བོད་ལྗོངས།
ཝུའུ་དབྱིང་ཅེས་ལྷ་ཉིང་ལྕགས་ལམ་ཉིང་ཁྲིའི་བབས་ཚུགས་འཛུགས་སྐྲུན་གནས་ཚུལ་ལ་བརྟག་ཞིབ་གནང་བ།

    ཚེས་17ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཉིང་ཁྲི་གྲོང་ཁྱེར་ལྷ་ཉིང་ལྕགས་ལམ་ཉིང་ཁྲིའི་བབས་ཚུགས་འཛུགས་སྐྲུན་བྱ་ཡུལ་དུ་ཕེབས་ནས་ལས་གྲྭ་འཛུགས་སྐྲུན་གནས་ཚུལ་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་དུས་ཆེན་རིང་ལས་གནས་བརྟན་སྲུང་བྱེད་མཁན་རྒྱ་ཆེའི་འཛུགས་སྐྲུན་པར་འཚམས་འདྲི་གནང་བ་རེད། འཛུགས་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་སྨི་གྲུ་བཞི་ཁྲི་1.5ཟིན་པའི་ལྷ་ཉིང་ལྕགས་ལམ་ཉིང་ཁྲིའི་བབས་ཚུགས་ནི་ལྷ་ཉིང་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོའི་འཆར་འགོད་ནང་རྒྱ་ཁྱོན་ཆེ་ཤོས་ཀྱི་གསར་སྐྲུན་བབས་ཚུགས་ཤིག་རེད། ད་ལྟ་རྒྱ་ཆེའི་འཐབ་ཕྱོགས་དང་པོའི་ལས་དོན་པའི་བརྟན་སྲུང་འབད་འཐབ་འོག་རྣམ་གྲངས་འདི་རྒྱན་སྤྲོས་སྒྲིག་བཟོ་བྱེད་པའི་དུས་མཚམས་སུ་སླེབས་ཡོད། ཝུའུ་དབྱིང་ཅེ་དེ་གར་ཕེབས་ནས་རྣམ་གྲངས་ཀྱི་འཕེལ་རིམ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་རྒྱ་ཆེའི་འཛུགས་སྐྲུན་ནང་ཞུགས་མཁན་ལས་དོན་པ་དང་ཀྲུང་གོ་ལྕགས་ལམ་ཚོགས་པའི་ལས་མི་ས་ཕྱོགས་གང་ས་ནས་ཡིན་པ་དང་ཚང་མས་རང་ཉིད་ཀྱི་བྱེད་ཐབས་ཐོག་ནས་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཁག་ལ་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད་པ་མཁྱེན་རྗེས། ཝུའུ་དབྱིང་ཅེས། ངལ་རྩོལ་ནི་གཟི་བརྗིད་ཆེ་ཤོས་རེད། ཁྱེད་རྣམ་པ་ཧ་ལས་དགོས་པ་ཞིག་འདུག ཚང་མས་ལས་གྲྭ་འཛུགས་སྐྲུན་ནང་དཀའ་ངལ་ཆེ་ཡང་དཀའ་ཚེགས་ལ་མི་སྐྲག་པ་དང་ས་བབ་མཐོ་ཡང་ཚད་གཞི་དེ་བས་མཐོ་བའི་སྙིང་སྟོབས་ཐོག་ནས་ལས་གྲྭའི་སྤུས་ཚད་དང་བདེ་འཇགས་འགན་ལེན་མཐའ་གཅིག་ཏུ་བྱེད་དགོས་པ་དང་ཆབས་ཅིག་ངལ་གསོ་ཡག་པོ་རྒྱག་པ་དང་སྐུ་གཟུགས་ལ་ཐུགས་ཅག་གནང་རྒྱུའི་རེ་བ་ཡོད། ཚང་མས་ས་གནས་དེ་གའི་ལས་བྱེད་པ་དང་ལས་བཟོའི་འཚོ་བའི་ཐད་ཕན་ཚུན་ལྟ་རྟོག་བྱེད་པ་དང་། ལས་ཀའི་ཁྲོད་ཕན་ཚུན་སློབ་སྦྱོང་བྱེད་པ། མི་རིགས་མཐུན་སྒྲིལ་ལ་མཉམ་དུ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་མི་རིགས་ཁག་གི་ལས་བཟོ་ཕན་ཚུན་སྙིང་ཉེ་ཡོང་རྒྱུའི་རེ་བའང་ཡོད་ཅེས་གསུངས་པ་རེད། ཝུའུ་དབྱིང་ཅེས། རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་དང་འཛུགས་སྐྲུན་ནང་ཞུགས་མཁན་ཚན་པ་ཁག་གིས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་སྔར་བས་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ཏེ་ལས་གྲྭའི་སྤུས་ཚད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་འཛུགས་སྐྲུན་གྱི་འཕེལ་རིམ་མགྱོགས་སུ་བཏང་ནས་ལྷ་ཉིང་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོའི་ཐོག་སྔ་ཙམ་མེ་འཁོར་ཤར་གཏོང་ཐུབ་རྒྱུར་རྨང་གཞི་འདིང་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་རྣམ་གྲངས་གལ་ཆེན་གཅིག་རྗེས་གཉིས་མཐུད་ངང་སྐྲུན་འགོ་ཚུགས་པའི་གོ་སྐབས་བཟང་པོར་བརྟེན་ནས་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་འཛུགས་སྐྲུན་ཚན་པའི་ལས་མི་སྤྱོད་པའི་དགོས་མཁོར་དམ་པོར་དམིགས་དགོས། བོད་ལྗོངས་ལག་རྩལ་དགེ་རྒན་སློབ་གླིང་སོགས་ཀྱི་ལས་སྟེགས་ལ་བརྟེན་ནས་འབྲེལ་ཡོད་ལག་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་པ་སྤུས་ཚད་མཐོ་པོའི་སྒོ་ནས་ལས་ཞུགས་གང་ལེགས་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་། ཐོན་ལས་འཕེལ་རྒྱས་དང་མཉམ་འདྲེས་ཐུབ་ནས་འབབ་འཕར་དང་ཕྱུག་འགྱུར་བརྟན་པོ་ཡོང་བ། མང་ཚོགས་ཀྱིས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་བས་ལོངས་སྤྱོད་ཐུབ་པ་བཅས་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད། བརྟག་ཞིབ་གནང་རིང་། ཝུའུ་དབྱིང་ཅེ་དང་བཅས་པས་ད་དུང་བོད་ལྗོངས་ཉིང་ཁྲིའི་ལས་བྱེད་པ་ངལ་གསོའི་རྟེན་གཞི་དང་ཉིང་ཁྲིའི་མགྲོན་ཁང་རྒྱས་སྐྲུན་དང་བསྐྱར་སྐྲུན་ལས་གྲྭའི་གནས་ཚུལ་ལ་བརྟག་ཞིབ་དང་མཁྱེན་རྟོཌ་གནང་ཞིང་། ཁོང་གིས་ལས་ཀ་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་རྣམ་གྲངས་ལག་བསྟར་བྱེད་མགྱོཌ་སུ་བཏང་ནས་རྣམ་གྲངས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད། ཚེས་17ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཉིང་ཁྲི་གྲོང་ཁྱེར་ལྷ་ཉིང་ལྕགས་ལམ་ཉིང་ཁྲིའི་བབས་ཚུགས་འཛུགས་སྐྲུན་བྱ་ཡུལ་དུ་ཕེབས་ནས་ལས་གྲྭ་འཛུགས་སྐྲུན་གནས་ཚུལ་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་དུས་ཆེན་རིང་ལས་གནས་བརྟན་སྲུང་བྱེད་མཁན་རྒྱ་ཆེའི་འཛུགས་སྐྲུན་ནང་ཞུགས་མཁན་ལས་དོན་པར་འཚམས་འདྲི་གནང་བ་རེད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001397560981