བོད་ལྗོངས།
བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན།

    —— 2021ལོའི་ཟླ་དང་པོའི་ཚེས་21ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་ཚབ་ཞིབ་དཔྱོད་ཀྲང་། ཤཱ་ཁེ་ཆིང་།

    2020ལོའི་ལས་དོན་གཙོ་བོ།

    འཐུས་མི་རྣམ་པ།

    ངས་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་ལས་དོན་སྙན་སྒྲོན་ཞུ་རྒྱུ་ཡིན་པས། གྲོས་ཞིབ་གནང་རོགས་ཞུ་རྒྱུ་དང་སྦྲགས་རང་སྐྱོང་ལྗོངས་སྲིད་གྲོས་ཨུ་ཡོན་རྣམ་པ་དང་ཚོགས་འདུར་ཟུར་ཞུགས་གནང་མཁན་གྱི་བློ་མཐུན་རྣམ་པས་ཀྱང་དགོངས་འཆར་འདོན་རོགས་གནང་།

    ཀྲུང་གོ་གསར་པའི་ལོ་རྒྱུས་ཐོག་སྤྱིར་བཏང་གཏན་ནས་མིན་པའི་ལོ་འདིར། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་ཆེས་མཐོའི་ཞིབ་དཔྱོད་ཁང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ལྷག་པར་དུ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་དང་སྲིད་ཁྲིམས་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་རྩ་བའི་གཞི་འཛིན་སར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཤིང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ། དེ་བཞིན་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་ལས་དོན་ཚོགས་འདུ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ་དང་། ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ“འདུ་ཤེས་བཞི”ཟབ་དུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་པ་དང་སྦྲགས། རང་སྐྱོང་ལྗོངས་ཏང་ཨུད་དང་ཆེས་མཐོའི་ཞིབ་དཔྱོད་ཁང་གི་ཐབས་ཇུས་བཀོད་སྒྲིག་ཁག་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་ཆོད་ཀྱི་བླང་བྱར་གཞིགས་ཏེ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ལྷག་བསམ་རྣམ་དག་གིས་བསྒྲུབས་པར་བརྟེན། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་དང་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པར་ཞབས་ཞུ་སྒྲུབ་པ་དང་འགན་སྲུང་བྱེད་པའི་ཐད་འགྱུར་ལྡོག་གསལ་རྟོགས་ཀྱི་བློ་རིག་སྐྱེད་པ་དང་། འགྱུར་ལྡོག་ལ་བསྟུན་ཐབས་ཀྱི་བསམ་གཞིགས་བྱེད་པ། འགྱུར་ལྡོག་གཏོང་བའི་བློ་རྒྱ་སྐྱེད་པ་བཅས་བྱས་པས་ཞིབ་དཔྱོད་ལས་དོན་ཁག་གོང་འཕེལ་ཡོང་བར་ཡར་ཐོན་གསར་པ་བྱུང་ཡོད།

    གཅིག “ཁྲིད་སྟོན་གཅིག”མཐའ་འཁྱོངས་ཀྱིས་ཞིབ་དཔྱོད་གོང་འཕེལ་འགྲོ་བར་ཆབ་སྲིད་ཀྱིས་སྤྱི་འདོམས་བྱེད་ཤུགས་ཆེ་རུ་བཏང་བ།

    ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྩ་བའི་ཁྲིད་སྟོན་དུ་བྱེད་ཤུགས་ཆེ་རུ་བཏང་ཞིང་། དུས་རབས་དང་ལག་ལེན་ལས་ཐོན་པའི་ལས་འགན་གལ་ཆེན་དང་། གནད་དོན་ཚབས་ཆེན། འགྲན་སློང་ཆེན་པོ་བཅས་ཐག་གཅོད་བྱེད་པའི་བསམ་བློའི་སྟོབས་ཤུགས་དེ་ཞིབ་དཔྱོད་ལས་དོན་གྱིས་ཁྲིམས་སྐྱོང་གི་བགྲོད་ལམ་ཐོག་ནས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་གི་འཇོན་ནུས་དེང་རབས་ཅན་དུ་སྐུལ་འདེད་གཏོང་བའི་ལམ་ལུགས་ཀྱི་སྟོབས་ཤུགས་སུ་བསྒྱུར་ཡོད།

    ཞིབ་དཔྱོད་ལམ་ལུགས་ཀྱི་ཀྲུང་གོའི་ཁྱད་ཆོས་དེ་བས་མངོན་ཆེར་བཟུང་ནས་ཏང་གིས་ཞིབ་དཔྱོད་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱེད་པར་དར་ཆ་གསལ་སྟོན་གྱིས་མཐའ་འཁྱོངས་བྱས་ཡོད། 《ཀྲུང་གོ་གུང་ཁྲན་ཏང་གི་སྲིད་ཁྲིམས་ལས་དོན་སྲོལ་ཡིག》གི་གཏན་འབེབས་ཀྱི་བླང་བྱ་གཞིར་བཟུང་། ཞིབ་དཔྱོད་ལས་དོན་ཁྲོད་དུ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱས་ཚུལ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་ཆེས་མཐོའི་ཞིབ་དཔྱོད་ཁང་གི་འབྲེལ་ཡོད་བླང་བྱ་དོན་འཁྱོལ་བྱས་ཚུལ་སྐོར་གྱི་དོན་གནད་གལ་ཆེན་རིགས་དུས་ཐོག་ཏུ་དགོངས་སྐོར་སྙན་སེང་ཞུས་ནས་ཏང་གིས་འགོ་ཁྲིད་བྱེད་རྒྱུ་དེ་ཞིབ་དཔྱོད་ལས་དོན་གྱི་ཁྱབ་ཁོངས་ཁག་དང་ཕྱོགས་གང་སར་ཁྱབ་པར་བྱས་པ་དང་སྦྲགས། ཞིབ་དཔྱོད་ལས་དོན་གྱི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་འགན་ལེན་ཐུབ་ཡོད། 《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཙུའི་ལས་དོན་སྲོལ་ཡིག》གི་གཏན་འབེབས་བླང་བྱ་གཞིར་བཟུང་། རིམ་ཁག་ཞིབ་དཔྱོད་ཁང་ཏང་ཙུའུ་ཡིས“ཁ་ཕྱོགས་སྟངས་འཛིན་དང་། སྤྱི་ཡོངས་དོ་དམ། དོན་འཁྱོལ་འགན་ལེན”བཅས་ཀྱི་འགོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུ་དེ་ཞིབ་དཔྱོད་ལས་ཁུངས་ནང་ཁུལ་བཅོས་སྐྱོང་བྱེད་ཁོངས་སུ་བཅུག་སྟེ། ཞིབ་དཔྱོད་ཀྱི་འགན་ནུས་འདོན་སྤེལ་བྱེད་པར་བཀག་རྒྱ་བཟོ་བ་དང་ཞིབ་དཔྱོད་ལམ་ལུགས་ཀྱི་ལེགས་ཆར་ཤུགས་རྐྱེན་བཟོ་བའི་མངོན་ཆེའི་གནད་དོན་ཐག་གཅོད་བྱས་པ་བརྒྱུད། ཞིབ་དཔྱོད་གོང་འཕེལ་གཏོང་བའི་ཁྱབ་ཁོངས་ཀྱི“བཅོས་སྐྱོང་མཚལ་ཡིག”རྒྱུན་མཐུད་ངང་བསལ་ཡོད། དུས་རབས་གསར་པའི་བོད་ཀྱི་ཞིབ་དཔྱོད་བྱ་གཞག་གོང་འཕེལ་གཏོང་རྒྱུ་དེ“རང་འགན་ལེགས་སྒྲུབ”བྱེད་པའི་ནང་དོན་གཙོ་བོར་བརྩིས་ནས་སྟངས་འཛིན་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་ཙུའི་ཚོགས་འདུ་ཐེངས་25འཚོགས་ནས་དོན་གནད་གལ་ཆེན་221ལ་ཞིབ་འཇུག་དང་གྲོས་ཞིབ་བྱས་པ་དང་། ཏང་ཙུའི་རིགས་གཞུང་ལྟེ་བའི་སློབ་སྦྱོང་གི་ཚོགས་འདུ་ཐེངས་13འཚོགས་ནས་བོད་ཀྱི་ཞིབ་དཔྱོད་གོང་འཕེལ་གཏོང་བའི་འབྲེལ་ཡོད་རིགས་གཞུང་དང་ལག་ལེན་དངོས་ཀྱི་གནད་དོན་ལ་བསམ་གཞིགས་དང་འཆར་འགོད་བྱས་ཡོད། དུས་རབས་གསར་པའི་ཞིབ་དཔྱོད་ལས་དོན་དེ་སྔར་བས་ལེགས་རྣམ་གྱི་ཕྱོགས་སུ་འཕེལ་བའི་ཁྱད་རྟགས་དང་དུས་རབས་གསར་པའི་ཞིབ་དཔྱོད་ལས་དོན་གོང་འཕེལ་གཏོང་བའི་བོད་ཀྱི་ས་གནས་རང་བཞིན་དང་དུས་མཚམས་རང་བཞིན་གྱི་དགོས་མཁོར་སྟངས་འཛིན་ཡང་དག་བྱེད་པའི་ཁྲོད་ནས་ཞིབ་དཔྱོད་ལས་དོན་ལེགས་སྒྲུབ་བྱེད་པའི་ཆོས་ཉིད་ཀྱི་ངོས་འཛིན་ཟབ་ཏུ་བཏང་བར་བརྟེན་ཞིབ་དཔྱོད་ལས་དོན་འདི་ཉིད་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་ཁག་དང་ཕྱོགས་གང་ས་ཅི་ཐད་དང་མཉམ་དུ་གོང་འཕེལ་འགྲོ་བ་དང་། རྒྱལ་ཡོངས་ཞིབ་དཔྱོད་བྱ་གཞག་དང་འདྲ་མཚུངས་ངང་གོང་འཕེལ་འགྲོ་ཐུབ་པ་བྱུང་ཡོད།

    མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་བསམ་བློས་ཁྲིད་སྟོན་བྱེད་རྒྱུ་དེ་བས་མངོན་ཆེར་བཟུང་ནས་ཁྲིམས་འཛིན་གྱི་གྱོད་ཞིབ་དང་བཅའ་ཁྲིམས་ཀྱི་ལྟ་སྐུལ་བྱེད་རིམ་ནང་དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་བྱེད་པའི་རིན་ཐང་གི་བསམ་གཞི་ཆེ་རུ་བཏང་ཡོད། དུས་བདེ་ནི་དམངས་འཚོའི་ཆེས་རྩ་བའི་དགོས་མཁོ་ཡིན་པ་སྟངས་འཛིན་གཏིང་ཟབ་བྱས་ཏེ། ལོ་ཧྲིལ་པོར་རིགས་འདྲ་མིན་གྱི་ཉེས་དོན་ཉེས་གསོག་གི་གྱོད་གཞི་ཁག་820ཡི་མི་1119འཛིན་བཟུང་བྱེད་རྒྱུའི་ཆོག་མཆན་སྤྲད་པ་དེ་དུས་མཚུངས་དང་བསྡུར་ན་28.7%དང་31.6%ཆག་པ་དང་། གྱོད་གཞི་ཁག་1932ཀྱི་མི་2524གཞུང་གཏུག་བྱས་པ་དེ་དུས་མཚུངས་དང་བསྡུར་ན་ཁག་སོ་སོར་6.2%འཕར་བ་དང་3.6%ཆག་ཡོད་པར་བརྟེན། སྤྱི་ཚོགས་བདེ་འཇགས་སྲུང་སྐྱོང་དང་དྲང་གཞག་དྲང་བདེན་གྱི་ཐོག་ནས་མི་སེམས་གཅིག་ཏུ་བསྒྲིལ་ཐུབ་པ་བྱུང་ཡོད། “དམངས་ཀྱི་རེ་འབོད་ལ་ང་ཡིས་བརྡ་ལན་ཞུ་ཞེས་པའི་མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་ཚང་མར་ལན་འདེམས་པའི”བྱེད་སྒོ་སྤེལ་ནས“ཉིན་བདུན་ནང་གོ་རིམ་བཞིན་ལན་འདེབས་པ་དང་། ཟླ་བ་གསུམ་ནང་གཉེར་སྒྲུབ་ཀྱི་བརྒྱུད་རིམ་མམ་ཡང་ན་མཇུག་འབྲས་ལན་འདེབས་པའི”བཙན་བཅད་ཀྱི་གཏན་འབེབས་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་བྱས་པས་ལོ་ཧྲིལ་པོར་མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་ཁག་356གི་མི་369བདག་སྤྲོད་བྱས་པ་དེ་དུས་མཚུངས་དང་བསྡུར་ན་ཁག་སོ་སོར་37.9%དང་30%འཕར་ཡོད། མི་དམངས་མང་ཚོགས་ཀྱིས་བཏོན་པའི་ཁྲིམས་ལུགས་འཛུགས་སྐྱོང་གི་བླང་བྱ་གསར་པ་དང་རེ་སྒུག་གསར་པ་དང་ལེན་ཧུར་ཐག་བྱས་ཐོག ཁྲིམས་སྒྱུར་ཁྲིམས་འཛིན་ཁྱབ་ཁོངས་ཐད་མི་དམངས་མང་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་མངོན་གསལ་ཆེ་བ་དང་། ལྷག་པར་དུ་ཁྲིམས་འཛིན་ལས་ཁུངས་ཀྱིས་རང་ངོས་ལ་གདེང་འཇོག་བྱས་པ་དེ་མི་དམངས་མང་ཚོགས་ཀྱི་གཏུག་བཤེར་ཉམས་ཞིབ་དང་གྱོད་གཞིའི་དོ་བདག་གི་དངོས་ཡོད་མྱོང་ཚོར་དང་ཧེ་བག་ཡོད་པའི་གནད་དོན་བཅས་ལ་དམིགས་ཤིང་། མི་དམངས་མང་ཚོགས་ཀྱི་དངོས་འབྲེལ་མྱོང་ཚོར་ལ་བསམ་བློ་གང་ལེགས་བཏང་བ་དང་། གང་ཞིག་དར་སྤེལ་གཏོང་བ་དང་གང་ཞིག་ལ་ངོ་རྒོལ་བྱེད་པའི་ཁ་ཕྱོགས་རང་བཞིན་དང་དམིགས་བསལ་རང་བཞིན་ལ་སྲིད་ཇུས་ཀྱིས་ཁྲིད་སྟོན་བྱས་ཏེ་བརྒྱུད་དགོས་ངེས་མིན་པའི་ལས་རིམ་ཉུང་དུ་ནུས་ལྡན་བཏང་བ་དང་། ཞིབ་དཔྱོད་ཀྱིས་གྱོད་ཞིབ་ལ་ལྟ་སྐུལ་བྱེད་པའི་སྤུས་ཚད་ཡག་ཏུ་འགྲོ་བར་སྐུལ་འདེད་བཏང་བར་བརྟེན། དུས་རབས་གསར་པའི་བོད་ལྗོངས་ཞིབ་དཔྱོད་ཀྱི་སྲིད་ཇུས་འཛིན་ཕྱོགས་དང་རིན་ཐང་འཛིན་ཕྱོགས་དེ་མི་རིཌ་ཁག་གི་མང་ཚོགས་ཀྱི་ཁྲིམས་སྐྱོང་ཡོང་རེ་བྱེད་རྒྱུར་མཐུན་སྦྱོར་དང་འཚམ་མཐུན་ཡོང་བ་བྱས་པས་ཁྲིམས་འཛིན་གྱི་གྱོད་གཞི་ཚང་མའི་ནང་མི་དམངས་མང་ཚོགས་ལ་དྲང་གཞག་དྲང་བདེན་ཡིན་པའི་མྱོང་ཚོར་ཐོབ་ཡོད་པ་དང་། མང་ཚོཌ་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་སོང་ནས་ཏང་གིས་བོད་ལྗོངས་སུ་ཡུན་རིང་སྲིད་སྐྱོང་བའི་མང་ཚོགས་ཀྱི་རྩ་བ་བརྟན་པོ་ཚུགས་ཡོད།

    ཞིབ་དཔྱོད་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་རྒྱུ་དེ་བས་མངོན་ཆེར་བཟུང་ནས་ཞིབ་དཔྱོད་ལམ་ལུགས་ཀྱི་ལེགས་ཆ་དེ་སྤྱི་ཚོགས་བཅོས་སྐྱོང་གི་ནུས་ཕྱོད་དུ་འགྱུར་རྒྱུའི་རང་ངོས་གསར་བརྗེ་བྱེད་རྒྱུར་ཤུགས་བརྒྱབ་ཡོད། “ལྟ་སྐུལ་ཁྲོད་གྱོད་ཞིབ་བྱེད་རྒྱུ་དང་གྱོད་ཞིབ་ཁྲོད་ལྟ་སྐུལ་བྱེད་རྒྱུ”དེ་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་དཔྱོད་ལམ་ལུགས་གཞིར་བཟུང་འཁྲི་འགན་གཙང་སྒྲུབ་དང་ཇུས་འགོད་ལས་སྒྲུབ་བྱེད་པའི་ཆེས་ཐད་ཀའི་མངོན་ཚུལ་ཞིག་ལ་བརྩིས་ནས་ལམ་ལུགས་ཀྱིས་ཁ་ཕྱོགས་ལ་ཁྲིད་སྟོན་བྱེད་པ་དང་། བྱ་སྤྱོད་ཚད་ལྡན་བཟོ་བ། ཕན་འབྲས་མཐོ་རུ་གཏོང་བ། བརྟན་ལྷིང་སྲུང་སྐྱོང་བྱེད་པ། ཉེན་ཁར་འགོག་ཟོན་བྱེད་པ་བཅས་ཀྱི་གལ་ཆེའི་ནུས་པ་འདོན་སྤེལ་བྱས་ཡོད། ལོ་དེའི་ནང་། ཁྲིམས་འཛིན་ལས་དོན་མི་སྣས་འབྲེལ་ཡོད་ལས་ཐོག་ཉེས་པ་གསོག་རིགས་ཞིབ་དཔྱོད་ལས་ཁུངས་ཀྱིས་གྱོད་ཁོངས་སུ་བཅུག་ནས་མྱུལ་ཞིབ་བྱས་པའི་གྱོད་གཞི་ཐོག་མ་དང་། ཞིབ་དཔྱོད་ལས་ཁུངས་ཀྱིས་གཏུག་བཤེར་ལ་རྒྱབ་སྐྱོར་བྱས་ནས་ལྟ་སྐྱོང་དབང་ཆ་མེད་པར་བཟོས་པའི་གྱོད་གཞི་ཐོག་མ། དམངས་དོན་སྤྱི་ཕན་གཏུག་བཤེར་ལ་ཞིབ་དཔྱོད་བྱས་པའི་གྱོད་གཞི་ཐོག་མ། སྲིད་འཛིན་གཏུག་བཤེར་མིན་པ་ལག་བསྟར་བྱེད་པར་ལྟ་སྐུལ་བྱས་པའི་གྱོད་གཞི་ཐོག་མ། སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན་ལ་བཙན་གནོད་བཏང་བར་སྤྱི་ཕན་གཏུག་བཤེར་བྱས་པའི་གྱོད་གཞི་ཐོག་མ། རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་རྩི་ཤིང་ཁྲིམས་འགལ་ངང་བཅད་པའི་ཉེས་དོན་ཞོར་ཁྲིད་དམངས་དོན་གྱི་སྤྱི་ཕན་གཏུག་བཤེར་བྱས་པའི་གྱོད་གཞི་ཐོག་མ། རིག་དངོས་སྲུང་སྐྱོབ་ཀྱི་སྤྱི་ཕན་གཏུག་བཤེར་བྱས་པའི་གྱོད་གཞི་ཐོག་མ་སོགས་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་གྱོད་གཞི་ཐོག་མ་རབ་དང་རིམ་པ་གཉེར་སྒྲུབ་བྱས་ཡོད་པ་དེ་དག་གིས་བོད་ལྗོངས་ཞིབ་དཔྱོད་ཀྱི་འགན་སྒྲུབ་སྟོང་ཆ་ཁ་གསབ་དང་རྒྱུན་རྣམ་འགན་སྒྲུབ་ལ་སྐུལ་སློང་ཐེབས་ཡོད་པ་དང་ཆབས་ཅིག ཞིབ་དཔྱོད་བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་ནུས་དེ་ཉེས་དོན་ནས་དམངས་དོན་དང་། སྲིད་འཛིན། སྤྱི་ཕན་བཅས་ཀྱི་གཏུག་བཤེར་ཁྱབ་ཁོངས་སུ་རིམ་བཞིན་རྒྱ་སྐྱེད་བཏང་བས་ཞིབ་དཔྱོད་ཀྱི་འགན་ནུས་མ་ལག་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་དང་ཤུགས་ཆེར་སོང་བའི་གོང་འཕེལ་གསར་ཤོས་སུ་གྱུར་ཡོད།

    གཉིས། “ཟབ་སྦྲེལ་གཉིས”ལ་སྟངས་འཛིན་བྱས་ཏེ་ཞིབ་དཔྱོད་ཐོན་རྫས་མཁོ་འདོན་ནུས་ལྡན་བྱེད་ཤུགས་ཆེ་རུ་བཏང་ཡོད།

    ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་བླང་བྱ་ལག་བསྟར་བྱེད་རྒྱུར་དམིགས་ཏེ་གྱོད་ཞིབ་ལ་ལྟ་སྐུལ་བྱེད་རྒྱུ་དེ་ཞིབ་དཔྱོད་ལས་ཁུངས་ཀྱི་གཞི་རྩའི་འགན་སྒྲུབ་བྱེད་སྟངས་དང་སྤྱི་པའི་ཐོན་རྫས་གཙོ་བོ་ཞིག་ལ་བརྩིས་པ་དང་སྦྲགས། ཞིབ་དཔྱོད་མཁོ་འདོན་མ་ལག་དེ་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་བའི་དགོས་མཁོ་ལ་འཚམ་སྒྲིག་ཡོང་རྒྱུར་ཤུགས་བརྒྱབ་ཡོད།

    —— བོད་ལྗོངས་ཀྱི་སྤྱི་ཚོགས་ཀྱི་དམིགས་བསལ་འགལ་བ་དང་ཟབ་སྦྲེལ་གྱིས་ཁྲིམས་སྐྱོང་བྱེད་སྟངས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱས་ཡོད། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་དོན་འཁྱོལ་བྱས་པ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ཏེ། ཏཱ་ལའི་རུ་ཚོགས་ཀྱིས་ཆབ་སྲིད་བདེ་འཇགས་ལ་འཇིགས་སྐུལ་བྱེད་པའི་ཉེས་གསོག་ལ་ཁྲིམས་བཞིན་རྡུང་རྡེག་གཏོང་རྒྱུ་ཨང་དང་པོར་བཞག་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོས་པའི་ཉེས་གསོག་གི་གྱོད་གཞི་ཁག་33གྱི་མི་48འཛིན་བཟུང་བྱེད་རྒྱུའི་ཆོག་མཆན་སྤྲད་པ་དེ་དུས་མཚུངས་དང་བསྡུར་ན་ཁག་སོ་སོར་28.3%དང་7.7%ཆག་ཡོད་པ་དང་། གྱོད་གཞི་ཁག་43གྱི་མི་71གཞུང་གཏུག་བྱས་པ་དེ་དུས་མཚུངས་དང་བསྡུར་ན་ཁག་སོ་སོར་2.3%ཆག་པ་དང་44.9%འཕར་ཡོད། ནག་སེལ་གཤེད་འཇོམས་དུས་ཡུན་ལོ་གསུམ་སྤེལ་རྒྱུའི་སྤྱིའི་དམིགས་ཚད་དོན་འཁྱོལ་བྱས་ཏེ། བློ་ཐག་རྦད་ཆོད་ཀྱིས་ཆེད་དོན་འཐབ་རྩོད་ལ་རྒྱལ་ཁ་ལེན་པའི་མཇུག་བསྡུའི་དམག་འཐབ་ཡག་པོ་བརྒྱབ་ནས་ལོ་གསུམ་ནང་ཁྱོན་བསྡོམས་ནག་གཤེད་དང་འབྲེལ་བའི་ཉེས་གསོག་གྱོད་གཞི་ཁག་35ཡི་མི་138འཛིན་བཟུང་བྱེད་རྒྱུའི་ཆོག་མཆན་སྤྲད་པ་དང་། གྱོད་གཞི་ཁག་39ཡི་མི་241གཞུང་གཏུག་བྱས་པ། “ཟ་ལམ་བཅད་པའི”གྱོད་འབྲེལ་གྱི་མ་དངུལ་སྒོར་ཁྲི་174.1ཟིན་པ། “རྒྱབ་རྩ་གཏོར་བའི”གྱོད་གཞི་ཁག་3གྱི་མི་4ཡོད་པ། དངོས་མིན་བཙོན་འགྲོལ་དང་སྡེ་ཁུལ་དུ་ཡོ་བཅོས་བྱེད་རེ་ཞུ་རྩིས་ཡོད་པའི་ནག་གཤེད་དང་འབྲེལ་བ་ཡོད་པའི་ཉེས་ཅན་5ལྟ་སྐུལ་ཡོ་བཅོས་བྱས་པ་བཅས་ལ་བརྟེན་ནས་ཞིབ་དཔྱོད་བརྒྱུད་རིམ་ནས་གྱོད་ཐག་ཆོད་ཚད་100%ཟིན་ཡོད། ནད་ཡམས་སྔོན་འགོག་དང་ཚོད་འཛིན་བྱེད་པའི་བླང་བྱ་དོན་འཁྱོལ་བྱས་ཤིང་། ཞིབ་དཔྱོད་ཀྱིས“ནད་ཡམས་དམག་འཐབ”ཀྱི་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ཏེ། ནད་ཡམས་དང་འབྲེལ་བ་ཡོད་པའི་ཉེས་དོན་ཉེས་གསོག་གི་གྱོད་གཞི་ཁག་10ཡི་མི་21འཛིན་བཟུང་བྱེད་རྒྱུའི་ཆོག་མཆན་སྤྲད་པ་དང་། གྱོད་གཞི་ཁག་9ཡི་མི་21གཞུང་གཏུག་བྱས་པ། ནད་ཡམས་དང་འབྲེལ་བ་ཡོད་པའི་སྤྱི་ཕན་གཏུག་བཤེར་གྱི་གྱོད་གཞི་ཁག་9ཤེས་རྟོགས་བྱུང་ནས་གཉེར་སྒྲུབ་ཐུབ་ཡོད། གཙོ་གནད་ལ་རྡུང་རྡེག་གཏོང་རྒྱུ་མངོན་ཆེར་བཟུང་ཞིང་རྡུང་རྡེག་གཏོང་ཤུགས་ཆེ་རུ་བཏང་བ་དང་སྦྲགས། སྤྱི་ཚོགས་ཀྱི་བདེ་འཇགས་ལ་གནོད་འཚེ་ཚབས་ཆེན་བཟོས་པའི་རྐང་བཙུགས་ནས་མི་བསད་པ་དང་། རྐང་བཙུགས་ནས་གནོད་འཚེ་གཏོང་བ། འཕྲོག་བཅོམ། བཙན་འཕྲོག རྐུ་འཕྲོག ཁ་བསླུས་རྒྱག་པ་སོགས་ཀྱི་ཉེས་གསོག་གྱོད་གཞི་ཁག་832ཀྱི་མི་1085ལ་ཁྲིམས་བཞིན་ཁྲིམས་བཅད་ནན་པོ་བཏང་བ་དེ་དུས་མཚུངས་དང་བསྡུར་ན་ཁག་སོ་སོར་4.6%དང་3.1%ཆག་ཡོད། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ཀྱི་མི་ཤུགས་ཐོན་ཁུངས་ཀྱི་16.4%ཟུར་འཐེན་གྱིས་གྲོང་ཚོ་དང་གྲོང་ལྷན་126ལ་བཅའ་སྡོད་དུ་མངགས་ནས་རྨང་གཞི་བརྟན་གཏོང་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་སྤེལ་བ་དང་། མི་ཐེངས་ཁྲི་2.5བཏང་ནས་གལ་ཆེའི་དུས་མཚམས་དང་འཚུབ་ཆ་ཆེ་བའི་དུས་ཚིགས་སུ་བརྟན་ལྷིང་སྲུང་སྐྱོང་གི་འགག་སྒྲོལ་ལས་དོན་སྒྲུབ་རོགས་བྱས་ཡོད།

    “གཞོགས་འདེགས་བྱེད་པ་ནི་ཆབ་སྲིད་ཀྱི་བླང་བྱ་དང་། གཅུན་སྡོམ་བྱེད་པ་ནི་ཁྲིམས་བཅད་ཀྱི་འགན་འཁྲི་ཡིན་པའི”བླང་བྱར་བརྩི་སྲུང་ཞུས་པ་དང་། ཞིབ་དཔྱོད་ཀྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འགན་ནུས་རྒྱུན་མཐུད་འདོན་སྤེལ་བྱས་ཏེ། ལྟ་ཞིབ་ཨུ་ལྷན་གྱིས་ཞིབ་བཤེར་དང་གཏུག་བཤེར་བྱེད་རྒྱུར་སྐྱེལ་སྤྲོད་བྱས་པའི་གྱོད་གཞི་ཁག་61གི་མི་62ཁྲིམས་བཞིན་བདག་སྤྲོད་བྱས་པ་དེ་དུས་མཚུངས་དང་བསྡུར་ན་28.2%དང་27.1%ཆག་ཡོད། དེའི་ནང་མི་27འཛིན་བཟུང་བྱེད་རྒྱུ་ཐག་གཅོད་བྱས་པ་དང་། ཧྥེང་ཝུན་ཡུང་དང་བཀྲ་ཤིས་རྒྱ་མཚོ་སོགས་དེ་སྔའི་ཐིང་རིམ་པའི་ལས་བྱེད་པ་3ཚུད་པའི་མི་42ཁྲིམས་བཞིན་གཞུང་གཏུག་བྱས་པའི་ནང་མི་2གཏུག་བཤེར་བྱས་མེད་པ་དང་། མི་ཐེངས་37ལ་ཁ་སྣོན་བརྟག་དཔྱད་བྱེད་པར་ཕྱིར་སློག་བྱས་ཡོད། བཟོ་བཅོས་བྱས་རྗེས་ཀྱི《ཉེས་དོན་གཏུག་བཤེར་བཅའ་ཁྲིམས》ཀྱིས་ཞིབ་དཔྱོད་ལས་ཁུངས་ལ་དཀྲིས་པའི་ཁྲིམས་འཛིན་ལས་བྱེད་པས་འགན་དབང་བེད་སྤྱད་ནས་སྤྱི་དམངས་ཀྱི་ཁེ་དབང་ལ་བཙན་གནོད་གཏོང་བ་དང་ཁྲིམས་འཛིན་དྲང་གཞག་ལ་གནོད་སྐྱོན་གཏོང་བ་སོགས་ཀྱི་ལས་ཐོག་ཉེས་གསོག་ཁག་14ལ་མྱུལ་ཞིབ་འགན་དབང་ལག་བསྟར་ནན་པོ་བྱས་ནས། ཁྲིམས་འཛིན་ལས་བྱེད་པས་ཚ་འདྲི་བྱས་ནས་ངོས་ལེན་ཞུ་རུ་འཇུག་པ་སོགས་ལས་ཐོག་ཉེས་གསོག་གི་དོགས་པ་ཡོད་པའི་ཁུངས་སྣེ་22ལ་བརྟག་དཔྱད་བྱས་པ་དང་གྱོད་གཞི་3གྱི་མི་11གྱོད་ཁོངས་སུ་བཅུག་པས་རྒྱལ་ཡོངས་ཀྱི་མིང་གྲལ་གནས་རིམ་6པར་འཕར་ཡོད་པ་དང་། དེའི་ཐོག་ནས“ཁྲིམས་འཛིན་རང་ཤེད་བྱེད་མི་རུང་བའི”ཁྲིམས་སྐྱོང་གི་མཐའ་ཚད་མངོན་ཡོད།

    ཞིབ་དཔྱོད་འགན་འཁྲིར་གཞིར་ཚུགས་ཏེ་གཞི་རིམ་བཅོས་སྐྱོང་དང་གྲོང་ཁུལ་བཅོས་སྐྱོང་བྱེད་རྒྱུར་སྐུལ་སྤེལ་བཏང་བ་དང་། ཞིབ་དཔྱོད་གྲོས་འཆར་གྱིས་ཁྲིམས་བཞིན་བཅོས་སྐྱོང་གི་བླང་བྱ་དོན་འཁྱོལ་བྱེད་པར་འགྱུར་མེད་གཅུན་སྡོམ་བྱེད་ཤུགས་ཆེ་རུ་བཏང་ཐོག གྱོད་ཞིབ་ལ་བརྟེན་ནས་སྤྱི་ཚོགས་ཡར་ཐོན་ཡོང་རྒྱུར་ཁྲིད་སྟོན་བྱས་པ་བརྒྱུད་ཞིབ་དཔྱོད་ཀྱི་འགན་ནུས་དེ་བས་གཏིང་ཟབ་པའི་སྤྱི་ཚོགས་བཅོས་སྐྱོང་གི་ཁྱབ་ཁོངས་སུ་རྒྱུན་སྲིང་བྱས་ཡོད། ལྷ་ས་ཏེ་ཡུས་དིང་ཀུང་སིས་ཁྲིམས་འགལ་གྱི་ཐོག་ནས་མང་ཚོགས་ཀྱི་བཅོལ་དངུལ་བསྡུ་ལེན་བྱས་པའི་ཚབས་ཆེའི་གྱོད་གཞི་ལས་མཚང་འདོན་བྱས་པའི་གནད་དོན་ལ་བརྒྱུད་རིམ་ལྡན་པའི་བཅོས་སྒྲིག་བྱས་ཤིང་། ཀུང་སི་དེས“རོ་རེངས་ཁེ་ལས”ཧྲང་ཧའེ་ཏེ་དིང་ཀུང་སིའི་ཐམ་ག་དང་གན་རྒྱ་སྤྱད་པ་མ་ཟད། རྒྱལ་ཁབ་ལས་ཁུངས་ཀྱི་གཞུང་ཡིག་དང་ཐམ་ག་རྫུན་བཟོ་བྱས་ནས་ཀུང་སི་ཐོ་འགོད་དང་དེབ་སྐྱེལ་བྱས་པའི་གནད་དོན་ལ་དམིགས་ཏེ། ཧྲང་ཧའེ་དང་ལྷ་སའི་ཁྲོམ་ར་ལྟ་སྡོམ་སྡེ་ཚན་ལ་ཁག་སོ་སོར་ཁེ་ལས་བྱེད་པོའི་ལྟ་སྡོམ་ལ་ཤུགས་སྣོན་རྒྱག་རྒྱུ་དང་། ཧྲང་ཧའེ་ཏེ་དིང་ཀུང་སི་དང་ལྷ་ས་ཏེ་ཡུས་དིང་ཀུང་སིའི་ཐོ་འགོད་མེད་པར་བཟོ་རྒྱུའི་ཞིབ་དཔྱོད་ཀྱི་གྲོས་འཆར་བཟོ་འདོན་བྱས་ཡོད། རྒྱལ་ཁབ་ལས་ཁུངས་ཀྱི་གཞུང་ཡིག་རྫུན་བཟོ་བྱས་པའི་ནག་ཉེས་ཆད་ལུས་སུ་སོང་ནས་ཁྲིམས་སྦྱོར་བདའ་འདེད་བྱས་མེད་པ་དང་། གཞུང་ཐམ་སྒེར་རྐོ་བྱས་པའི་ནག་ཉེས་ལ་ཁྲིམས་ཆད་ཡང་དྲགས་པའི་གནད་དོན་ལ་དམིགས་ཏེ་ཡོ་བསྲང་བྱེད་རྒྱུའི་བརྡ་ཐོ་བཏང་ནས་རང་རྟོགས་ངང་བཅོས་སྐྱོང་དང་། ཁྲིམས་བཞིན་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བཅས་བྱེད་རྒྱུ་དང་ཟུང་འབྲེལ་བྱས་ཡོད།

    མཉམ་སྐྲུན་མཉམ་བཅོས་མཉམ་རོལ་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ནང་རང་འགུལ་ངང་མཉམ་འདྲེས་ཐུབ་པ་བྱས་ནས་ཞིབ་དཔྱོད་ཀྱི་དམངས་བདེའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུ་མགྱོགས་སུ་བཏང་ཞིང་། གཙོ་གནད་ཞིབ་དཔྱོད་ལས་ཁུངས་49ལ“12309ཡི་ཞིབ་དཔྱོད་ཀྱི་ཞབས་ཞུའི་ལྟེ་གནས”བསྐྲུན་རྒྱུ་སྔོན་ཚུད་ནས་ཁྱབ་བཀོད་བྱས་ཡོད། ཞིབ་དཔྱོད་ལ་བརྟེན་ནས་སྤྱི་ཚོགས་ཀྱི་འགལ་ཟླ་སྔོན་འགོག་དང་འདུམ་སེལ་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས“ཧྥུང་ཆའོ་ཡི་ཉམས་མྱོང་”ལྡན་པའི་ཞིབ་དཔྱོད་ཀྱི་དཔར་མ་ཞིག་བཏོད་དེ་རིགས་འདྲ་མིན་གྱི་རྩོད་རྙོག་གྱོད་གཞི་168ལེབ་བཤེར་འདུམ་སེལ་བྱས་ཡོད། ནར་མ་སོན་པའི་མིར་ཁྲིམས་འཛིན་གྱི་སྲུང་སྐྱོབ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཅིང་། དམིགས་བསལ་གྱི་གོ་རིམ་སྤྱོད་རྒྱུ་གཙོར་བཟུང་གིས་ཉེས་ཚབས་ཆུང་བའི་ནར་མ་སོན་པའི་མི་17གཏུག་བཤེར་མ་བྱས་པ་དང་། མི་11ཆ་རྐྱེན་ཟུར་འཁོད་ཀྱིས་གཏུག་བཤེར་མ་བྱས་པ་དེ་དུས་མཚུངས་དང་བསྡུར་ན་ཁག་སོ་སོར་54.6%དང་83.3%མཐོ་རུ་སོང་ཡོད། སྡེ་ཚན་མང་པོ་དང་མཐུན་སྦྱོར་བྱས་ནས་ནར་མ་སོན་པའི་མི་ལ་བཙན་གནོད་བཏང་བའི་གྱོད་གཞིའི“བཙན་འདོམས་ཀྱིས་སྙན་སེང་ཞུ་བ”དང། “ལས་གནས་སུ་ཞུགས་སྐབས་ཞིབ་བཤེར་བྱེད་པའི”ལམ་ལུགས་མཉམ་འགུལ་གྱིས་དོན་འཁྱོལ་བྱས་པ་དང་། “ཐར་པ་གཏན་ནས་མི་གཏོང་བའི”རྣམ་འགྱུར་ཐོག་ནས་ནར་མ་སོན་པའི་མིའི་ཁེ་དབང་ལ་བཙན་གནོད་གཏོང་བའི་ཉེས་གསོག་གྱོད་གཞི་ཁག་30ཡི་མི་37གཏུག་བཤེར་བྱས་ཤིང་། ལྷ་ས་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་རྐང་བཙུགས་ནས་བྱིས་པ་བུ་མོ་གསོད་མཁན་བློ་ཆེ་གེ་མོ་ཉིན་གཅིག་ནང་འཛིན་བཟུང་དང་། ཉིན་གསུམ་ནང་གཏུག་བཤེར་བྱས་ཏེ་ཉེས་གསོག་པར་སྙིང་རྗེ་རྩ་བ་ནས་མི་བྱེད་པར་ཁྲིམས་ལྟར་ཆད་པ་བཅད་ཡོད། ཞིབ་དཔྱོད་ཀྱི་ཁྲིམས་ལུགས་ཁྱབ་གདལ་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བླང་བྱ་དོན་འཁྱོལ་བྱས་ཏེ་ཁྲིམས་སྐྱོང་གི་གྲོང་གསེབ་གཏོད་རྒྱུ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་བཅའ་ཁྲིམས་ཀྱི་བླང་བྱ་དང་འབྲེལ་མཐུད་བྱས་པ་དང་། ཞིབ་དཔྱོད་ཀྱི་ཁྲིམས་སྐྱོང་སློབ་གསོ་དང་ལག་ལེན་གྱི་རྟེན་གཞི་འགའ་ཞིག་གཏོད་རྒྱུར་ཤུགས་བརྒྱབ་ཐོག གྲོང་སྡོད་ཞིབ་དཔྱོད་དཔོན་དང་། ཞིབ་དཔྱོད་དཔོན་གྱི་ལས་རོགས་པ། ཟིན་འགོད་པ་བཅས་ཀྱིས་གྲོང་ཚོའི་བཅའ་ཁྲིམས་ཀྱི་བློ་འདྲིའི་འགན་ཁུར་བའི་ཁར་གཞི་རིམ་ཁྲིམས་སྐྱོང་ལས་དོན་པའི་མིང་ཐོག་ནས་སྤྱི་པའི་བཅའ་ཁྲིམས་ཀྱི་ཞབས་ཞུ་བསྒྲུབས་ཡོད། ཞིབ་དཔྱོད་ཀྱི“བཅའ་ཁྲིམས་ཁྱབ་སྤེལ་བདུན”གཏིང་ཟབ་ཏུ་སྤེལ་བ་དང་། ཁྲིམས་སྐྱོང་སྒྲོག་འགྲེལ་ཐེངས་1600བྱེད་པ། དྲིལ་བསྒྲགས་དཔྱད་ཡིག་ལག་དེབ་ཁྲི་25ལྷག་ཙམ་སྤྲོད་པ། ཁྲིམས་སྐྱོང་གི་གསར་འགྱུར་དང་གྱོད་དཔེ་ཁྲི་8ལྷག་ཙམ་སྤེལ་གཏོང་བཅས་བྱས་ཡོད། སློབ་གྲྭའི་ནང་དུ་ཁྲིམས་སྐྱོང་ལེགས་སྤེལ་བྱེད་རྒྱུ་གཙོ་གནད་དུ་བཟུང་ཞིང་། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ཀྲང་82དང་ཞིབ་དཔྱོད་དཔོན་121གིས་ཁྲིམས་སྐྱོང་གི་སློབ་སྤྱི་གཞོན་པ་དང་ཁྲིམས་སྐྱོང་གི་ཟུར་ཁྲིད་པའི་འགན་གཅིག་ལྕོགས་ཁུར་བས་ཁྲིམས་སྐྱོང་སྒྲོག་འགྲེལ་བྱེད་རྒྱུ་དེ་ལྗོངས་ཡོངས་ཀྱི་རིགས་ཁག་གི་སློབ་གྲྭ་178ལ་ཁྱབ་ཐུབ་ཡོད།

    —— བོད་ལྗོངས་ཀྱི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དང་ཟབ་སྦྲེལ་གྱིས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་རྒྱུར་ཞབས་ཞུ་བསྒྲུབས་པ་དང་འགན་སྲུང་བྱས་པ། “བརྟན་པོ་དྲུག”དང“འགན་ལེན་དྲུག”གི་ལས་དོན་ལ་ཞབས་ཞུ་བསྒྲུབས་པ་དང་འགན་སྲུང་བྱས་ཤིང་། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་མི་སྣས་གཅིག་རྗེས་གཉིས་མཐུད་ངང་སྒོར་ཁྲི་107.23ཞལ་འདེབས་ཕུལ་ནས་ནད་ཡམས་འགོག་ཟོན་བྱེད་རྒྱུ་དང་ལས་ཀ་སླར་གསོ་གོང་འཕེལ་འགྲོ་རྒྱུར་འདེགས་སྐྱོར་བྱས་ཁར། ནད་ཡམས་སྔོན་འགོག་དང་ཚོད་འཛིན་བྱེད་རྒྱུར་འཚམ་པའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ལས་གཉེར་སྒྲིག་ལམ་བཟོ་བའི་ཁྲོད་ཞིབ་དཔྱོད་ཀྱིས་འཁུར་ལེན་བྱས་པ་མཚོན་ཡོད། ཁྲོམ་རའི་བྱེད་པོར་སྲུང་སྐྱོབ་དང་ལྷག་པར་དུ་དམངས་གཉེར་ཁེ་ལས་དང་། ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་བྱེད་པོར་སྲུང་སྐྱོབ་བྱེད་དགོས་པའི་བླང་བྱ་དོན་འཁྱོལ་བྱས་ཏེ་ཁྲིམས་ལྟར་ཆད་གཅོད་དང་འདྲ་མཉམ་ངང་སྲུང་སྐྱོབ་བྱེད་རྒྱུ་ཟུང་འབྲེལ་གྱིས་མཐའ་འཁྱོངས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་ལམ་ལ་གཏོར་བཤིག་གཏོང་མཁན་གྱི་ཉེས་གསོག་གྱོད་གཞི་ཁག་44ཡི་ཉེས་ཅན་པ་55ཁྲིམས་ལྟར་འཛིན་བཟུང་བྱེད་རྒྱུའི་ཆོག་མཆན་སྤྲད་པ་དང་། གྱོད་གཞི་ཁག་78ཀྱི་མི་109གཞུང་གཏུག་བྱས་ཤིང་། སྤྱི་བདེ་ལས་ཁུངས་དང་མཉམ་དུ་སྒོར་ཁྲི་505.55ཡི་ནག་དངུལ་ནག་དངོས་ཚུར་ལེན་བྱས་ནས་གྱོང་གུན་བསལ་ཡོད། དབང་ཆར་ལྟ་སྐུལ་དང་ཁེ་དབང་ལ་རོགས་སྐྱོབ་བྱེད་རྒྱུ་ཟུང་འབྲེལ་གྱིས་མཐའ་འཁྱོངས་བྱས་ནས་རིགས་འདྲ་མིན་གྱི་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་ལ་ཁྲིམས་བཞིན་འདྲ་མཉམ་ཐོག་ཐོན་སྐྱེད་རྒྱུ་ཆ་གཙོ་བོ་བེད་སྤྱོད་བྱེད་རྒྱུ་དང་། ཡོངས་བསྒྲགས་དང་དྲང་གཞག་ཐོག་ཁྲོམ་རའི་འགྲན་རྩོད་ནང་ཞུགས་རྒྱུ། འདྲ་མཉམ་ཐོག་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཐོབ་རྒྱུ་བཅས་འགན་སྲུང་བྱས་པ་དང་། ཧེ་བག་དང་གདམ་ག་ཡོད་པའི་ཁྲིམས་འཛིན་རིགས་བཀག་འགོག་མཐའ་གཅིག་ཏུ་བྱས་ཡོད། དམངས་དོན་གྱི་ཕན་འབྲས་ལྡན་པའི་ཁྲུན་བཅད་ལ་ལྟ་སྐུལ་བྱེད་པའི་གྱོད་གཞི་ཁག་119དང་། དམངས་དོན་འདྲི་གཅོད་བྱེད་སྒོའི་ཁྲིམས་འགལ་ལ་ལྟ་སྐུལ་བྱེད་པའི་གྱོད་གཞི་ཁག་103 དམངས་དོན་ལག་བསྟར་བྱེད་སྒོར་ལྟ་སྐུལ་བྱེད་པའི་གྱོད་གཞི་ཁག་25བཅས་ཐག་བཅད་ཡོད།

    སྲིད་འཛིན་རྩོད་གླེང་དངོས་ཐོག་ནས་འདུམ་སེལ་གཏིང་ཟབ་བྱས་ཏེ་སྲིད་འཛིན་ཞིབ་དཔྱོད་ལ་ལྟ་སྐུལ་བྱེད་པའི་གྱོད་གཞི་ཁག་56ཐག་བཅད་ཅིང་། སྨར་ཁམས་རྫོང་ཞིབ་དཔྱོད་ཁང་གིས་འབྲེལ་ཡོད་སྲིད་འཛིན་ལས་ཁུངས་ནས་སྲིད་འཛིན་ཆད་གཅོད་ཀྱི་གཏན་འབེབས་ལག་བསྟར་བྱེད་རྒྱུར་སྐུལ་འདེད་བཏང་ནས་དངུལ་ཆད་སྒོར་ཁྲི་363.2ཚུར་བསྡུས་ཡོད།

    “གཡོ་འགུལ་སྤུ་ཙམ་མེད་པ་གཉིས”དང་“འགྱུར་བ་མེད་པ་གསུམ”མཐའ་འཁྱོངས་བྱས་ཤིང་། རིམ་ཁག་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་མཉམ་དུ་དམངས་གཉེར་ཁེ་ལས་གོང་འཕེལ་གཏོང་བའི་ལམ་སྒྲོན་བྱས་ཏེ་དམངས་གཉེར་ཁེ་ལས་པ་448ཀྱི་ཁྲིམས་སྐྱོང་གཏུག་བཤེར་གྱི་རེ་ཞུར་འབྲེལ་མཐུད་བྱས་པ་དང་། དམངས་གཉེར་ཁེ་ལས་ཀྱིས་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ཁྲོད“གསར་གཏོད་ཀྱིས་སྐུལ་སྤེལ་དང་སྤུས་ཚད་མཐོ་བའི་མཁོ་འདོན་ལ་བརྟེན་ནས་དགོས་མཁོ་གསར་པར་ཁྲིད་སྟོན་དང་གསར་གཏོད་བྱེད་པའི”ཐོག་ནས་གོང་འཕེལ་གྱི་དཀའ་གནད་ཐག་གཅོད་བྱེད་རྒྱུར་འདེགས་སྐྱོར་བྱས་པས། “བཅའ་ཁྲིམས་ཀྱི་རྒྱུ་ཆ”དེ་ཁེ་ལས“གོང་འཕེལ་གཏོང་བའི་གཙོ་རྒྱུར”དངོས་འབྲེལ་འགྱུར་ཐུབ་པ་བྱས་ཡོད། བཅའ་ཁྲིམས་དང་སྲིད་ཇུས་ཀྱི་མཚམས་ཚད་ཁོང་དུ་ཡང་དག་ཆུད་ཐུབ་པ་བྱས་ནས་ཉེས་གསོག་གི་དོགས་གཞི་ཡོད་པའི་དམངས་གཉེར་ཁེ་ལས་པར་ཁྲིམས་ལྟར་འཛིན་བཟུང་བྱེད་མི་དགོས་པའི་རིགས་འཛིན་བཟུང་མ་བྱས་པ་དང་། གཏུག་བཤེར་བྱེད་མི་དགོས་པའི་རིགས་གཏུག་བཤེར་མ་བྱས་པ། ཁྲིམས་ཆད་དངོས་འབྲེལ་གཅོད་མི་དགོས་པའི་རིགས་ལ་ཁྲིམས་ཆད་འགྱངས་གཅོད་བྱེད་རྒྱུའི་གྲོས་འཆར་བཏོན་ནས་འབྲེལ་ཡོད་ཁེ་ལས་ཀྱི་བྱེད་པོ་མི་5ཁྲིམས་ལྟར་འཛིན་བཟུང་བྱེད་རྒྱུའི་ཆོག་མཆན་སྤྲད་མེད་པ་དང་། མི་8གཏུག་བཤེར་བྱས་མེད་པ། མི་12ཁྲིམས་ཆད་འགྱངས་གཅོད་བཅས་བྱས་ནས་ནག་ཉེས་ཡོད་པ་ཙམ་གྱིས་འཛིན་བཟུང་བྱེད་པ་དང་། གཏུག་བཤེར་བྱས་པ་ཙམ་གྱིས་འཐུས་པ་བྱེད་རིགས་མཐའ་གཅིག་ཏུ་བཀག་འགོག་བྱས་ཡོད། ཤེས་བྱའི་བདག་དབང་ཐད་ཀྱི་ཉེས་གསོག་རིགས་ལ་རྡུང་རྡེག་ཚ་ནན་བཏང་ནས་གྱོད་གཞི་ཁག་5ཡི་མི་10ཁྲིམས་བཞིན་གཞུང་གཏུག་བྱས་ཡོད། འབྲེལ་ཡོད་དམངས་གཉེར་ཁེ་ལས་ཀྱིས་གསལ་ཞུ་བྱས་པའི་ལྗོངས་ཕྱིའི་མི་སྣས“རང་ལྗོངས་ཀྱི་གྲགས་ཅན་ཚོང་རྟགས་ཁྱེར་ནས་ཁེ་གཙང་འཚོལ་ཐབས་བྱེད་པའི”གནད་དོན་ལ་བརྟག་ཞིབ་བྱས་པ་དང་། བོད་ལྗོངས་ཀྱི་ཁེ་ལས་ཀྱི་ཤེས་བྱའི་བདག་དབང་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་རྒྱུའི་བྱ་ཐབས་བཏོན་ཡོད།

    ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་མཐའ་མའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་ཐུབ་རྒྱུར་ཞབས་ཞུ་བསྒྲུབས་པ་དང་འགན་སྲུང་བྱས་ཤིང། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་རྒྱལ་ཁ་ལེན་ཐུབ་པར་འདེགས་སྐྱོར་བྱས་ཏེ། ཞིང་ཕན་འབྲོག་ཕན་གྱི་མ་དངུལ་དང་ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་ལ་བཙན་གནོད་བཏང་བའི་ཉེས་གསོག་གྱོད་གཞི་ཁག་45ཡི་མི་55ཁྲིམས་བཞིན་གཞུང་གཏུག་བྱས་ཏེ། ཆད་འགྱངས་བྱས་པའི་གླ་ཆ་སྒོར་ཁྲི་1630ལེན་རོགས་བྱས་པ་དང་། གྱོད་གཞིའི་རྐྱེན་གྱིས་དབུལ་པོ་ཆགས་པའི་དབུལ་པོའི་དུད་ཁྱིམ་19ལ་ཁྲིམས་འཛིན་རོགས་སྐྱོབ་མ་དངུལ་སྒོར་ཁྲི་58.67སྤྲད་ཡོད། རིམ་པ་གསུམ་གྱི་ཞིབ་དཔྱོད་ལས་ཁུངས་གྲོང་ཚོ་དང་གྲོང་ལྷན་128ལ་བསྐྱོད་དེ་ཤིན་ཏུ་དབུལ་བའི་དབུལ་ཕོངས་དུད་ཁྱིམ་2376ལ་ག་སྦྱར་རོགས་སྐྱོར་བྱས་ཤིང་། ཞལ་འདེབས་སུ་ཕུལ་བའི་རྒྱུ་དངུལ་གྱི་རིན་ཐང་སྒོར་ཁྲི་174.08ཟིན་པ་དེས་ཕྱོགས་ཡོངས་ནས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་ཐུབ་པར་ནུས་ཤུགས་གཅིག་སྒྲིལ་གྱིས་འགན་ལེན་བྱས་ཡོད། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་རྒྱུར་ཞབས་ཞུ་བསྒྲུབས་པ་དང་འགན་སྲུང་བྱས་ཤིང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་བརྟན་པོ་འཛུགས་པར་འདེགས་སྐྱོར་བྱས་པ། “སྤྱི་པའི་ཁེ་ཕན་གྱི་འཐུས་ཚབ”ཀྱི་འགན་འཁྲི་བསྒྲུབ་རྒྱུ་དེ“ལམ་ལུགས་ཆེས་ནན་ཤོས་དང་ཁྲིམས་སྐྱོང་ཆེས་ཚགས་དམ་ཤོས་སྤྱད་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ”དང་གཅིག་གྱུར་ཐུབ་པ་བྱས་ཏེ། ཁོར་ཡུག་ཐོན་ཁུངས་གཏོར་བརླག་བཏང་བའི་གྱོད་གཞི་28ཀྱི་མི་87ཁྲིམས་བཞིན་གཞུང་གཏུག་བྱས་པ་དེ་དུས་མཚུངས་དང་བསྡུར་ན་ཁག་སོ་སོར་9.7%ཆག་པ་དང་38.1%འཕར་ཡོད། “ཆེད་ལས་ཅན་གྱི་ལྟ་སྐུལ་+སླར་གསོའི་རང་བཞིན་གྱི་ཁྲིམས་འཛིན+སྤྱི་ཚོགས་ཅན་གྱི་བཅོས་སྐྱོང”བཅས་ཀྱི་སྐྱེ་ཁམས་ཞིབ་དཔྱོད་བྱེད་ལམ་བཙུགས་ནས་སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་བྱེད་ཁོངས་ཀྱི་སྤྱི་ཕན་གཏུག་བཤེར་གྱི་གྱོད་གཞིའི་ཁུངས་སྣེ་728འགན་དབང་ལྟར་རང་འགུལ་གྱིས་ཤེས་རྟོགས་བྱས་པའི་ནང་གྱོད་གཞི་602གྱོད་ཁོངས་སུ་བཅུག་པ་དང་། གཏུག་བཤེར་མ་བྱས་གོང་གི་ཞིབ་དཔྱོད་གྲོས་འཆར་382བཏང་བ་དེ་དུས་མཚུངས་དང་བསྡུར་ན་ཁག་སོ་སོར་168.6%དང་། 161.7% 97.9%བཅས་འཕར་ཡོད། ཞིབ་དཔྱོད་ཁང་29ཡིས་ས་ཆ་དེ་གའི་འབྲེལ་ཡོད་ལས་ཁུངས་དང་“ཆུ་དཔོན་དང་། མཚེའུ་དཔོན། ནགས་དཔོན་བཅས+ཞིབ་དཔྱོད་དཔོན”གྱིས་སྐྱེ་ཁམས་སྲུང་སྐྱོབ་མཉམ་སྒྲུབ་བྱེད་ལམ་བཙུགས་ཏེ། གཏུག་བཤེར་མ་བྱས་གོང་གི་ལས་རིམ་བརྒྱུད་དེ་རྩྭ་ཐང་དང་། རྨོ་ཞིང་། ནགས་ས། ཆུ་འབྲེལ་ཁོར་ཡུག་བཅས་མུའུ་241སླར་གསོ་དང་གད་སྙིགས་ཀྲོན་2827གཙང་སེལ་བྱེད་རྒྱུར་ཁྲིམས་ལྟར་སྐུལ་འདེད་བཏང་ཡོད། རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་དང་མཉམ་དུ《སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་ཁོངས་ཀྱི་སྤྱི་ཕན་གཏུག་བཤེར་མཉམ་སྒྲུབ་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཟོ་འབེབས་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་ཁོངས་ཀྱི་གྱོད་གཞིའི་ཁུངས་སྣེ་ཤེས་རྟོགས་དང་། རྩིས་སྤྲོད། ཁྲིམས་སྒྱུར་བཅས་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཁྲིམས་སྐྱོང་གི་སྒྲིལ་ཤུགས་ཆགས་པར་སྐུལ་འདེད་བཏང་ཡོད།

    གསུམ། “དམིགས་ས་གསུམ”མངོན་ཆེར་བཟུང་སྟེ་ཞིབ་དཔྱོད་གོང་འཕེལ་འགྲོ་བར་གལ་ཆེའི་འགན་སྲུང་བྱེད་རྒྱུར་ཤུགས་བརྒྱབ་པ།

    ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་དཔྱོད་རང་ངོས་ནས་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་རྒྱུ་དང་ཁྲིམས་འཛིན་སྤྱི་མོས་ཐོབ་ཚད་ཆེ་རུ་འགྲོ་རྒྱུ་གཅིག་གྱུར་བྱས་ཐོག གནད་དོན་འཛིན་ཕྱོགས་དང་། དམིགས་ཚད་འཛིན་ཕྱོགས། གྲུབ་འབྲས་འཛིན་ཕྱོགས་བཅས་ཤུགས་ཆེར་བཏང་སྟེ། ཞིབ་དཔྱོད་གོང་འཕེལ་འགྲོ་བའི་གཙོ་རྒྱུ་ཁག་རྒྱུད་ཁོངས་ཐོག་ནས་འདུས་གྲུབ་ཡོང་བ་དང་ཞིབ་དཔྱོད་ཀྱི་ལས་རྣམ་དེ་གསར་བརྗེའི་རྣམ་པའི་ཞུན་བརྡར་ཐེབས་པ་བྱས་ནས་ཞིབ་དཔྱོད་གོང་འཕེལ་འགྲོ་བར་འཐབ་ཇུས་ངོས་ནས་འདེགས་སྐྱོར་འགན་སྲུང་བྱེད་པའི་ནུས་པ་ཆེ་རུ་ཧུར་ཐག་བཏང་ཡོད།

    —— ཁྲིམས་བཞིན་རྒྱལ་ཁབ་སྐྱོང་རྒྱུའི་ལག་ལེན་གྱི་བླང་བྱར་དམིགས་ནས་ཞིབ་དཔྱོད་ཀྱི་མཁོ་འདོན་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་བསྒྱུར་བཅོས་བྱེད་རྒྱུར་སྐུལ་འདེད་བཏང་བ། ཞིབ་དཔྱོད་ལས་ཁུངས་ཀྱི་རྩ་ཁྲིམས་ཀྱི་ངེས་གནས་མཐའ་འཁྱོངས་བྱས་ཏེ། ཞིབ་དཔྱོད་ཐོན་རྫས་ཀྱི“མཁོ་འདོན་མི་འདང་བ”དང་། “གྲུབ་ཆ་དོ་མི་མཉམ་པ”“མཁོ་འདོན་ཕན་མེད”བཅས་ཀྱི་གནད་དོན་ལ་དམིགས་ནས། “གྲངས་ཚད་ནི་རྨང་གཞི་དང་། སྤུས་ཚད་ནི་འགག་རྩ། གྲུབ་ཆ་ལེགས་སྒྱུར་བྱེད་རྒྱུ་ནི་གཙོ་གནད”ཡིན་པའི་ཞིབ་དཔྱོད་མཁོ་འདོན་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བསྒྱུར་བཅོས་གཏིང་ཟབ་བྱས་ཡོད།

    མཁོ་འདོན་གྲངས་ཚད་སྤྱིའི་ཆ་ནས་བརྟན་པོ་ཡིན་པ། ཏོག་གསར་གློ་ཚད་ནད་ཡམས་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་གྱོད་དོན་བདག་སྤྲོད་བྱས་པའི་སྤྱི་འབོར་དེ་ལོ་མང་རིང་ཐེངས་དང་པོར་ཅུང་ཙམ་ཆག་པ་སྟེ། ལོ་ཧྲིལ་པོར་ཁྱོན་བསྡོམས་ཞིབ་དཔྱོད་ལྟ་སྐུལ་བྱེད་རྒྱུའི་རིགས་འདྲ་མིན་གྱི་གྱོད་གཞི་ཁག་13099བདག་སྤྲོད་བྱས་པ་དང་གྱོད་གཞི་ཁག་9108ཁྲིམས་ཐག་བཅད་པ་དེ་དུས་མཚུངས་དང་བསྡུར་ན་ཁག་སོ་སོར་1%དང་2.8%ཆག་ཡོད་ལ། དུས་མཚུངས“ཞིབ་དཔྱོད་ལས་དོན་དེ་སྤྱི་ཡོངས་ལ་ཞབས་ཞུ་བསྒྲུབ་རྒྱུ་དང་མཉམ་འདྲེས་ཟབ་མོ་བྱུང་ན་གཞི་ནས་ལས་སྟེགས་ཡོད་པའི”བསམ་གཞི་ཆེ་རུ་བཏང་སྟེ། ཞིབ་དཔྱོད་ཀྱི་མཁོ་འདོན་འབྱུང་ཁུངས་ཆེ་རུ་བཏང་ནས་ཞིབ་དཔྱོད་ཀྱི་མཁོ་འདོན་སྤྱི་འབོར་མང་དུ་བཏང་བར་བརྟེན། ཞིབ་དཔྱོད་ལྟ་སྐུལ་བྱེད་རྒྱུའི་གྱོད་གཞི་ཁག་1935འགན་དབང་ལྟར་རང་འགུལ་གྱིས་ཤེས་རྟོགས་བྱས་པ་དེ་དུས་མཚུངས་དང་བསྡུར་ན་134%འཕར་ཡོད།

    མཁོ་འདོན་གྱི་གྲུབ་ཆ་ལེགས་སྒྲིག་བྱེད་རྒྱུ་དེ་ལེགས་སུ་སོང་བ། ཉེས་དོན་དང་། དམངས་དོན། སྲིད་འཛིན། སྤྱི་ཕན་གཏུག་བཤེར་བཅས“ཞིབ་དཔྱོད་ཆེན་པོ་བཞིའི”གྲུབ་ཆའི་རིགས་བསྡུར་དེ་2019ལོའི་93.6∶1.9∶0.4∶4.1ནས་2020ལོའི་82.7∶3.0∶0.5∶13.8ལ་སྔར་བས་ལེགས་སྒྱུར་བྱུང་ཡོད་པ་སྟེ། དེའི་ནང་ཉེས་དོན་ཞིབ་དཔྱོད་ཁག་8598བྱས་པ་དེ་དུས་མཚུངས་དང་བསྡུར་ན་12.7%ཆག་པ་དང་། དམངས་དོན་ཞིབ་དཔྱོད་ཁག་314བྱས་པ་དེ་དུས་མཚུངས་དང་བསྡུར་ན་121.1%འཕར་བ། སྲིད་འཛིན་ཞིབ་དཔྱོད་ཁག་56བྱས་པ་དེ་དུས་མཚུངས་དང་བསྡུར་ན་36.6%འཕར་བ། སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ཁག་1431བྱས་པ་དེ་དུས་མཚུངས་དང་བསྡུར་ན་200.6%འཕར་བ་བཅས་ཡིན།

    མཁོ་འདོན་གྱི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་སོང་བ། ཞིབ་དཔྱོད་ཀྱི་སྤུས་ཕྱོད་ལ་ལྟ་སྡོམ་བྱེད་པའི་སྲིད་ཇུས་ཀྱི“ལག་ཆའི་སྒམ”ཕུན་སུམ་ཚོགས་སུ་བཏང་སྟེ། “ཚད་ལྡན་གྱིས་སྣེ་ཁྲིད་བྱེད་པའི”ཞིབ་དཔྱོད་ཀྱི་ཁྲིམས་འཛིན་ཚད་ལྡན་ཅན་དུ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་བཏང་བ་དང་། “གཞི་གྲངས་གཙོ་རྒྱུས”འདེགས་སྐྱོར་བྱས་པའི་ཞིབ་དཔྱོད་ལས་སྒོའི་གཞི་གྲངས་ལ་དབྱེ་ཞིབ་མཐའ་གཅོད་བྱེད་པའི་ལམ་སྲོལ་བཙུགས་པ། གྱོད་གཞིར་ཞིབ་དཔྱོད་ལྟ་སྐུལ་བྱེད་པའི་སྤུས་ཚད་ལ་རྒྱུན་རྣམ་ཅན་དང་ཁྱོན་ཡོངས་ནས་དཔྱད་བཤེར་བྱས་པ། “མཛུབ་ཁྲིད་དང་གཅུན་སྡོམ”གྱི་ཕན་ནུས་གལ་ཆེ་མཉམ་འཛིན་བྱས་པའི་ཞིབ་དཔྱོད་ལས་སྒོའི་ལས་ཕྱོད་ལ་དཔྱད་གདེང་དམིགས་ཚད་ཀྱི་དོ་དམ་བྱེད་པའི་ལམ་སྲོལ་ཁྱབ་སྤེལ་བཏང་བ། ཕན་འབྲས་འཛིན་ཕྱོགས་མངོན་ཆེར་འཛིན་པའི་ཞིབ་དཔྱོད་དཔོན་གྱི་ལས་རྗེས་དཔྱད་གདེང་ལམ་སྲོལ་བཙུགས་པ། “ཉན་དགོས་ངེས་ལ་ཉན་གང་ཐུབ་བྱེད་པའི”ཞིབ་དཔྱོད་ལྟ་སྐུལ་གྱི་ཟུར་ཉན་ཞིབ་བཤེར་ལམ་སྲོལ་ཁྱབ་སྤེལ་བཏང་བ། ཁྲིམས་འཛིན་བསམ་གཞིའི་ཐད་ཀྱི་ཡོ་བསྲང་གསར་གཏོད་དང་ཁྲིད་སྟོན་ཡར་ཐོན་གྱི་རིན་ཐང་ལྡན་པའི་དཔེ་མཚོན་གྱོད་གཞིས་བཅའ་ཁྲིམས་སྤྱོད་འཐུས་ཀྱི་ཚད་གཞི་གཅིག་གྱུར་བཟོ་བའི་མཛུབ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་སོགས་ཞིབ་དཔྱོད་ལས་སྒོ་གོང་འཕེལ་གཏོང་བའི་སྤུས་ཕྱོད་འགན་སྲུང་གི་ལས་རྣམ་གསར་པ་ཞིག་ཆགས་ཤིང་། ཞིབ་དཔྱོད་ལས་སྒོའི་ལྟེ་བའི་དམིགས་ཚད་གཞི་གྲངས་ཁག་གཅིག་གི་ཨང་རིམ“རྒྱལ་ཡོངས་ཀྱི་མཇུག་ལུས”ལས་གྲོལ་ཐུབ་པ་བྱུང་ཡོད།

    མཁོ་འདོན་གྱི་ཕན་འབྲས་ཡར་ཐོན་ཁྲོད་ལེགས་སུ་སོང་བ། ཞིབ་དཔྱོད་ཐོན་རྫས“མཁོ་འདོན་ཕན་མེད”ཀྱི་གནད་དོན་གོ་རིམ་ལྡན་པའི་ངང་བཅོས་སྐྱོང་བྱས་ནས་གོ་རིམ་བརྒྱུད་དགོས་ངེས་མིན་པའི་གྱོད་ཞིབ་བྱེད་རྒྱུ་ཁག་1314ཉུང་དུ་ནུས་ལྡན་བཏང་ཡོད། ནག་ཉེས་དང་ཁྲིམས་ཆད་ངོས་ལེན་བྱས་རིགས་ལ་གུ་ཡངས་གཏོང་བའི་ལམ་ལུགས་འཚམ་སྤྱོད་བྱས་ཚད་དེ་2019ལོའི་28.67%ནས་78.35%བར་མཐོ་རུ་སོང་བ་དང་། ཉེས་དོན་གཏུག་བཤེར་བྱེད་རྒྱུ་དེ“ཁྲིམས་ཆད་ལ་བརྟེན་ནས་ཉེས་གསོག་བཀག་འགོག”ནས་འབྱུང་རྩ་ནས་བཅོས་སྐྱོང་བྱེད་པར་འགྱུར་བ་བཏང་བ་དང་སྦྲགས། ཁྲིམས་འཛིན་གྱི་སྤྱི་མོས་ཐོབ་རྒྱུ་དེ་མིག་མཐོང་ལག་ཟིན་དང་ཤེས་ཚོར་ཐུབ་པའི་ཐབས་ལམ་ནས་མངོན་ཐུབ་པར་བྱས་པས་ཞིབ་དཔྱོད་ཀྱི་བཅོས་སྐྱོང་ནུས་པ་ཆེ་རུ་འགྲོ་རྒྱུར་འདེགས་སྐྱོར་ཐུབ་ཡོད།

    —— ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་ཕྱོགས་བསྡུས་ཚང་སྒྲིག་གིས་བསྒྱུར་བཅོས་བྱེད་དགོས་པའི་བླང་བྱར་དམིགས་ནས་ཞིབ་དཔྱོད་གོང་འཕེལ་གྱི་འགུལ་ཤུགས་ལ་འགྱུར་ལྡོག་གཏོང་རྒྱུར་སྐུལ་སྤེལ་བཏང་བ། ཁྲིམས་འཛིན་སྒྲིག་སྲོལ་བསྒྱུར་བཅོས་བྱེད་རྒྱུ་དང་སྲིད་ཁྲིམས་ཁྱབ་ཁོངས་ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་པའི་ཁྲོད་ཞིབ་དཔྱོད་བསྒྱུར་བཅོས་ཀྱི་དོན་གནད་དང་འབྲེལ་བ་ཡོད་རིགས་གཅིག་གྱུར་འཆར་འགོད་བྱས་ཤིང་། དམིགས་ཚད་ཀྱི་བླང་བྱ་མང་པོ་དང་སྣེ་མང་སྲིད་ཇུས་ཁྲིད་ཕྱོགས་ཀྱི་ཁྱོན་ཡོངས་ཀྱི་འབྲེལ་ཡོད་རང་བཞིན་ཁོང་དུ་ཆུད་པར་བྱས་ནས་བསྒྱུར་བཅོས་ཀྱི་རྒྱུད་ཁོངས་རང་བཞིན་དང་། ཕྱོགས་བསྡུས་རང་བཞིན། མཉམ་སྒྲུབ་རང་བཞིན་བཅས་ཤུགས་ཆེར་གཏོང་བའི་ཁྲོད་ནས་ཞིབ་དཔྱོད་གོང་འཕེལ་ཡོང་བར་བབ་བསྟུན་སྔོན་གྲབས་བྱས་ཡོད།

    ཞིབ་དཔྱོད་ཀྱི་འགན་ནུས་ཕྱོགས་སྒྱུར་གཏིང་ཟབ་བྱས་པ། ཉེས་དོན་དང་། དམངས་དོན། སྲིད་འཛིན། སྤྱི་ཕན་གཏུག་བཤེར་བཅས“ཞིབ་དཔྱོད་ཆེན་མོ་བཞིའི”འགན་ནུས་མ་ལག་ཅིག་གཏོད་གང་ཐུབ་བྱས་ནས་རིམ་དབྱེའི་ཐོག་འགན་ནུས་མི་སྣ་ཟླ་སྒྲིལ་དང་། ལས་སྒོའི་ལས་ཀ་མཉམ་འདྲེས། ལམ་སྲོལ་ལས་རིམ་མཐུད་སྦྲེལ་བཅས་བྱེད་པའི་ཞིབ་དཔྱོད་ནང་བཙུགས་ཚན་པ་བསྒྱུར་བཅོས་བྱས་ཏེ། ཞིབ་དཔྱོད་ཀྱི་ལྟ་སྐུལ་མ་ལག་བཅོས་བསྒྱུར་བསྐྱར་གཏོད་དང་ཞིབ་དཔྱོད་ལྟ་སྐུལ་གྱི་སྟོབས་ཤུགས་མ་ལག་བསྐྱར་སྐྲུན་བྱེད་རྒྱུར་སྐུལ་འདེད་བཏང་ཡོད།

    ཁྲིམས་འཛིན་ལམ་སྲོལ་བསྒྱུར་བཅོས་གཏིང་ཟབ་བྱས་པ། ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་ལྟེ་བར་བྱས་པའི་ཞིབ་དཔྱོད་དཔོན་གྱི་ཁ་གྲངས་ལ་འགྱུར་ལྡན་དོ་དམ་དང་། ལས་རིགས་འགན་སྲུང་། ལས་ཕྱོད་དཔྱད་ཞིབ། འགན་འཁྲི་བདའ་འདེད་སོགས་ཀྱི་ཕྱོགས་བསྡུས་ཚང་སྒྲིག་གིས་བསྒྱུར་བཅོས་བྱེད་རྒྱུ་སྔར་བས་དོན་འཁྱོལ་བྱས་ཏེ། འགན་འཁྲི་སྒྲུབ་མི་ཐུབ་པ་དང་ལས་འཁྱུར་གནས་སྒྱུར་སོགས་ཀྱི་གནས་ཚུལ་མངོན་ཆེར་བཟུང་ནས་མི་52ཕྱིར་འཐེན་བྱེད་རྒྱུ་དང་མི་27འགྱུར་ལྡན་ལེགས་སྒྲིག་གིས་ནང་འཇུག་བྱེད་རྒྱུའི་གཏན་འཁེལ་བྱས། སྐབས་གཉིས་པའི་ཞིབ་དཔྱོད་དཔོན་འདེམས་སྒྲུག་ཨུ་ཡོན་ལྷན་ཁང་དང་བསླབ་སྡོམ་ཨུ་ཡོན་ལྷན་ཁང་སྐབས་བརྗེ་བྱེད་རྒྱུའི་ལས་འགན་ལེགས་གྲུབ་བྱས་ཡོད། མིང་ཁོངས་སུ་ཚུད་པའི་འགོ་ཁྲིད་ཀྱི་གྱོད་ཞིབ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་རིམ་ཁག་ཞིབ་དཔྱོད་ཀྲང་དང་། ཞིབ་དཔྱོད་ཀྲང་གཞོན་པ། ཞིབ་དཔྱོད་ཨུ་ལྷན་གྱི་ཆེད་བསྐོས་ཨུ་ཡོན་བཅས་ཀྱིས་གྱོད་ཞིབ་བྱས་པའི་གྱོད་གཞི་ཁག་2557དང་འདྲི་གཅོད་ཨུ་ལྷན་ཟུར་ཞུགས་བྱས་པའི་གྱོད་གཞི་ཁག་50ཟིན་ཡོད།

    ཞིབ་དཔྱོད་སྟོབས་ཤུགས་ཀྱི་ཐོན་ཁུངས་བགོ་སྒྲིག་ལེགས་སྒྱུར་བྱས་པ། ཞིབ་དཔྱོད་སྟོབས་ཤུགས་ཀྱི་ཐོན་ཁུངས་བགོ་སྒྲིག་བྱེད་རྒྱུ་དེ་གཞི་རིམ་དང་ས་ཁད་མཐོ་བའི་ས་ཁུལ་ལ་གཟིགས་སྐྱོང་བྱེད་རྒྱུའི་ཁྲིད་ཕྱོགས་ཁ་གསལ་བཟོས་ཏེ། ཞིབ་དཔྱོད་ལས་ཁུངས་ཀྱི་སྔོན་ཉར་སྒྲིག་གྲངས་ཚང་མ་གཞི་རིམ་གྱི་འཐབ་ས་དང་པོ་དང་མཐའ་མཚམས་ཀྱི་འཐབ་ས་དང་པོའི་གཞི་རིམ་ཞིབ་དཔྱོད་ཁང་ལ་སྤྱོད་རྒྱུའི་བསམ་འཆར་དང་གྲོས་འཆར་བཏོན་ཡོད། “ཞིབ་དཔྱོད་གཞི་གཅིག་ཅན”གྱི་གྱོད་ཞིབ་ལམ་སྲོལ་དང་ཞིབ་དཔྱོད་ལམ་སྲོལ་གྱི་ལེགས་ཆ་འདོན་སྤེལ་དང་། 《མི་དམངས་ཞིབ་དཔྱོད་ཁང་གི་རྩ་འཛུགས་བཅའ་ཁྲིམས》ཀྱི་གཏོགས་ཁོངས་ཀྱི་ཞིབ་དཔྱོད་མི་སྣས་གྱོད་དོན་ཞིབ་དཔྱོད་བྱེད་པའི་ནང་གཅིག་གྱུར་འཐེན་སྤྱོད་བྱེད་རྒྱུའི་སྐོར་གྱི་གཏན་འབེབས་སྤྱད་དེ། ཆེས་མཐོའི་ཞིབ་དཔྱོད་ཁང་ལ་རྒྱལ་ཡོངས་ནས་ཐོག་མར་ཞིང་ཆེན་བརྒལ་ནས་ཞིབ་དཔྱོད་མི་སྣ་འཐེན་སྤྱོད་ཀྱིས་རང་ལྗོངས་ཀྱི་ཁྲིམས་འཛིན་མི་སྣའི་འབྲེལ་ཡོད་ལས་ཐོག་ཉེས་གསོག་གི་དོགས་ཡོད་ཁུངས་སྣེར་ཞིབ་བཤེར་བྱེད་པར་ཞུགས་རྒྱུའི་རེ་ཞུ་ཐེངས་དང་པོར་ཕུལ་ཡོད། རང་སྐྱོང་ལྗོངས་ནོར་སྲིད་ཐིང་གི་མཛུབ་ཁྲིད་དང་རྒྱབ་སྐྱོར་འོག སྲིད་ཁྲིམས་ཀྱི་སྒྱུར་སྤྲོད་མ་དངུལ་བཀོད་སྒྲིག་བྱེད་སྟངས་དང་གཞི་རིམ་གོང་འཕེལ་གཏོང་རྒྱུའི་དགོས་མཁོ་གཉིས་སྦྲེལ་མཐུད་གནད་འཕིགས་ཡོང་ཚད་མཐོ་རུ་བཏང་ཡོད། མངའ་རིས་ས་ཁུལ་ཡན་ལག་ཞིབ་དཔྱོད་ཁང་གིས་ཞིབ་དཔྱོད་ཀྱི་བོད་སྐྱོར་དང་སྲིད་གཞུང་གི་རྒྱབ་སྐྱོར་མ་དངུལ་སྒྲིལ་སྤྱོད་བྱས་ནས་གཞི་རིམ་གྱི་ཞིབ་དཔྱོད་ལས་དོན་འགན་སྲུང་བྱེད་པའི་ཐད་སྤྱོད་རྒྱུའི་ཁང་པ་ཕྱོགས་ཡོངས་ནས་སྔོན་ལ་རྒྱག་ཐུབ་པ་བྱས་ཏེ་ས་ཁད་མཐོ་བའི་གཞི་རིམ་ཞིབ་དཔྱོད་ཁང་གིས“ལས་བྱེད་པའི་ལུས་སེམས་གནས་ཐུབ་པ”བྱེད་རྒྱུའི་དཀའ་གནད་སེལ་བའི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་པས་ལྗོངས་ཞིབ་དཔྱོད་ཁང་གིས་མཉམ་སྡེབ་ཀྱི་བྱས་རྗེས་རིམ་པ་གསུམ་པའི་གཟི་བརྗིད་མཚན་སྙན་བཀོད་ཡོད།

    འབྲེལ་མཐུད་ཀྱིས་ལྟ་སྐུལ་བྱེད་རྒྱུ་བརྟན་ཐོག་ཡར་འཕེལ་བྱུང་བ། ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་གྱིས་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་ཁྲོད་ཐོན་པའི་གྲུབ་ཆའི་གཙོ་རྒྱུའི་བྱེད་ནུས་འདོན་སྤེལ་བྱས་ཤིང་། ཏང་གི་ནང་ཁུལ་ལ་ལྟ་སྐུལ་བྱེད་རྒྱུ་གཙོ་ཁྲིད་དུ་བྱས་ཏེ་རིགས་ཁག་གི་ལྟ་སྐུལ་འབྲེལ་མཐུད་ནུས་ལྡན་བྱེད་རྒྱུར་ཤུགས་བརྒྱབ་ཡོད། སྒྲིག་བཤེར་ལྟ་སྐུལ་སོགས་ལས་ཁུངས་ལ་ལྟ་སྐུལ་བྱེད་རྒྱུའི་ཁུངས་སྣེ་ཁག་33སྐྱེལ་སྤྲོད་བྱས་ཡོད། ལྷ་རྩེ་རྫོང་ཞིབ་དཔྱོད་ཁང་གིས“4·03”གྱི་ཆེད་དོན་གྱོད་དོན་ཞིབ་གཅོད་བྱེད་སྐབས། ཆབ་མདོ་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་རུ་དཔོན་གཞོན་པ་བཀྲ་ཤིས་ཉི་མས་ལྐོག་རྔན་བླངས་པའི་དོགས་ཡོད་ཉེས་གསོག་དང་འབྲེལ་བ་ཡོད་པའི་གྱོད་གཞིའི་ཁུངས་སྣེ་ཤེས་རྟོགས་བྱུང་ནས་སྒྲིག་བཤེར་ལྟ་སྐུལ་ལས་ཁུངས་ལ་སྐྱེལ་སྤྲོད་བྱས་ཤིང་། བརྟག་ཞིབ་བྱས་རྗེས་ཏང་གི་སྐྱིད་སྡུག་ནས་ཕུད་པ་དང་གཞུང་ཞབས་ལས་གནས་ནས་ཕུད་པའི་ཆད་པ་བཅད་པའི་ཁར། ཞིབ་དཔྱོད་ལས་ཁུངས་ལ་བསྐྱལ་ནས་ཞིབ་བཤེར་གཏུག་བཤེར་བྱས་རྗེས་མི་དམངས་ཁྲིམས་ཁང་གིས་དུས་བཅད་བཙོན་འཇུག་ལོ་ལྔ་བྱེད་རྒྱུའི་ཁྲིམས་ཐག་བཅད་པ་མ་ཟད། སྒོར་ཁྲི་40ཡི་དངུལ་ཆད་བཅད་པ་རེད།

    ཚན་རིག་གཙོ་རྒྱུས་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ། “ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་བློ་རིག་ཞིབ་དོན་རྒྱུད་ཁོངས་ཉེར་སྤྱོད་བྱས་པའི་དཔེ་མཚོན་གྱོད་དཔེ་ཆེ་བ་བཅུ་འཚོལ་བསྡུ་དང་དཔྱད་བསྡུར་བྱེད་པའི”ལས་སྟེགས་ལ་བརྟེན་ནས་ག་སྦྱར་བོད་སྐྱོར་ཞིབ་དཔྱོད་ལས་ཁུངས་ཀྱི་ཉེར་སྤྱོད་ཡག་པོ་ཡོད་པའི་རྒྱུད་ཁོངས་ཀྱི་མཉེན་ཆས་ནང་འདྲེན་དང་། བཀོད་སྒྲིག བཀོལ་སྤྱོད་བཅས་བྱས་ཏེ“བློ་རིག་ནུས་ལྡན་གྱི་ཞིབ་དཔྱོད”ཐོག་ནས་ཞིབ་དཔྱོད་ནུས་ཤུགས་ཐོན་ཁུངས་ཀྱི་ཚད་བཀག་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་དཀའ་གནད་ནུས་ལྡན་ངང་སེལ་གང་ཐུབ་བྱས་ཏེ་ཞིབ་དཔྱོད་ལྟ་སྐུལ་བྱེད་སྟངས་དང་ཞིབ་དཔྱོད་ལས་དོན་སྤེལ་རྣམ་ལ་འཕོ་སྒྱུར་ཤུགས་ཆེ་བཏང་ཡོད། ཁྲིམས་ཆད་ཡང་བཟོས་དང་དངོས་མིན་བཙོན་འགྲོལ་གཏོང་བར་དྲ་ཐོག་ནས་མཉམ་དུ་གྱོད་ཞིབ་བྱེད་པའི་རྒྱུད་ཁོངས་སྤྱོད་རྒྱུ་བཀོད་སྒྲིག་བྱས་ཤིང་། གཞི་གྲངས་ཀྱི“ལྕགས་གཟེབ”ལ་བརྟེན་ནས་དབང་ཆ་སྤྱོད་ལུགས་ཚད་ལྡན་ནུས་ལྡན་བཟོས་ཏེ་ཁྲིམས་ཆད་ཡང་བཟོས་དང་དངོས་མིན་བཙོན་འགྲོལ་གྱི་བརྒྱུད་རིམ་ཧྲིལ་པོར་འགྱུར་ལྡན་རྗེས་འདེད་དང་སྐབས་བསྟུན་ལྟ་སྐུལ་བྱེད་ཐུབ་ཡོད། ཁྲེན་ཀོན་ཆུས་ཞིབ་དཔྱོད་ཁང་གིས་ནད་ཡམས་ཐོན་རིང་རྒྱང་བསྟེན་གྱོད་ཞིབ་ཀྱི་རྒྱུད་ཁོངས་ལ་བརྟེན་ནས་ཉེས་དོན་ཞུ་འབུལ་དེ་ཁྲིམས་འཛིན་རོགས་སྐྱོབ་ལ་སྒྱུར་བའི་གྱོད་གཞི་1གྱོད་ཐག་བཅད་པ་དེ་ཆེས་མཐོའི་ཞིབ་དཔྱོད་ཁང་གིས་ཆ་འཕྲིན་ཅན་གྱི་བྱ་ཐབས་ལ་བརྟེན་ནས་ནད་ཡམས་དང་འབྲེལ་བའི་གྱོད་གཞི་གཉེར་སྒྲུབ་བྱས་པའི་དཔེ་མཚོན་གྱོད་གཞི་5ཡོངས་བསྒྲགས་བྱེད་རྒྱུའི་ནང་ཚུད་པ་དེས་བོད་ལྗོངས་ཞིབ་དཔྱོད་ཁང་གིས་ཞིབ་དཔྱོད་ལས་སྒོའི་ལས་དོན་དང་དེང་རབས་ཚན་རྩལ་ཉེར་སྤྱོད་བྱེད་པ་གཉིས་ཟུང་འབྲེལ་གང་ཟབ་བྱེད་རྒྱུར་འགག་སྒྲོལ་བྱུང་བ་མཚོན་ཡོད།

    —— དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱར་དམིགས་ནས་ཞིབ་དཔྱོད་ལས་ཁུངས་ཀྱིས་རང་ངོས་གསར་བརྗེ་བྱེད་རྒྱུར་སྐུལ་སྤེལ་བཏང་བ། ཞིབ་དཔྱོད་ལས་ཁུངས་ནི་ཐོག་མར་ཆབ་སྲིད་ལས་ཁུངས་ཡིན་པའི་ངོ་བོའི་ངེས་གནས་མཐའ་འཁྱོངས་བྱས་ཏེ་རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེ། རང་ངོས་ཡར་རྒྱས་བཅས་བྱེད་པའི་ཆབ་སྲིད་ཀྱི་བྱེད་ནུས་ཤུགས་ཆེར་བཏང་ཁར། རང་ངོས་གསར་བརྗེ་བྱེད་པའི་ཐོག་ནས་ཞིབ་དཔྱོད་ལམ་ལུགས་ཀྱི་ལེགས་ཆ་དེ་ས་གནས་བཅོས་སྐྱོང་བྱེད་པའི་ནུས་ཕྱོད་དུ་འགྱུར་རྒྱུར་སྐུལ་སྤེལ་བཏང་ཡོད།

    ཏང་གི་ཆབ་སྲིད་འཛུགས་སྐྱོང་དེ་སྤྱི་འདོམས་སུ་བྱེད་རྒྱུ་མངོན་ཆེར་བཟུང་བ། ཆབ་སྲིད་ལ་སྣང་ཆེན་བྱེད་པའི་མཐོ་ཚད་ནས་ཞིབ་དཔྱོད་ལས་དོན་ཡག་པོ་བསྒྲུབས་པ་དང་། ཆབ་སྲིད་ཀྱི་བསམ་བློ་དང་ཆབ་སྲིད་ཀྱི་བྱེད་ཐབས་སྤྱད་དེ་ཞིབ་དཔྱོད་གོང་འཕེལ་གཏོང་བའི་དཀའ་གནད་སེལ་ཐོག བོད་ཀྱི་ཞིབ་དཔྱོད་པའི་བློ་རིག་དང་ནུས་ཤུགས་གཅིག་ཏུ་འགྲིལ་བར“གཞོམ་མེད་ཀྱི་སྟོབས་ཤུགས”གསར་པ་བསྣན་ཡོད། “ཆབ་སྲིད་ལ་བརྟེན་ནས་ཞིབ་དཔྱོད་འཛུགས་སྐྱོང་བྱེད་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་ཉམས་སད་ཐེག་ཐུབ་པའི་ཞིབ་དཔྱོད་དཔུང་ཁག་ཅིག་གཏོད་རྒྱུའི”ཆེད་དམིགས་སློབ་གསོའི་དག་ཐེར་ལས་དོན་གཏིང་ཟབ་སྤེལ་བ་དང་། “ཏང་གི་བོད་ཀྱི་ཞིབ་དཔྱོད་བྱ་གཞག་གོང་འཕེལ་གཏོང་བར་འབད་བརྩོན་ལྷོད་མེད་བྱེད་རྒྱུའི་དམ་བཅའ་འཇོག་པའི”ཐོག་ནས་རྩ་བ་གསོ་ཞིང་བློ་སྦྱོང་བྱེད་པ། “ཆབ་སྲིད་འཛུགས་སྐྱོང་དང་ལས་སྒོ་ལེགས་སྐྱོང་བྱེད་རྒྱུ་གཉིས་མཉམ་འདྲེས་ཟབ་མོ་ཐུབ་རྒྱུར་སྐུལ་འདེད་བཏང་ཚེ། ཆབ་སྲིད་འཛུགས་སྐྱོང་ལ་གཞི་ནས་སྟོབས་ཤུགས་ཡོད་པ་དང་ལས་སྒོ་ལེགས་སྐྱོང་བྱེད་རྒྱུར་ཡང་བླ་སྲོག་ཡོད་པའི”བསམ་གཞི་བརྟན་པོ་འཛུགས་པ། “ཞིབ་དཔྱོད་ཀྱི་ཏང་འཛུགས་སྐྱོང་གི་ལས་ཀའི་ཕན་འབྲས་དངོས་ཀྱི་ཐོག་ནས་ཞིབ་དཔྱོད་ལས་སྒོའི་གྲུབ་འབྲས་ལ་ཞིབ་ལྟ་བྱེད་པ་དང་། ཞིབ་དཔྱོད་ལས་སྒོའི་གྲུབ་འབྲས་ཀྱི་ཐོག་ནས་ཞིབ་དཔྱོད་ཀྱི་ཏང་འཛུགས་སྐྱོང་གི་ལས་ཀའི་རང་འགུལ་བྱེད་སེམས་ལ་ཞིབ་དཔྱད་ཐུབ་པའི”ཞིབ་བསྡུར་ཚད་གཞི་གཏན་འཁེལ་བཅས་བྱས་པར་བརྟེན། ཞིབ་དཔྱོད་ཀྱི་ཏང་འཛུགས་སྐྱོང་ལས་དོན་དང་ཞིབ་དཔྱོད་ལས་སྒོའི་ལས་དོན་གཉིས“ཐ་དད་དུ་གྱར་བའི”གནད་དོན་ཐག་གཅོད་ཡག་པོ་བྱེད་རྒྱུ་དེ་ཞིབ་དཔྱོད་ཀྱི་ཏང་འཛུགས་སྐྱོང་ལས་དོན་སྤེལ“ཡོད་མེད”ནས“ཡག་པོ་ཡོད་མེད”དུ་བསྒྱུར་བའི་གལ་ཆེའི་མཚོན་རྟགས་ཤིག་ལ་བརྩིས་ནས་དུས་རབས་གསར་པའི་བོད་ཀྱི་ཞིབ་དཔྱོད་ལས་དོན་གོང་འཕེལ་འགྲོ་རྒྱུར་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་སྲུང་བྱས་ཡོད།

    ཞིབ་དཔྱོད་འཇོན་ནུས་ཀྱི་ཆད་སྐྱོན་དང་ཞན་ཆ་སེལ་རྒྱུ་མངོན་ཆེར་བཟུང་བ། “གང་ཆད་ཀྱང་དེ་གསབ་རྒྱུའི”སྦྱོང་བརྡར་སྤྲོས་སྟངས་མངོན་ཆེར་བཟུང་སྟེ་ནད་ཡམས་ཐོན་རིང་“དྲ་རྒྱ་+”གསོ་སྦྱོང་མ་ལག་གི་གཙོ་ཁྲིད་ཕན་ནུས་འདོན་སྤེལ་བྱས་ཤིང་། ཆེས་མཐོའི་ཞིབ་དཔྱོད་ཁང་གིས་ནུབ་ཕྱོགས་སུ་སྐོར་སྐྱོད་ཀྱིས་འཆད་ཁྲིད་དང་སློབ་ཁྲིད་རོགས་སྐྱོར་བྱེད་རྒྱུ་སྒྲིག་འཛུགས་བྱེད་པའི་དམིགས་བཀར་རང་བཞིན་དང་ཕན་འབྲས་རང་བཞིན་མངོན་གསལ་དོད་པོས་ཆེ་རུ་སོང་ཡོད། དམངས་དོན་ཞིབ་དཔྱོད་ལས་དོན་ཐད་སྤྱི་ཚོགས་ཀྱི་ཤེས་རྟོགས་ཐུབ་ཚད་མཐོན་པོ་མེད་པའི་གནད་དོན་ལ་དམིགས་ཏེ《དམངས་དོན་ཁྲིམས་གཞུང་》སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་རྒྱུ་དང་ཟུང་འབྲེལ་བྱས་ཐོག “དམངས་དོན་ཞིབ་དཔྱོད་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་ནི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་བཞིན་བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་ནུས་འདོན་སྤེལ་བྱེད་རྒྱུ་དང་། དུས་རབས་གསར་པའི་ཞིབ་དཔྱོད་ལས་དོན་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་རྒྱུར་སྐུལ་སྤེལ་གཏོང་བའི་གལ་ཆེའི་མཚོན་ཚུལ་ཡིན་པའི”འདུ་ཤེས་ཟབ་ཏུ་བཏང་སྟེ་གྱོད་དོན་ཞིབ་དཔྱོད་བྱེད་པའི་ཁྲོད་དམངས་དོན་ཁྲིམས་གཞུང་གི་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་ནན་པོ་བྱེད་དགོས་ལ། བཅའ་ཁྲིམས་ལྟ་སྐུལ་ལ་བརྟེན་ནས་དམངས་དོན་ཁྲིམས་གཞུང་གཅིག་གྱུར་ཡང་དག་གིས་ལག་བསྟར་བྱེད་པར་འགན་སྲུང་ཡང་བྱེད་དགོས་པའི“འགན་འཁྲི་གཉིས”ཕྲག་ཐོག་ཏུ་འཁུར་ཡོད། ཞིབ་དཔྱོད་བོད་སྐྱོར་གྱི“བརྒྱ་གཉིས་ཀྱི་ཤེས་ལྡན་པའི”མཁོ་འདོན་དགོས་མཁོར་གནད་འཕིགས་འབྲེལ་མཐུད་བྱས་ཏེ་དངོས་འཐབ་དང་། དངོས་གཉེར། དངོས་སྤྱོད་བཅས་ཀྱི་བརྒྱུད་རོགས་ཁྲིད་གསུམ་དང་འདེད་སྦྱོང་སྒྲུབ་གསུམ་བཅས་མངོན་ཆེར་བཟུང་ཡོད།

    དམ་ནན་གྱི་དགོངས་གཞི་གཙོ་བོ་མངོན་ཆེར་བཟུང་ནས་སྒྲིག་ཁྲིམས་ཀྱི་སྤྱོད་ཚུལ་ལེགས་སྐྱོང་བྱེད་རྒྱུ་ཤུགས་ཆེར་བཏང་བ། ལྗོངས་ཞིབ་དཔྱོད་ལས་ཁུངས་ཀྱི་ཆབ་སྲིད་སྣང་ཚུལ་འཛུགས་སྐྱོང་བྱེད་པའི་ཚོགས་འདུ་ཐོག་མ་སྐོང་འཚོག་བྱས་ཤིང་། སྤྱོད་གཙང་གཞུང་དྲང་དང་ཐེག་པ་ཁུར་ལེན་ཕོད་པའི་ཆབ་སྲིད་ཀྱི་སྣང་ཚུལ་བཟང་པོ་ཞིག་ཧུར་ཐག་བཏོད་ཡོད། ཞིབ་དཔྱོད་མི་སྣའི་སྒྲིག་འགལ་ཁྲིམས་འགལ་གྱི་གནས་ཚུལ་ལ་དུས་བཀག་ལྟར་མཐའ་དཔྱོད་དང་། དབྱེ་ཞིབ། བརྡ་ཁྱབ་བཅས་བྱེད་པའི་ལམ་ལུགས་བཟོས་ཏེ། ཏང་ནན་སྐྱོང་དང་ཞིབ་དཔྱོད་ནན་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་བརྒྱུད་སྐུལ་ནན་དཀྲིས་བྱས་ཡོད། ལྟ་སྐུལ་སྒྲིག་སྒྱུར་གྱི“རྣམ་པ་བཞིར”བརྟེན་ནས་སྤྱོད་བཟང་སྒྲིག་ནན་བཟོས་ཏེ་མི་32ཐག་གཅོད་བྱས་པ་དང་། “རྣམ་པ་བཞིའི”བསྡུར་ཚད་ནི་71.9:21.9:6.2:0ཡིན། 《ཞིབ་དཔྱོད་མི་སྣའི་ཉེས་གསོག་དོགས་ཡོད་གྱོད་གཞི་ཁྲིམས་བཞིན་ཚད་ལྡན་ངང་གཉེར་སྒྲུབ་ནན་པོ་བྱེད་རྒྱུའི་སྐོར་གྱི་བསམ་འཆར》བཟོ་འདོན་བྱས་ཤིང་། ཞིབ་དཔྱོད་མི་སྣའི་དོགས་ཡོད་ཉེས་ཅན་པ་འཛིན་བཟུང་བྱེད་རྒྱུའི་ཆོག་མཆན་མི་སྤྲོད་པ་དང་གཏུག་བཤེར་མི་བྱེད་རྒྱུའི་གཏན་འབེབས་བྱེད་རྩིས་ཡོད་རིགས་ངེས་པར་དུ་ལྗོངས་ཞིབ་དཔྱོད་ཁང་ལ་ཞིབ་བཤེར་བྱེད་རྒྱུར་འབུལ་བ་དང་། དེ་མིན་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པར་དཔྱད་གཞི་ལག་བསྟར་བྱེད་རྒྱུའི་གཏན་འབེབས་ཁ་གསལ་བཟོས་ཏེ་དོ་དམ་ནན་པོ་བྱེད་རྒྱུ་ནི་གཅེས་སེམས་ཆེན་པོ་ཡིན་པའི་ལམ་ལུགས་ཀྱི“རླུང་ཙེ”དམ་པོ་བཟོས་ཡོད།

    “གཏན་འབེབས་གསུམ”དོན་འཁྱོལ་ཞིབ་ཚགས་བྱས་ཏེ་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་མི་སྣས་འདྲི་རྩད་དམ་ཡང་ན་ཞིབ་དཔྱོད་གྱོད་གཞིར་ཐེ་ཇུས་བྱས་པ་སོགས་ཀྱི་གལ་ཆེའི་དོན་གནད་150ཐོ་འགོད་སྙན་ཞུ་བྱས་ཡོད། ལས་ཁུངས་ཁོངས་གཏོགས་ནང་གི་ཆབ་སྲིད་སྐོར་ཞིབ་བྱེད་པའི“སྤུ་གྲིའི”ནུས་པ་རྒྱུན་མཐུད་འདོན་སྤེལ་བྱས་ཏེ་ལོ་འཁོར་ནང་གྲོང་ཁྱེར་རིམ་པའི་ཞིབ་དཔྱོད་ཁང་2དང་། གཞི་རིམ་ཞིབ་དཔྱོད་ཁང་16གི་ཏང་ཙུའུ། ལྗོངས་ཞིབ་དཔྱོད་ཁང་གི་གཞི་རིམ་ཏང་རྩ་འཛུགས་3བཅས་ལ་སྐོར་ཞིབ་བཅོས་སྒྲིག་གི“ལས་མཇུག་ཡག་པོ་བསྒྲུབ་རྒྱུར”སྐུལ་འདེད་བཏང་ཡོད།

    འཐུས་མི་རྣམ་པ། འདས་ཟིན་པའི་ལོ་གཅིག་རིང་། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ལ་གསར་བརྗེའི་རང་བཞིན་གྱི་སྦྱོང་བརྡར་ཁྲོད་གོང་འཕེལ་གྱི་གྲུབ་འབྲས་གསར་པ་ཐོབ་ཡོད་པ་དང་། སྔོན་ཐོན་མཉམ་སྡེབ་དང་མི་སྒེར་གྱི་འཐུས་ཚབ་ཁག་གཅིག་ཐོན་ཡོད། ཆབ་མདོ་གྲོང་ཁྱེར་ཞིབ་དཔྱོད་ཁང་ལ་སྐབས་དྲུག་པའི“རྒྱལ་ཡོངས་ཤེས་དཔལ་ཚན་པའི”མཚན་སྙན་ཐོབ་པ་དང་། ལྷ་ས་ཁྲེང་ཀོན་ཆུས་ཞིབ་དཔྱོད་ཁང་དང་། གཞིས་རྩེ་བསམ་གྲུབ་རྩེ་ཆུས་ཞིབ་དཔྱོད་ཁང་། ཆབ་མདོ་སྟེང་ཆེན་རྫོང་ཞིབ་དཔྱོད་ཁང་བཅས་ལ་སྐབས་བདུན་པའི“རྒྱལ་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཞིབ་དཔྱོད་ཁང”གི་མཚན་སྙན་ཐོབ་པ། གཞིས་རྩེ་གྲོང་ཁྱེར་ཞིབ་དཔྱོད་ཁང་ལ“རྒྱལ་ཡོངས་ཀྱི་གཞི་རིམ་ཞིབ་དཔྱོད་ཁང་འཛུགས་སྐྱོང་གི་རྩ་འཛུགས་བྱ་དགའ”ཐོབ་པ། ལྷ་ས་ཁྲེང་ཀོན་ཆུས་ཞིབ་དཔྱོད་ཁང་དང་། ཉིང་ཁྲི་སྣང་རྫོང་ཞིབ་དཔྱོད་ཁང་། ཆབ་མདོ་སྟེང་ཆེན་རྫོང་ཞིབ་དཔྱོད་ཁང་། དེ་བཞིན་མི་སྒེར་4བཅས་ལ“ཁྲིམས་སྐྱོང་སློབ་གྲྭར”སྤེལ་བའི་རྒྱལ་ཡོངས་ཀྱི་སྐོར་སྐྱོད་འཆད་ཁྲིད་བྱེད་སྒོའི་ནང་ཆེས་མཐོའི་ཞིབ་དཔྱོད་ཁང་གིས་བརྡ་ཁྱབ་བཏང་ནས་གཟེངས་བསྟོད་བྱས་པ། ཉིང་ཁྲི་གྲོང་ཁྱེར་ཞིབ་དཔྱོད་ཁང་གི་རིམ་པ་དང་པོའི་ཞིབ་དཔྱོད་དཔོན་ཀུང་ལི་ཅུན་ལ་སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ལས་ཀའི་བྱས་རྗེས་གཟེངས་སུ་ཐོན་ནས། བོད་རང་སྐྱོང་ལྗོངས་སྐབས་དང་པོའི“ཁྲིམས་སྐྱོང་ཆེན་མོ་བ་བཅུ”ཡི་མཚན་སྙན་ཐོབ་པ་དང་། ལྗོངས་ཞིབ་དཔྱོད་ཁང་གིས་མི་སྒེར་གྱི་བྱས་རྗེས་རིམ་པ་གཉིས་པ་བཀོད་པ། ལྷོ་ཁ་སྣེ་གདོང་ཆུས་ཞིབ་དཔྱོད་ཁང་གི་རིམ་པ་དང་པོའི་ཞིབ་དཔྱོད་དཔོན་ཞི་ཧྲུའུ་ཅའོ་ལ་སྐབས་བདུན་པའི“རྒྱལ་ཡོངས་ཀྱི་ཕུལ་བྱུང་གཞུང་གཏུག་པའི”མཚན་སྙན་ཐོབ་པ། ཀྲུང་གོའི་ཁྲང་ཨན་དྲ་རྒྱ་དང་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་ཁྲང་ཨན་སྤུ་གྲི་ཡིས་ལྗོངས་ཞིབ་དཔྱོད་ཁང་ཞིབ་དཔྱོད་པུའུ་བརྒྱད་པའི་རིམ་པ་གསུམ་པའི་མཐོ་རིམ་ཞིབ་དཔྱོད་དཔོན་ཝང་ཤུས་ཏུང“དུས་བདེའི་དཔའ་བོར”དཔྱད་འདེམས་བྱས་ཡོད། གྲུབ་འབྲས་དེ་དག་ཐོབ་དོན་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་དང་ཆེས་མཐོའི་ཞིབ་དཔྱོད་ཁང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བ་དང་ཁ་འབྲལ་ཐབས་མེད་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ། དེ་བཞིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་བོད་ལྗོངས་ལས་དོན་གྱི་རྒྱས་བཤད་གལ་ཆེན་གྱི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་དང་ཁ་འབྲལ་ཐབས་མེད་པ་མ་ཟད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་རྒྱུན་ལས་ཨུ་ལྷན་གྱི་ལྟ་སྐུལ་ནུས་ལྡན་དང་། རང་སྐྱོང་ལྗོངས་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར། རང་སྐྱོང་ལྗོངས་སྲིད་གཞུང་གི་དམངས་གཙོའི་ལྟ་སྐུལ། འཐུས་མི་རྣམ་པ་དང་ཨུ་ཡོན་ཁག རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་བཅས་དང་ཁ་འབྲལ་ཐབས་མེད་པས། ངས་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ཚབ་ཞུས་ནས་ཁྱེད་རྣམ་པར་བླ་ན་མེད་པའི་གུས་འདུད་དང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    གོང་འཕེལ་གྱི་དུས་རིམ་གསར་པའི་བླང་བྱ་གསར་པ་དང་ཚད་བསྡུར་བྱེད་སྐབས་ང་ཚོས་རིགས་པ་དྭངས་གསལ་གྱིས་ངོས་འཛིན་ཐུབ་པ་སྟེ། བོད་ལྗོངས་ཞིབ་དཔྱོད་ཀྱི་ལས་དོན་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་བར་ད་དུང་ཐག་གཅོད་བྱེད་དགོས་པའི་གནད་དོན་དང་གསབ་དགོས་པའི་ཞན་ཆ་མི་ཉུང་བ་འདུག དེ་ཡང་གཅིག་ནི་ཏང་གི་ཆབ་སྲིད་འཛུགས་སྐྱོང་བྱེད་རྒྱུས་ཞིབ་དཔྱོད་ལས་ཀར་སྤྱི་འདོམས་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་ཆེན་པོ་མེད་པ་དང་། ཞིབ་དཔྱོད་ཀྱི་ཏང་འཛུགས་སྐྱོང་ལས་ཀ“ཡག་པོ་ཡོད་མེད”ཐོག་ནས་ཞིབ་དཔྱོད་ཐོན་རྫས་ཀྱི་སྤུས་ཀ“ཡག་པོ་ཡོད་མེད”ལ་ཤུགས་རྐྱེན་ཐེབས་བཞིན་ཡོད་པ། གཉིས་ནི་ཞིབ་དཔྱོད་ལས་དོན་དེ་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་རྒྱུའི་ཁྱོན་ཡོངས་ནང་མཉམ་འདྲེས་ཟབ་མོ་ཐུབ་རྒྱུའི་ཐད་ད་དུང་ཧེ་བག་ཡོད་པ་དང་། ཞིབ་དཔྱོད་འཇོན་ནུས་དེ་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་རྒྱུའི་བླང་བྱ་དང་ད་དུང་འཚམ་ཐུབ་མེད་པ། གསུམ་ནི་ཞིབ་དཔྱོད་གོང་འཕེལ་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་སྔར་བཞིན་མངོན་གསལ་དོད་པ་དང་། ཕྱོགས་ཡོངས་དང་། མཐུན་སྦྱོར། གང་ལེགས་བཅས་ཀྱི་ངང་གོང་འཕེལ་གཏོང་བའི་ལས་འགན་ཧ་ཅང་དཀའ་ཚེགས་ཆེ་བ། བཞི་ནི་ཞིབ་དཔྱོད་ཀྱི་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་བསྒྱུར་བཅོས་གཏིང་ཟབ་བྱེད་པའི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་བ་དང་། བསྒྱུར་བཅོས་འགག་སྒྲོལ་དང་སྔོན་ཁྲིད་ནུས་པ་སྔར་ལས་ལྷག་པ་འདོན་སྤེལ་བྱེད་དགོས་པ། ལྔ་ནི་ཞིབ་དཔྱོད་ཀྱི་གཞི་རིམ་རྨང་གཞི་ད་དུང་བརྟན་པོ་མེད་པ་དང་། ཆ་འཕྲིན་ཅན་དུ་འཛུགས་སྐྱོང་བྱེད་པར་འདེགས་སྐྱོར་བྱེད་ཤུགས་སྔར་བཞིན་ཆེན་པོ་མེད་པ་བཅས་ཡིན། གནད་དོན་དེ་དག་ལ་ང་ཚོས་ཚད་མཐོའི་མཐོང་ཆེན་བྱས་ཏེ་རྒྱུན་མཐུད་ནས་ལེགས་བཅོས་ཧུར་ཐག་བྱེད་རྒྱུ་ཡིན།

    2021ལོའི་ལས་འགན་གཙོ་བོ།

    2021ལོ་ནི་རང་རྒྱལ་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་ཁྲོད་དམིགས་བསལ་གྱི་གལ་ཆེའི་རང་བཞིན་ལྡན་པའི་ལོ་ཞིག་ཡིན། རང་ལྗོངས་འདི་ཉིད་གོང་འཕེལ་གྱི་དུས་རིམ་གསར་པ་ཞིག་ལ་སླེབས་ཉེ་ཡོད་པ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་ལེན་བསྟར་འགོ་འཛུགས་པ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་པར་སྐྱོད་འགོ་འཛུགས་པ་བཅས་ཡིན། དུས་མཚུངས་སུ་སྔར་ལས་རྙོག་འཛིང་ཆེ་བའི་འཐབ་རྩོད་ཀྱི་གནས་བབ་ལ་ཐུག་ཡོད་པས་ཞིབ་དཔྱོད་ལས་དོན་ཡག་པོ་སྒྲུབ་པར་གལ་ཆེའི་དོན་སྙིང་ལྡན་ཡོད། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། བོད་ཀྱི་ལས་དོན་དང་སྲིད་ཁྲིམས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་རྒྱས་བཤད་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་དང་། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་ལས་དོན་ཚོགས་འདུ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་བཅས་ལག་བསྟར་གཏིང་ཟབ་བྱེད་པ་དང་། ལྗོངས་ཏང་ཨུད་ཀྱི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་དགུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས་ཐེངས་འདིའི་ཚོགས་འདུའི་གྲོས་ཆོད་ཀྱི་བླང་བྱ་གཞིར་བཟུང“དུས་ལྔ་མཉམ་འཁེལ”གྱི་དུས་མཚམས་རང་བཞིན་གྱི་ཁྱད་རྟགས་ལ་གཞི་བཙུགས་ནས“བརྟན་ལྷིང་དང་། གོང་འཕེལ། སྐྱེ་ཁམས། མཐའ་མཚམས་སྟོབས་ལྡན”བཅས་ཀྱི“དོན་ཆེན་བཞིར” ཞབས་ཞུ་སྒྲུབ་པ་དང་འགན་སྲུང་བྱེད་རྒྱུ་མ་ཟད། ཞིབ་དཔྱོད་ལས་དོན་གྱི་འགན་འཁྲིར་གཞི་བཙུགས་ཏེ་ཁྲིམས་སྐྱོང་གི་བགྲོད་ལམ་ཐོག་ཁྲིམས་སྐྱོང་མ་ལག་དང་ཁྲིམས་སྐྱོང་འཇོན་ནུས་དེང་རབས་ཅན་ལ་སྐུལ་སྤེལ་བཏང་ནས་དུས་རབས་གསར་པའི་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་བར་སྐུལ་སྤེལ་གཏོང་ཆེད་ཞིབ་དཔྱོད་ཀྱི་འཇོན་ནུས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ལ། ཞིབ་དཔྱོད་ཀྱི་ལས་རྗེས་གསར་པས་ཏང་དབུ་བརྙེས་ནས་ལོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་རྒྱུ་ཡིན།

    —— ཞིབ་དཔྱོད་ལས་ཁུངས་ཀྱི་ཆབ་སྲིད་ཀྱི་ངོ་བོ་མཐའ་འཁྱོངས་བྱས་ཏེ་ཞིབ་དཔྱོད་ཀྱི་ཆབ་སྲིད་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། བློ་བརྟན་འགྱུར་མེད་ཀྱིས་ཏང་གིས་ཞིབ་དཔྱོད་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་རྒྱུ། “དོན་ཆེན་བཞིར”ཞབས་ཞུ་སྒྲུབ་རྒྱུ་དང་འགན་སྲུང་བྱེད་རྒྱུ་དེ་ཞིབ་དཔྱོད་ཁྱབ་ཁོངས་ཀྱི་མཁོ་འདོན་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དང་ཟུང་འབྲེལ་ནུས་ལྡན་བྱས་ཏེ། ཞིབ་དཔྱོད་ཀྱི་མཁོ་འདོན་མ་ལག་དེ་ཁྲིམས་སྐྱོང་བོད་ལྗོངས་དང་དུས་བདེའི་བོད་ལྗོངས་འཛུགས་སྐྱོང་གི་དགོས་མཁོ་ལ་འཚམ་མཐུན་ཡོང་རྒྱུར་ཤུགས་རྒྱག་རྒྱུ། ཞིབ་དཔྱོད་ལས་ཁུངས་ཀྱི་རིམ་ཁག་ཞིབ་དཔྱོད་ཁང་ཏང་ཙུའུ་ཡིས“ཁ་ཕྱོགས་སྟངས་འཛིན་དང་། སྤྱི་ཡོངས་དོ་དམ། དོན་འཁྱོལ་ལ་སྐུལ་འདེད”བཅས་བྱེད་པའི་འགོ་ཁྲིད་ནུས་པ་འདོན་སྤེལ་བྱེད་རྒྱུ་དེ་གོང་འཕེལ་གྱི་དུས་རིམ་གསར་པའི་ནང་བོད་ཀྱི་ཞིབ་དཔྱོད་ལས་དོན་ཕྱོགས་སྒྱུར་དང་། གསར་གཏོད། སྤུས་ཚད་མཐོ་བ་བཅས་ཀྱི་གོང་འཕེལ་གཏོང་བའི་ཕྱོགས་གང་སར་དོན་འཁྱོལ་ཐུབ་པ་དང་། ཆབ་སྲིད་ལ་བརྟེན་ནས་ཞིབ་དཔྱོད་ཁང་འཛུགས་སྐྱོང་བྱེད་པར་སྐུལ་སློང་བྱེད་པའི་ཆབ་སྲིད་ཀྱི་སྟོབས་ཤུགས་དེ་ཞིབ་དཔྱོད་ཀྱི་མི་ཤུགས་ཐོན་ཁུངས་ཀྱི་ཚད་འགྱུར་ཆེ་ཤོས་དང་འཕར་འབོར་ཆེ་ཤོས་ལ་འགྱུར་བ་བྱེད་རྒྱུ།

    —— ཞིབ་དཔྱོད་ལས་ཁུངས་ཀྱི་རྩ་ཁྲིམས་ངེས་གནས་མཐའ་འཁྱོངས་བྱས་ཏེ་བཅའ་ཁྲིམས་ལྟ་སྐུལ་གྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་རྒྱུ། “དྲང་གཞག་བདེན་སྐྱོང་ནི་ཁྲིམས་འཛིན་གྱི་རྣམ་ཤེས་དང་བླ་སྲོག་ཡིན་པའི”བླང་བྱར་དམིགས་ཏེ་ཞིབ་དཔྱོད་ཐོན་རྫས་ཀྱི“མཁོ་འདོན་ཕྱོགས”དེ“མཁོ་དགོས་ཕྱོགས”དང་གཅིག་གྱུར་ཐོག་བསམ་གཞིག་དང་ཇུས་འགོད་བྱེད་པ་དང་། ཞིབ་དཔྱོད་ཐོན་རྫས་ཕྱོགས་ཡོངས་དང་། མཐུན་སྦྱོར། གང་ལེགས་བཅས་ཀྱི་ཐོག་ནས་མཁོ་འདོན་བྱེད་པའི་འཐབ་ཇུས་ཀྱི་ངེས་ཤུགས་མཐའ་འཁྱོངས་བྱས་ཏེ་མི་དམངས་ཀྱི་རེ་འབོད་མངོན་འགྱུར་བྱེད་པའི་འགྱུར་ལྡོག་ཐད་རྒྱུན་མཐུད་འབད་པ་བྱེད་རྒྱུ། བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་འཁྲི་དང་ལས་སྒོ་གཙོ་བོ་བསྒྲུབ་རྒྱུ་དེ་ཞིབ་དཔྱོད་ལས་དོན་ཕྱོགས་སྒྱུར་དང་གསར་གཏོད་ངང་གོང་འཕེལ་གཏོང་བའི་སྤྱི་ཡོངས་རང་བཞིན་དང་། རྩ་བའི་རང་བཞིན། རྨང་གཞིའི་རང་བཞིན་བཅས་ཀྱི་གལ་ཆེའི་གནས་ཚད་ཐོག་བཞག་སྟེ། དུས་རབས་གསར་པའི་ཞིབ་དཔྱོད་ལས་དོན་གྱི་ངེས་གནས་དེ་བཅའ་ཁྲིམས་ལྟ་སྐུལ་ཐད་གཅིག་བསྡུས་བྱེད་པ། གཙོ་གནད་དེ་བཅའ་ཁྲིམས་ལྟ་སྐུལ་ཐད་སྤོ་སྒྱུར་བྱེད་པ། འགན་འཁྲི་དེ་བཅའ་ཁྲིམས་ལྟ་སྐུལ་ཐད་ནན་དཀྲི་བྱེད་པ། ནུས་ཤུགས་དེ་བཅའ་ཁྲིམས་ལྟ་སྐུལ་ཐད་ལྟ་རྟོག་བྱེད་པ་བཅས་ལ་རྒྱུན་མཐུད་སྐུལ་འདེད་བཏང་ཐོག ལྟ་སྐུལ་བྱེད་མི་འདོད་པ་དང་། ལྟ་སྐུལ་བྱེད་མི་ཕོད་པ། ལྟ་སྐུལ་བྱེད་མི་ཤེས་པ། ལྟ་སྐུལ་བྱེད་མི་མཁས་པ་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་རྒྱུར་ཤུགས་བརྒྱབ་ནས་ཞིབ་དཔྱོད་ལྟ་སྐུལ་འཇོན་ནུས་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ།

    —— ཞིབ་དཔྱོད་བསྒྱུར་བཅོས་ཀྱི་རྩ་བའི་སྒུལ་ཤུགས་མཐའ་འཁྱོངས་བྱས་ཏེ་ཞིབ་དཔྱོད་གོང་འཕེལ་གྱི་གསོན་ཤུགས་འཕེལ་བ་བྱེད་རྒྱུ། སྲིད་ཁྲིམས་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་ཀྱི་དུས་བབ་གསར་པ་དང་། དུས་རིམ་གསར་པ། ཁྱད་ཆོས་གསར་པ་བཅས་རྒྱུས་ལོན་གཏིང་ཟབ་བྱས་ནས། རྩེ་རིམ་ཇུས་འགོད་དང་རིམ་དབྱེ་སྦྲེལ་མཐུད་དང་། སྲིད་ཇུས་ཀྱི་གཅིག་གྱུར་རང་བཞིན་དང་ཁྱད་པར་རང་བཞིན་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་རྒྱུ་དང་། ཁྲིམས་འཛིན་བསྒྱུར་བཅོས་དང་ཞིབ་དཔྱོད་བསྒྱུར་བཅོས་དོན་འཁྱོལ་བྱེད་རྒྱུ་དེ“དུས་དང་བསྟུན་ནས་ཁྲིམས་བཟོ་བ་དང་དོན་དང་བསྟུན་ནས་ལམ་ལུགས་བཟོ་བའི”གལ་ཆེའི་ཐབས་མཆོག་ཅིག་ཏུ་བརྩིས་ནས། བསྒྱུར་བཅོས་ཀྱི་ཆབ་སྲིད་ངེས་ཤུགས་མཐའ་འཁྱོངས་དང་། བསྒྱུར་བཅོས་ཀྱི་གདེང་ཚོད་དང་ཆོད་སེམས་ཆེ་རུ་གཏོང་བ། བསྒྱུར་བཅོས་ཀྱི་བྱེད་པོའི་ནུས་པ་འདོན་སྤེལ་བྱེད་པ། བསྒྱུར་བཅོས་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཐོག ཞིབ་དཔྱོད་ལམ་ལུགས་ཀྱི་ནུས་ཕྱོད་ལ་ཤུགས་རྐྱེན་དང་ཚོད་འཛིན་བཟོ་བའི་མངོན་ཆེའི་གནད་དོན་རྒྱུན་མཐུད་སེལ་ཐབས་བྱས་ནས། ཞིབ་དཔྱོད་ལས་དོན་གྱི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་གཏོང་རྒྱུ་ཡིན། “བློ་རིག་ནུས་ལྡན་གྱི་ཞིབ་དཔྱོད”ལ་སྐུལ་སྤེལ་གཏོང་རྒྱུ་དེ་ཞིབ་དཔྱོད་ལས་ཁུངས་ཀྱིས་རང་ངོས་གསར་བརྗེའི་འཇོན་ནུས་ཆེ་རུ་གཏོང་བའི་གལ་ཆེའི་མངོན་ཚུལ་ཞིག་ལ་བརྩིས་ནས་དེང་རབས་ཀྱི་ཚན་རྩལ་བེད་སྤྱོད་བྱེད་རྒྱུ་དེ་ཞིབ་དཔྱོད་གོང་འཕེལ་གྱི“འགན་སྲུང་རྒྱུ་རྐྱེན”ནས“ཐོན་སྐྱེད་ཀྱི་གཙོ་རྒྱུའི”ཕྱོགས་སུ་བསྒྱུར་བ་དང་སྦྲགས། དམིགས་གཞི་དེ་བས་མཐོ་བའི་ཐོག་ནས་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བར་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་གསར་པ་ཡོང་བ་བྱེད་རྒྱུ་ཡིན།

    —— ཚད་གཞི་དེ་བས་མཐོ་བ་དང་བླང་བྱ་དེ་བས་ནན་པ་མཐའ་འཁྱོངས་བྱས་ཏེ་ཞིབ་དཔྱོད་དཔུང་ཁག་གི་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ། རྒྱལ་ཡོངས་ཀྱི་སྲིད་ཁྲིམས་དཔུང་ཁག་ལ་སློབ་གསོ་དང་དག་ཐེར་གཏོང་རྒྱུ་གོ་སྐབས་ལ་འཛིན་པ་དང་། གསར་བརྗེ་ཅན་དང་། ཚད་ལྡན་ཅན། ཆེད་ལས་ཅན། ལས་རིགས་ཅན་བཅས་སུ་འཛུགས་སྐྱོང་བྱེད་རྒྱུ་ཁ་ཕྱོགས་སུ་བཟུང་ནས། བསམ་བློའི་ཞུན་བརྡར་དང་། ཆབ་སྲིད་ཀྱི་མྱོང་བརྡར། ལག་ལེན་གྱི་སྦྱོང་བརྡར། ཆེད་ལས་ཀྱི་སྦྱོང་བརྡར་བཅས་ལ་ཤུགས་སྣོན་རྒྱག་པ། བསམ་བློར་དོ་དམ་དང་། ལས་ཀར་དོ་དམ། སྤྱོད་ཚུལ་ལ་དོ་དམ། སྒྲིག་ལམ་ལ་དོ་དམ་བཅས་ཀྱི་དོ་དམ་ནན་སྐྱོང་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ལམ་ལུགས་ལ་བརྟེན་ནས་འགག་རྩའི་མིར་དོ་དམ་ཡག་པོ་བྱེད་པ་དང་། འགག་རྩའི་སར་དོ་དམ་བྱེད་པ། འགག་རྩའི་བྱ་བར་དོ་དམ་ཐུབ་པ་བཅས་བྱས་ནས། ཞིབ་དཔྱོད་ཀྱི་ཁེ་དབང་སྤྱོད་པའི“སྤྱི་ཆས”ཀྱི་ངོ་བོ་འགན་ལེན་བྱེད་རྒྱུ། ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་ལ་བསྒྱུར་བཅོས་བྱས་རྗེས་ཁྲིམས་འཛིན་དབང་ཆ་སྤྱོད་སྟངས་ལ་འགྱུར་བ་ཆེན་པོ་སོང་བ་དང་། ཞིབ་དཔྱོད་དཔོན་གྱི་གྱོད་ཞིབ་རང་གཅོད་དབང་ཆ་ཆེ་རུ་སོང་རྐྱེན་སྲིད་གཙང་ཉེན་ཁའི་གནད་དོན་མང་དུ་འགྲོ་བར་དམིཌ་ནས། ཏང་ཙུའུ་ཡིས་ཕྱོགས་ཡོངས་ནས་ལྟ་སྐུལ་བྱེད་པ་དང་། སྒྲིག་བཤེར་ལྟ་ཞིབ་ཀྱིས་ཆེད་འགན་ལྟ་སྐུལ་བྱེད་པ། ལས་ཁུངས་སྒྲིག་ཨུད་ཀྱིས་འགན་ནུས་ལྟ་སྐུལ་བྱེད་པ། ཏང་གི་གཞི་རིམ་རྩ་འཛུགས་ཀྱིས་རྒྱུན་ལྡན་ལྟ་སྐུལ་བྱེད་པ། ཏང་ཡོན་གྱིས་དམངས་གཙོའི་ལྟ་སྐུལ་བྱེད་པ་བཅས་ནན་ཞིང་ཕན་ནུས་ལྡན་པའི་ལྟ་སྐུལ་མ་ལག་དང་མཉམ་འདྲེས་བྱ་རྒྱུར་འཚོལ་ཞིབ་བྱས་ནས། ཞིབ་དཔྱོད་དཔུང་ཁག་ཏང་ལ་བློ་དཀར་བ་དང་། རྒྱལ་ཁབ་ལ་བློ་དཀར་བ། མི་དམངས་ལ་བློ་དཀར་བ། བཅའ་ཁྲིམས་ལ་བློ་དཀར་བ་བཅས་ཡོང་རྒྱུར་འགན་ལེན་བྱེད་རྒྱུ་ཡིན།

    འཐུས་མི་རྣམ་པ། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་རང་ངོས་ཀྱི་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་སྤེལ་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་གོང་འཕེལ་ལ་ཞབས་ཞུ་སྒྲུབ་པ་དང་འགན་སྲུང་བྱས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་སྔར་ལས་ལྷག་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན་ལ་གྲུབ་འབྲས་གཟེངས་སུ་ཐོན་པའི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བར་ཕྱག་རྟགས་འབུལ་རྒྱུ་ཡིན།

    (རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001397347071