟ”རིང་རྩིས་སྤྲད་པའི་ལས་འགན་16ཚང་མ་དག་ཐེར་བྱས་ཟིན་པ་རེད།

    མདའ་ཡག་པོ་འཕངས་ནས་ཆད་གཅོད་བྱེད་ཤུགས་ཆེ་རུ་བཏང་བ།

    “དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་ནི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་འཛོལ་བའི་གནད་དོན་ཚབས་ཆེན་ཞིག་ཡིན་ཏེ། ཏང་དང་སྲིད་གཞུང་གི་གཟུགས་བརྙན་ལ་གནོད་འཚེ་གཏོང་བ་དང་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲིར་རྒྱབ་འགལ་བྱས་པ་ཞིག་ཡིན”རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་བཤེར་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཝུའེ་ཏུང་གིས། ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ལ་ཁྱབ་པར་བྱས་ཏེ། སྲིད་ཇུས་དོན་འཁྱོལ་དང་། རྣམ་གྲངས་ལ་སྐུལ་འདེད། མ་དངུལ་བེད་སྤྱོད། འགན་འཁྲི་དོན་འཁྱོལ་སོགས་ཀྱི་འགག་རྩའི་ལྷུ་ཚིགས་ལ་དམིགས་ནས་སྤྱོད་ཚུལ་དྲང་པོ་དང་ནན་པོ་མེད་པ་དང་ལས་དོན་དོན་ཐོག་ཏུ་མི་འཁྱོལ་བ་སོགས་ཀྱི་གནད་དོན་ལ་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་པ་དང་། གྲངས་གཞི་ཙམ་གྱི་དབུལ་སྒྲོལ་དང་། དབུལ་སྒྲོལ་རྫུས་མ། ལྐོག་ཟ་ཧམ་བཟུང་། རྫུན་ཞུ་ཧམ་ལེན། ཉེ་དགའ་ཕྱོགས་ཞེན་བཅས་ལ་ཐག་གཅོད་ནན་པོ་བྱེད་དགོས་ཞེས་བསྟན་ཡོད།

    རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར། ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཆད་གཅོད་དང་འགོག་ཟོན་མཉམ་སྤེལ་མཐའ་འཁྱོངས་བྱས་ཏེ་ཆད་པ་གཅོད་ཤུགས་ཆེ་རུ་བཏང་བ་དང་ཆབས་ཅིག་ཉེན་བརྡའི་ཟིལ་གནོན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། ན་ནིང་ཚུན་དུ། དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་གྱི་དཔེ་མཚོན་གྱོད་གཞི་66གི་མི་134བརྡ་ཁྱབ་བཏང་ནས་དམར་འདོན་བྱས་པས་གྱོད་གཞི་གཅིག་རྩད་ཆོད་ཚེ། ས་ཁོངས་གཅིག་ཟིལ་གྱིས་གནོན་པ་དང་ཕྱོགས་གཅིག་ལ་སློབ་གསོ་གཏོང་བའི་དམིགས་ཚད་མངོན་འགྱུར་བྱུང་ཡོད།

    རྩ་བ་ནན་པོ་བསྲུངས་ཏེ་རྒྱུན་དུ་ནས་བྱ་སྤྱོད་སྤེལ་བ།

    རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་འབྲེལ་ཡོད་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ལྟ་སྐུལ་གྱི་ངར་ཤུགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ཀྱིས་ཉམས་ཞན་ལྷུ་ཚིགས་ལ་དམིགས་ཏེ་རྒྱུན་གཏན་གྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་པ་དང་ལམ་ལུགས་དང་སྒྲིག་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་གནད་དོན་ཐོན་རྒྱུར་སྔོན་འགོག་ཏན་ཏིག་བྱས་པ་རེད།

    རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་སྒྲིག་བཤེར་ལྟ་སྐུལ་དང་། ལྟ་ཞིབ་ལྟ་སྐུལ། བཅའ་སྡོད་ལྟ་སྐུལ་བཅས་མཉམ་ལས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྒྲིག་ཨུད་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། བཅའ་སྡོད་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་། བཅའ་སྡོད་ཚན་པའི་ཏང་ཙུའུ(ཏང་ཨུད)ཡི་མཉམ་འགུལ་ལམ་སྲོལ་བཅས་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་ཐུན་མོང་ཐོག་སྐོང་འདྲི་དང་བཅར་འདྲི་བརྟག་ཞིབ་སོགས་ཀྱི་བྱེད་ཐབས་བརྒྱུད། རྒྱུན་ཆད་མེད་པར་རིམ་པ་བཞིན་གནོན་ཤུགས་སྤྲད་ནས་འབྲེལ་ཡོད་ཚན་པས་ལམ་ལུགས་ཀྱི་ཞན་ཆ་སེལ་བ་དང་ལྟ་སྐུལ་དོ་དམ་གྱི་སྟོང་ཆ་གསབ་རྒྱུར་སྐུལ་འདེད་བཏང་ཡོད།

    རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། ཞིབ་བཤེར་རྩད་གཅོད་ཐུབ་པའི་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་གྱི་དཔེ་མཚོན་གྱོད་དཔེ་45རྩོམ་འབྲི་བྱས་པ་དང་འབྲེལ། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ལ་བཀྲམ་ནས་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་ལྷག་པར་དུ་གཞི་རིམ་གྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་གྱོད་གཞི་ཐོན་པའི་རྒྱུ་རྐྱེན་དང་། ངོ་བོ། ཆོས་ཉིད་བཅས་དང་དེ་བཞིན་ཐོན་པའི་བྱེད་ཐབས་སོགས་བརྒྱུད། བསམ་བློའི་ངོས་འཛིན་མཐོ་རུ་བཏང་བ་དང་བྱེད་སྟབས་དང་ཐབས་ཤེས་གསར་གཏོད་བྱས་ནས་དབུལ་སྐྱོར་ཁྱབ་ཁོངས་ཀྱི“ཧམ་བཟུང”སོགས་ཀྱི་བྱེད་སྤྱོད་ལ་འགོག་ཟོན་དང་ཡོ་བསྲང་མཐའ་གཅིག་ཏུ་བྱས་ཡོད། མིག་སྔའི་བར་2019ལོར་བརྡ་ཁྱབ་བཏང་བའི་རྫོང(ཆུས)10ཡི་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ཚང་མས་གྱོད་ཐོ་འགོད་པ་དང་ཞིབ་བཤེར་རྩད་གཅོད་ཀྱི་ལས་དོན་ལེགས་པར་བསྒྲུབས་ཡོད་པ་རེད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001396429731