བོད་ལྗོངས།
དེ་རིང་། ང་ཚོས་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་ལ་དྲན་གསོ་ཞུ་དོན་གང་ཡིན།

    འདི་ལོ་ནི་བོད་ལ་དམངས་གཙོའི་བཅོས་སྒྱུར་དང་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་ངོ་62འཁོར་བའི་ལོ་ཞིག་ཡིན། དཀའ་སྡུག་གི་ལོ་ཟླ་དྲན་ཤེས་སུ་གྱུར་པ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཕུན་སུམ་ཚོགས་པའི་དངོས་པོ་དང་བསམ་པའི་འཚོ་བ་འཛམ་གླིང་སྐྱེ་བོ་ཀུན་གྱིས་ཤེས་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་ནས་སྤེལ་བའི་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་ནི་བོད་ཀྱི་མི་དམངས་ལ་ཕན་པ་དང་བྱས་རྗེས་བསྐལ་བརྒྱར་བཞག་པ་ཞིག་རེད།

    ལོ་རྒྱུས་ཐོག་བོད་དུ་ཡུན་རིང་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ལག་ལེན་བསྟར་བས། རྒྱ་ཆེའི་ཞིང་བྲན་རྣམས་བཤུ་གཞོག་དང་གཉའ་གནོན་འོག་འཚོ་བ་སྐྱེལ་དགོས་བྱུང་། 1959ལོའི་ཟླ་3ཚེས་28ཉིན་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་ཟིལ་རླབས་དགུང་འཕྱུར་གྱི་དམངས་གཙོའི་བཅོས་སྒྱུར་བྱས་པས། ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ཡོད། དེ་ནས་བཟུང་གངས་ལྗོངས་ས་མཐོ་མེས་རྒྱལ་ས་གནས་ཁག་དང་འདྲ་བར་ཉིན་རེ་བཞིན་འཕེལ་རྒྱས་ཕྱིན་པ་དང་། ལོ་62རིང་གི་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མིའི་རིགས་ཀྱི་འཕེལ་རྒྱས་ལོ་རྒྱུས་ཐོག་འོད་སྟོང་འཕྲོ་བའི་ལེའུ་ཞིག་བརྩམས་ཡོད།

    ང་ཚོས་སྔར་བཞིན་ལོ་62གོང་གི་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་ལ་དྲན་གསོ་ཞུ་དོན་གང་ཡིན།

    དུས་རབས་20པའི་དུས་དཀྱིལ་གོང་། བོད་ནི་འཛམ་གླིང་ཐོག་ཞིང་བྲན་ལམ་ལུགས་ཀྱི་མཁར་རྫོང་ཆེ་ཤོས་ཤིག་རེད། ད་ཆ་འཚོ་བཞུགས་ཀྱི་ཡར་ལངས་ཞིང་བྲན་གྱི་སྐད་ཆ་ཉན་སྐབས། དེ་སྔོན་ཁོང་ཚོའི་བཀྲེས་སྐོམ་དང་། བཅར་རྡུང་། གཉེན་ཉེ་དང་ཁ་བྲལ་བ་བཅས་ཀྱི་སྡུག་བསྔལ་ནི་བསམ་ཚོད་ལས་འདས་པ་ཤ་སྟག་རེད།

    ད་དུང་སྡུག་བསྔལ་ཤོད་ཁོམ་མ་བྱུང་བའི་རྐྱེན་ལམ་དུ་ཤོར་མཁན་མང་པོ་ཡོད། ཁོང་ཚོས་ཞིང་བྲན་ལམ་ལུགས་ཀྱི་མུན་ནག་ཁྲོད་རང་དབང་གི་འཚོ་བ་སྐྱེལ་མྱོང་མེད་ལ། ལྟོ་གོས་འཛོམས་པའི་འཚོ་བ་དེ་བས་སྐྱེལ་མྱོང་མེད།

    བོད་ཀྱི་དམངས་གཙོའི་བཅོས་སྒྱུར་ལ་དྲན་གསོ་ཞུ་བ་དང་ལོ་རྒྱུས་ངོ་མ་བགྲང་བར་དངོས་སུ་བརྒྱུད་མྱོང་མཁན་གྱིས་བཤད་པའི་སྐད་ཆ་ནི་བདེན་དཔང་ཆེ་ཤོས་ཡིན། སྐད་ཆ་གང་བྱུང་དུ་ཤོད་མཁན་ཚོས་ལོ་རྒྱུས་དངོས་ལ་བརྩི་འཇོག་དང་དེ་སྔ་ཞིང་བྲན་ལམ་ལུགས་ཀྱི་གཉའ་གནོན་ཕོག་པའི་བོད་ཀྱི་མི་དམངས་ལ་བརྩི་བཀུར་ཞུས་ནས་ལོ་རྒྱུས་ཀྱི་དྲང་བདེན་སྲུང་རྒྱུའི་འབོད་སྐུལ་བྱ་རྒྱུ་ཡིན།

    དྲན་གསོ་བྱེད་པ་ནི་ལོ་རྒྱུས་མེ་ལོང་དུ་འཛིན་པ་ཞིག་ཡིན། རང་ཉིད་གང་ནས་ཡོང་བ་དང་གང་དུ་བསྐྱོད་མྱོང་བ་ཤེས་ཚེ། གཞི་ནས་གང་དུ་འགྲོ་དགོས་པ་གསལ་པོར་ཤེས་ཐུབ།

    ལོ་རྒྱུས་ཀྱིས་རྩོད་ཐབས་བྲལ་བའི་བདེན་དཔང་བྱས་དོན། བོད་ཀྱི་མདུན་ལམ་དང་ལས་དབང་རླབས་ཆེན་མེས་རྒྱལ་དང་དམ་པོར་འབྲེལ་བ་དང་། བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་མེས་རྒྱལ་གྱི་བརྟན་ལྷིང་དར་རྒྱས་དང་ཁ་བྲལ་ཐབས་མེད།

    ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པས་བོད་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པར་མདུན་སྐྱོད་བྱེད་པའི་ཁ་ཕྱོགས་གསལ་སྟོན་བྱས་ཡོད། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ། ཏང་ལ་དོ་དམ་དང་བཅོས་སྐྱོང་ནན་པོ་བྱེད་པ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་གཏོང་བ། བོད་སྐྱོར་སྲིད་ཇུས་ཡུན་རིང་མཐའ་འཁྱོངས་བྱེད་པ་སོགས་བརྗིད་ཆེའི་བྱ་བཟང་རེ་རེ་ལས་བོད་ཀྱི་འོད་སྟོང་འཕྲོ་བའི་མདུན་ལམ་ཡངས་པོར་ཕྱེ་ཡོད།

    བོད་ཀྱི་དམངས་གཙོའི་བཅོས་སྒྱུར་ལ་དྲན་གསོ་ཞུས་ཚེ་ཡང་དག་པའི་འགྲོ་ལམ་ནི་ལས་སླ་པོར་བྱུང་བ་ཞིག་མིན་པ་དང་། འབད་འཐབ་ཀྱི་ལམ་བུར་དཀའ་ཚེགས་ཀྱིས་ཁེངས་པ། རླབས་ཆེན་གྱི་གྲུབ་འབྲས་ལ་གཅེས་སྤྲས་ལྡབ་འགྱུར་བྱེད་དགོས་པ་བཅས་ཤེས་ཐུབ། ལོ་རྒྱུས་ཀྱིས་མ་འོངས་པའི་ཁ་ཕྱོགས་གསལ་སྟོན་བྱེད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་མཐུན་སྒྲིལ་འབད་འཐབ་བྱས་ཚེ་བོད་ཀྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་ངེས་རེད།

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝང་ཆིན་ཨོའུ་དང་ཁྲེན་ཧྲང་ཚའེ།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001398540341