བོད་ལྗོངས།
ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་བློ་མཐུན་ཉི་མ་བཀྲ་ཤིས་ལ“ལྗོངས་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན”གྱི་མཚན་སྙན་རྗེས་སྤྲོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས།

    (2020ལོའི་ཟླ་12ཚེས་18ཉིན)

    ཉི་མ་བཀྲ་ཤིས། ཕོ། བོད་རིགས། བོད་ལྗོངས་གྲ་ནང་བ། 1965ལོའི་ཟླ་4པར་འཁྲུངས། 1985ལོའི་ཟླ་7པར་ལས་ཀར་ཞུགས། 1995ལོའི་ཟླ་6པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། སྐུ་འཚོ་བཞུགས་སྐབས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱི་རྒྱུན་ཨུ། ཀྲུང་གུང་བོད་རང་སྐྱོང་ལྗོངས་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་རྗེས་སྣོན་ཨུ་ཡོན། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚན་ཧྲི། བོད་རང་སྐྱོང་ལྗོངས་ཚན་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཡོན་ཀྲང་བཅས་གནང་མྱོང་། 2020ལོའི་ཟླ་9ཚེས་5ཉིན་མངའ་རིས་ས་ཁུལ་དུ་ཞིང་ལས་སྐྱེ་དངོས་ཀྱི་སོན་རྒྱུ་ཐོན་ཁུངས་ཡོངས་ཁྱབ་ཞིབ་བཤེར་དང་བསྡུ་ལེན་ལས་དོན་སྒྲུབ་པའི་ལམ་བར་དུ་སྟབས་མ་ལེགས་པར་རླངས་འཁོར་གྱི་ལས་འཛོལ་ཐོན་ནས་སྐུ་གཤེགས་པ་དང་། སྐུ་གཤེགས་སྐབས་དགུང་ལོ་55ཡིན་པ་རེད།

    བློ་མཐུན་ཉི་མ་བཀྲ་ཤིས་ནི་ཏང་གིས་གསོ་སྐྱོང་བྱས་པའི་ཕུལ་བྱུང་གི་གྲངས་ཉུང་མི་རིགས་ཀྱི་ཏང་ཡོན་ལས་བྱེད་པ་དང་། རང་ལྗོངས་ཀྱི་བོད་རིགས་སོ་ནམ་རིག་པའི་འབུམ་རམས་པ་དང་པོ་དང་ཞིང་ལས་སྐྱེ་དངོས་ཀྱི་སོན་གསོའི་ཐད་ཀྱི་དབུ་བཞུགས་ཚན་རིག་མཁས་ཅན། ལྗོངས་ཡོངས་ཀྱི་ཞིང་འབྲོག་ཚན་རྩལ་ཁོངས་གཏོགས་ཁྲོད་ཐོན་པའི་ཕུལ་བྱུང་གི་འཐུས་མི་བཅས་རེད། ཡུན་རིང་ནང་ཁོང་གིས་ནས་ཀྱི་བྱ་གཞག་ལ་རྩེ་གཅིག་ཏུ་གཞོལ་ཏེ་རང་སྐྱོང་ལྗོངས་ཀྱི་ནས་ཀྱི་ཆ་རྡུལ་སྐྱེ་དངོས་རིག་པའི་རྒྱུད་འདེད་སོན་གསོ་ཚོད་ལྟ་ཁང་དང་པོ་བཙུགས་པ་དང་ནས་ཀྱི་ས་བོན་གསོ་བའི་དུས་ཡུན་རིང་གཏོང་དང་གསོ་འཕེལ་རྟེན་གཞི་བཙུགས་ཏེ་ནས་སོགས་གྲང་བཟོད་སྐྱེ་དངོས་ཀྱི་ས་བོན་གསོ་སྤེལ་གྱི་འཕེལ་རིམ་མགྱོགས་སུ་བཏང་གནང་ཡོད།

    ལོ་30ལྷག་ཙམ་རིང་ཁོང་གིས་ཚོགས་པའི་སྣེ་ཁྲིད་དེ་སྔ་རྗེས་སུ་ནས་ཀྱི་སོན་གསར་རིགས་20ལྷག་ཙམ་འདེམས་གསོའི་གཙོ་འགན་འཁུར་བ་དང་། བོད་ཀྱི་ཞིང་ནང་སྐྱེ་དངོས་ཚད་ལྡན་ཅན་གྱི་འདེབས་གསོ་ལག་རྩལ་ཁག་12ཞིབ་བཟོ་བྱས་པ། ཁྱོན་བསྡོམས་སོན་གསར་དང་ལག་རྩལ་གསར་པ་མུའུ་ཁྲི་1300ལྷག་ཙམ་དུ་དཔེ་སྟོན་ཁྱབ་གདལ་བཏང་ནས་བོད་ཀྱི་ལོའི་འབྲུ་རིགས་ཐོན་འབོར་ཏུན་ཁྲི་100ལས་བརྒལ་བར་ལེགས་སྐྱེས་གལ་ཆེན་ཕུལ་ནས་གངས་ལྗོངས་ས་མཐོའི་ཞིང་འབྲོག་པ་ཁྲི་སྟོང་མང་པོར་ཕན་པ་ཐོབ་ཡོད། ཁོང་གིས་ས་མཐོའི་ཞོག་ཁོག་ཐོན་ལས་འཕེལ་རྒྱས་ལ་ཐུགས་ནུས་གང་ཡོད་བཏོན་ནས་རྒྱལ་ཡོངས་ཀྱི་ཞོག་ཁོག་འདེབས་འཛུགས་ལས་སྣོན་ཁེ་ལས་བོད་དུ་གདན་དྲངས་ཏེ་ལག་རྩལ་མཛུབ་ཁྲིད་དང་རྒྱབ་སྐྱོར་བྱས་ཡོད། 2019ལོར་རྣམ་གླིང་རྫོང་དུ་མུའུ་1800ཟིན་པའི་ཞོག་ཁོག་ནད་མེད་ཚོད་ལྟའི་རྟེན་གཞི་བཙུགས་པ་དང་2020ལོར་བོད་ཀྱི་ཆུ་ལུད་གཞི་གཅིག་ཅན་དང་བརྒྱུད་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་གྱི་མུའུ་ཁྲི་ཟིན་པའི་ཞོག་ཁོག་འདེབས་གསོ་རྟེན་གཞི་དང་པོ་དེ་བཙུགས་པ་རེད། ཁོང་གིས་བོད་ཀྱི་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་ལ་དོ་ཁུར་གནང་སྟེ་ཡངས་པ་ཅན་གྲོང་རྡལ་དང་རྒྱས་དར་ཤང་རྒྱ་རྡོ་གྲོང་ཚོར་ཚོད་ལྟའི་རྟེན་གཞི་བསྐྲུན་ནས་ཉམས་ཞན་རྩྭ་ར་སླར་གསོ་དང་བཅོས་སྐྱོང་ལག་རྩལ་འཚོལ་ཞིབ་བྱས་པ་རེད། ཁོང་གིས་བོད་ཀྱི་སྐམ་ཞིང་སྐྱེ་དངོས་ཀྱིས་རྨོ་ཞིང་རྒྱ་ཁྱོན་གྱི་60%ཟིན་པའི་དོན་དངོས་ལ་དམིགས་ཏེ་བོད་ནུབ་སྐམ་ཞིང་ཞིང་ལས་ཀྱི་ཕྱོགས་བསྡུས་ཚོད་ལྟ་ས་ཚིགས་འཛུགས་རྒྱུར་གཙོ་ཁྲིད་དང་སྐུལ་འདེད་བཏང་སྟེ་སྐམ་ཞིང་ཞིང་ལས་འཕེལ་རྒྱས་དང་ཞིང་པ་འབབ་འཕར་ཡོང་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། ཁོང་གིས་ཞིང་འབྲོག་ཚན་རྩལ་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་རིག་གཞུང་ཚོགས་འདུ་ཐེངས་4སྣེ་ཁྲིད་ཀྱིས་སྒྲིག་འཛུགས་གནང་སྟེ་རྒྱལ་སྤྱིའི་མཁས་དབང་དེ་བས་མང་བས་འཕེལ་རྒྱས་འགྲོ་བཞིན་པའི་བོད་ལྗོངས་ངོ་མ་ཞིག་མཐོང་ཐུབ་པ་གནང་ཡོད། བློ་མཐུན་ཉི་མ་བཀྲ་ཤིས་སྐུ་འཚོ་བཞུགས་སྐབས་རྒྱལ་ཁབ་ཀྱི་ཁག་གཉིས་པའི“མི་ཁྲིའི་འཆར་གཞིའི”སྣེ་ཁྲིད་ཤེས་ལྡན་མི་སྣ་དང་རང་སྐྱོང་ལྗོངས་ཀྱི་རིག་གཞུང་ལག་རྩལ་གྱི་སྣེ་ཁྲིད་མི་སྣར་བདམས་ཐོན་བྱུང་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོག་སྣོན་ལོངས་སྤྱོད་བྱེད་པའི་རིགས་གཅིག་མཁས་ཅན་ཡིན་པ། “རྒྱལ་ཡོངས་ཀྱི་སྔོན་ཐོན་ལས་དོན་པ”དང“རྒྱལ་ཡོངས་ཞིང་ལས་ཀྱི་ཕུལ་བྱུང་ཤེས་ལྡན་མི་སྣ”སོགས་ཀྱི་མཚན་སྙན་ཐོབ་པ། ཧོ་ལའང་ཧོ་ལི་ཐེབས་རྩྭའི་ས་ཁོངས་ཚན་རྩལ་གསར་གཏོད་བྱ་དགའ་དང་། སྐབས་བཞི་པའི་ཀྲུང་གོའི་ཕུལ་བྱུང་གཞོན་ནུ་ཚན་རྩལ་གསར་གཏོད་བྱ་དགའ། རང་སྐྱོང་ལྗོངས་ཀྱི“ཁུལ་གསུམ་དང་ཀྲོའུ་གསུམ”བྱ་གཞག་ཚན་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་བྱ་དགའི་བྱས་རྗེས་ཆེན་པོ་བཀོད་པའི་མི་སྒེར་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།

    བློ་མཐུན་ཉི་མ་བཀྲ་ཤིས་ཕུགས་བསམ་དང་དད་སེམས་བརྟན་པོ་ཡོད་པ་དང་། སྐུ་ཚེ་ཧྲིལ་པོར་ཏང་ལ་དགའ་ཞེན་བྱེད་པ་དང་། རྒྱལ་ཁབ་ལ་ཞབས་འདེགས་ཞུ་བ། དམངས་ཆེད་ལེགས་སྐྱེས་ཕུལ་བ། འཚོལ་ཞིབ་བྱེད་ཕོད་པ། གཟབ་ནན་དངོས་སྒྲུབ་ཀྱི་སྙིང་སྟོབས་ཐོག་ནས་བོད་ཀྱི་ཞིང་འབྲོག་ལས་ཚན་ཞིབ་བྱ་གཞག་ལ་སྟོབས་ཤུགས་གང་ཡོད་བཏོན་གནང་བ་དང་བྱ་སྤྱོད་དངོས་ལ་བརྟེན་ནས་གུང་ཁྲན་ཏང་ཡོན་ཞིག་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་ཡོད་པས་དུས་རབས་གསར་པའི་ཏང་ཡོན་ལས་བྱེད་པའི་སྔོན་ཐོན་དཔེ་མཚོན་ཞིག་རེད། བློ་མཐུན་ཉི་མ་བཀྲ་ཤིས་ཀྱི་སྔོན་ཐོན་མཛད་རྗེས་ལ་སློབ་སྦྱོང་བྱ་ཆེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བློ་མཐུན་ཉི་མ་བཀྲ་ཤིས་ལ“ལྗོངས་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན”གྱི་མཚན་སྙན་རྗེས་སྤྲོད་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་བློ་མཐུན་ཉི་མ་བཀྲ་ཤིས་ལ་སློབ་སྦྱོང་བྱས་ཏེ་བློ་མཐུན་ཉི་མ་བཀྲ་ཤིས་ལྟར་ཏང་ལ་ལྷག་བསམ་རྣམ་དག་དང་དད་སེམས་བརྟན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། ཏང་དང་མི་དམངས་ཀྱི་བྱ་གཞག་ཐོག་མཐའ་བར་གསུམ་དུ་སེམས་ལ་འཇོག་པ། རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་བྱེད་པ། འགྱུར་མེད་དམ་བཅའ་ལས་ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་འབད་འཐབ་ལྷོད་མེད་བྱེད་པ་དང་། བློ་མཐུན་ཉི་མ་བཀྲ་ཤིས་ལྟར་དམིགས་ཡུལ་བློ་ལ་བརྟན་པོར་ངེས་པ་དང་མང་ཚོགས་ལ་བསམ་བློ་གཏོང་བ་དང་། ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས་ལ་བརྟེན་ནས་ཐོག་མའི་བསམ་འདུན་སྐྱོང་བ། འགྱུར་མེད་སྲ་བརྟན་གྱི་འདུ་ཤེས་ལ་བརྟེན་ནས་ཐོག་མའི་བསམ་འདུན་ལག་ལེན་བསྟར་བ། ཐོག་མཐའ་བར་གསུམ་དུ་མི་དམངས་ལངས་ཕྱོགས་གསལ་པོ་རྒྱུན་འཁྱོངས་བཅས་བྱས་ནས་མང་ཚོགས་རང་ཉིད་ཀྱི་གཉེན་ཉེར་བརྩི་བ་དང་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་ཚེ་གང་གི་བྱ་གཞག་ལ་བརྩི་བ། བློ་མཐུན་ཉི་མ་བཀྲ་ཤིས་ལྟར་འགན་འཁྲི་སེམས་ལ་ངེས་པ་དང་བཀོད་སྒྲིག་ལ་བརྩི་སྲུང་ཞུ་བ་དང་། འགན་འཁྲི་ལྕི་པོ་རྟོགས་ཤིང་ཐེག་ཐུབ་པ། འགག་སྒྲོལ་དཀའ་སེལ་བྱེད་པ། ཏང་དང་མི་དམངས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པའི་ས་ཆར་རང་དོན་རྒྱབ་སྐྱུར་གྱིས་མདུན་སྐྱོད་བྱེད་པ་དང་གསར་འབྱེད་གསར་གཏོད་བྱེད་པ། སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བ་དང་བྱས་རྗེས་འཇོག་པ་དང་། བློ་མཐུན་ཉི་མ་བཀྲ་ཤིས་ལྟར་རང་གཅུན་ནན་པོ་དང་སྒེར་སེམས་མེད་པ་དང་། དཀའ་སྡུག་སྔོན་ལ་མྱོང་བ་དང་སྐྱིད་པོ་རྗེས་སུ་བྱེད་པ། མེས་རྒྱལ་དང་ཚན་རིག་ལ་དགའ་ཞེན། བློ་གཅིག་སེམས་གཅིག་ངང་ཤེས་ཡོན་ལ་བརྩོན་ཞིང་ཁེ་གྲགས་ལ་མ་བལྟོས་པར་ཞིབ་འཇུག་བྱེད་པ། ཐོག་མཐའ་བར་གསུམ་དུ་བབ་ཆགས་དང་ལྷག་བསམ་རྣམ་དག་རྒྱུན་འཁྱོངས་བཅས་བྱས་ནས་བྱ་སྤྱོད་དངོས་ལ་བརྟེན་ནས་རང་རྟོག་ངང་གུང་ཁྲན་ཏང་ཡོན་གྱི་རིན་ཐང་ལྟ་བ་དང་ཚན་རིག་མཁས་ཅན་གྱི་ཐོག་མའི་འགན་འཁྲི་ལག་ལེན་བསྟར་དགོས་པའི་འབོད་སྐུལ་བྱས་པ་རེད།

    ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་བློ་མཐུན་ཉི་མ་བཀྲ་ཤིས་ཀྱི་སྔོན་ཐོན་མཛད་རྗེས་སློབ་སྦྱོང་བྱ་རྒྱུ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དང་ཟུང་འབྲེལ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བའི་ནང་དོན་གལ་ཆེན་དུ་བརྩི་བ། བྱ་ཐབས་སྣ་མང་ལ་བརྟེན་ནས་སློབ་སྦྱོང་དང་དྲིལ་བསྒྲགས་རྒྱ་ཁྱབ་བྱེད་པ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་ཁྲིད་སྟོན་བྱས་ཏེ། སྔོན་ཐོན་དཔེ་བཟང་མིག་དཔེར་འཛིན་པ་དང་། སྔོན་ཐོན་དང་དཔེ་མཚོན་ལ་མིག་ལྟོས་བྱེད་པ། ཐོག་མའི་བསམ་འདུན་དང་བླ་སྲོག་མཉམ་འདྲེས་ཐུབ་པ། འགན་འཁྲི་ཕྲག་ཏུ་འཁུར་བ། དུས་དང་རྣམ་པ་ཀུན་ཏུ་རིག་པ་དྭངས་གསལ་རྒྱུན་འཁྱོངས། རྒྱུན་ཆད་མེད་པར་སྙིང་སྟོབས་རབ་འཕེལ། བྱེད་ཕོད་པ་དང་སྒྲུབ་ཐུབ་པ། དུས་ཚོད་དམ་འཛིན་དང་། འབད་འབུངས་ཡར་བརྩོན། རང་འཁྲིའི་ལས་གནས་ལ་གཞི་ཚུགས་ཏེ་སྔོན་གཏོད་ལེགས་བརྩོན་ཧུར་ཐག་བྱེད་པ་བཅས་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001396450501