བོད་ལྗོངས།
ས་མཐོའི་ས་གཞི་ཆེན་པོར་བསྐྱོད་ནས་ལང་ཚོའི་གཟི་མདངས་རྒྱས་པར་བྱས།

    —— རང་ལྗོངས་ཀྱི་གནམ་གཤིས་རིག་པའི་བུད་མེད་འབུམ་རམས་པ་དང་པོ་སྒྲོལ་དཀར་གྱི་སྐོར་བཀོད་པ།

    འདི་ལོའི་ཟླ་3པར་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བུད་མེད་993ལ“བུད་མེད་ཀྱི་བྱས་རྗེས་འཇོག་མཁན་དཔེ་དམག”གི་མཚན་སྙན་སྤྲད་པ་དང་དེའི་ཁྲོད་བོད་ལྗོངས་ས་མཐོའི་རླུང་ཁམས་ཆེན་པོའི་ཁོར་ཡུག་ཚན་རིག་ཞིབ་འཇུག་ཁང་གི་མཐོ་རིམ་བཟོ་སྐྲུན་པ་དང་རང་ལྗོངས་ཀྱི་གནམ་གཤིས་རིག་པའི་བུད་མེད་འབུམ་རམས་པ་དང་པོ་སྒྲོལ་དཀར་ཡོད་པ་རེད།

    1994ལོར། སྒྲོལ་དཀར་སློབ་ཆེན་ཐོན་ནས་བོད་ལྗོངས་གནམ་གཤིས་ཅུས་སུ་ལས་བགོས་བརྒྱབ་སྟེ་གནམ་གཤིས་སྔོན་བརྡ་གཏོང་བའི་ལས་ཀ་བྱས། དངོས་གཞིའི་ཚན་ཁག་ཐོན་སྐབས་སློབ་གྲྭས་རབ་འབྱམས་པར་འགྲོ་བའི་གོ་སྐབས་སྤྲད་མོད། འོན་ཀྱང་དབྱིན་ཡིག་ཡིག་ཚད་ལོན་མེད་པས་ཁོ་མོ་ཡིད་ཕངས་པོ་བྱུང་མོད། འོན་ཀྱང་ཡུན་རིང་མ་སོང་བར་1994ལོའི་ཟླ་7པར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་པེ་ཅིང་དུ་འཚོགས་ཏེ། བོད་ཀྱི་སློབ་གསོ་དང་། ཚན་རྩལ། རིག་གནས། འཕྲོད་བསྟེན་སོགས་བྱ་གཞག་ཁག་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་བྱེད་དགོས་ལུགས་དམིགས་སུ་བཀར་ནས་བཏོན་ཡོད། རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱིས་ཕུགས་བསམ་ཡོད་མཁན་ལ་སླར་ཡང་ཟབ་སྦྱོང་བྱ་རྒྱུའི་ལྕག་སྐུལ་བྱས་པར་བརྟེན། སྒྲོལ་དཀར་གྱིས་ཟླ་བ་གཉིས་ཀྱི་རིང་ཡིག་རྒྱུགས་གྲ་སྒྲིག་བྱས་པས། 1995ལོར་ནན་ཅིང་གནམ་གཤིས་སློབ་གླིང་གི་གནམ་གཤིས་རིག་པའི་རབ་འབྱམས་པར་རྒྱུགས་འཕྲོད།

    “སྐད་ཆ་དྲང་པོ་བརྗོད་ན། རབ་འབྱམས་པའི་སྐབས་སེམས་ལ་རྡོག་ཁྲེས་ཆེན་པོ་བྱུང་། འཛིན་གྲྭ་གཅིག་པའི་ཞིབ་འཇུག་སློབ་མ་ཚང་མ་ནང་ས་ནས་ཡིན་པས་ང་ཚོའི་སྦྱངས་འབྲས་ལ་ཧེ་བག་ཆེན་པོ་འདུག འོན་ཀྱང་ངས་རང་གིས་རང་ལ་ལྕག་སྐུལ་བྱས་ཏེ་དམིགས་ཚད་གཏན་འཁེལ་བྱས་ནས་མུ་མཐུད་འབད་བརྩོན་བྱས་པ་ཡིན”ཞེས་སྒྲོལ་དཀར་གྱིས་བཤད། རབ་འབྱམས་པ་མཐར་ཕྱིན་རྗེས་སྒྲོལ་དཀར་འབུམ་རམས་པའི་སློབ་ཞུགས་ཡིག་རྒྱུགས་བརྒྱུད་ཀྲུང་གོ་གནམ་གཤིས་ཚན་རིག་ཞིབ་འཇུག་ཁང་གི་ཡོན་ཧྲི་ཁྲེན་ལེན་ཧྲོའུ་ཡི་འབུམ་རམས་པའི་སློབ་མར་གྱུར།

    སྒྲོལ་དཀར་གྱིས་ངེས་གསལ་ལ། སྐབས་དེ་དུས་རྒན་ཁྲེན་ལགས་ཀྱིས་ཁོ་མོར་སེམས་ཁུར་ཆེན་པོ་བྱེད་ཀྱི་ཡོད། “རིག་གཞུང་སྤེལ་རེས་དང་བགྲོ་གླེང་ཚོགས་འདུ་སོགས་ཡོད་རིམ་བཞིན་རྒན་ལགས་ཀྱིས་ང་རྟག་ཏུ་མཉམ་དུ་འཁྲིད་གནང་གི་ཡོད། རྒན་ལགས་ཀྱིས་ངས་རིག་གཞུང་བགྲོ་གླེང་དང་སྤེལ་རེས་སྣ་ཚོགས་བརྒྱུད་མཐོང་རྒྱ་ཆེ་རུ་གཏོང་བ་དང་ཆབས་ཅིག་རིག་གཞུང་གི་ཞིབ་འཇུག་གྲུབ་འབྲས་གསར་པ་ཐོབ་པའི་རེ་བ་གནང་གི་ཡོད”ཅེས་སྒྲོལ་དཀར་གྱིས་བཤད།

    དགེ་རྒན་གྱི་གསོ་སྐྱོང་ཞིབ་ཚགས་འོག་སྒྲོལ་དཀར་འབུམ་རམས་པའི་དཔྱད་རྩོམ་རྩོད་རྒྱུགས་བདེ་བླག་བྱུང་ཞིང་། ཁོང་གི་དཔྱད་རྩོམ《མཚོ་བོད་ས་མཐོའི་གཏད་རྒྱུག་སྤྲིན་ཚོགས་ཀྱི་འགྱུར་ལྡོག་དང་ཤར་རྒྱུགས་ཀྱི་ཤུགས་རྐྱེན་སྐོར་གྱི་ཞིབ་འཇུག》ཅེས་པ་དེས་དབྱར་དུས་མཚོ་བོད་ས་མཐོའི་གཏད་རྒྱུག་མ་ལག་གི་འགྱུར་ལྡོག་ལ་བརྟག་དཔྱད་དབྱེ་ཞིབ་དང་། མཚོ་བོད་ས་མཐོའི་གཏད་རྒྱུག་མ་ལག་གི་ཞིབ་འཇུག་ཐད་ཚན་རིག་གི་གཞི་འཛིན་ས་ངེས་ཅན་མཁོ་འདོན་བྱས་པ། ས་མཐོའི་གཏད་རྒྱུག་མ་ལག་ལ་ལད་མོ་དང་སྔོན་བརྡ་གཏོང་བའི་ཐད་བཀོལ་སྤྱོད་ཀྱི་མདུན་ལམ་ཡངས་པོ་ལྡན་པ། མཚོ་བོད་ས་མཐོའི་གནམ་གཤིས་སྔོན་བརྡའི་སྔོན་དཔག་ཡང་དག་ཚད་སྔར་བས་མཐོ་རུ་གཏོང་བའི་ཐད་དོན་སྙིང་ཆེན་པོ་ལྡན་ཡོད།

    2002ལོར་འབུམ་རམས་པ་ཐོན་རྗེས་ཡོན་ཧྲི་ཁྲེན་ལེན་ཧྲོའུ་ཡིས་འོས་སྦྱོར་བྱས་པ་བརྒྱུད་སྒྲོལ་དཀར་ཧན་གོའི་ཡན་ཧྲི་སློབ་ཆེན་དུ་མཆོག་རམས་པའི་ཞིབ་འཇུག་ལས་དོན་སྒྲུབ་པར་བསྐྱོད།

    2003ལོར་སྒྲོལ་དཀར་ཧན་གོའི་ཡན་ཧྲི་སློབ་ཆེན་ནས་མཆོག་རམས་པ་ཐོན་རྗེས། ཁོ་མོས་ཕྱི་རྒྱལ་དང་དེ་བཞིན་རྒྱལ་ནང་གི་གྲོང་ཁྱེར་གཞན་དག་གི་འཚོ་བ་དང་ཚན་རིག་ཞིབ་འཇུག་གི་ཆ་རྐྱེན་བཟང་པོ་བློས་བཏང་ནས་ཕ་ཡུལ་དུ་ལོག་རྒྱུའི་སེམས་ཐག་བཅད། “ངས་ཕ་ཡུལ་ལ་བཅངས་པའི་བརྩེ་སེམས་ནི་ལས་ཀའི་ཆ་རྐྱེན་ཡག་པ་དང་གོ་སྐབས་མང་བ་ཙམ་གྱིས་ཚབ་བྱེད་ཐུབ་པ་ཞིག་མིན། ཕྱི་ནས་སྦྱངས་པའི་ཤེས་བྱ་དག་ཕ་ཡུལ་གྱི་གནམ་གཤིས་བྱ་གཞག་ལ་སྤྱད་ཚེ་དེ་ནི་སྤོབས་པ་བྱེད་འོས་པ་ཞིག་རེད་བསམ་གྱི་འདུག མ་གཞི་ལས་ཀའི་ཆ་རྐྱེན་དཀའ་ཚེགས་ཆེན་པོ་འདུག ལྷག་པར་དུ་ཕྱིར་གྲངས་གཞི་འཚོལ་བསྡུ་བྱེད་པར་སྐྱོད་སྐབས་དེ་བས་དཀའ་ཚེགས་ཆེན་པོ་འདུག འོན་ཀྱང་རྩ་ཆེ་བའི་ཚན་ཞིབ་ཀྱི་གྲངས་གཞི་ཞིབ་འཇུག་ཐུབ་པས་དཀའ་ལས་དེ་དག་རྒྱག་རིན་ཡོད་པ་ཞིག་རེད”ཅེས་སྒྲོལ་དཀར་གྱིས་བཤད།

    ལོ་དེ་དག་ནང་སྒྲོལ་དཀར་གྱིས་རང་ཉིད་ཀྱི་དགེ་མཚན་ལ་བརྟེན་ནས་ཐོག་མཐའ་བར་གསུམ་དུ་ས་མཐོའི་གནམ་གཤིས་ཀྱི་ཚན་ཞིབ་ལས་གནས་བརྟན་པོ་བསྲུངས་ཏེ། བོད་ལྗོངས་ས་མཐོའི་སྔོ་ཁེབས་ཀྱི་དུས་དང་བར་སྟོང་གི་ཁྱབ་ཚུལ་གྱི་ཁྱད་ཆོས་དང་ཞན་འགྱུར་གྱི་རྒྱུ་རྐྱེན་དང་། བོད་བྱང་ཐང་གི་མཚོ་མཚེའུ་ལ་ལྟ་ཞིབ་ཚད་ལེན། བོད་ཀྱི་མཁའ་དབྱིངས་ཀྱི་ཆུའི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད། སྟོངས་ལ་ཉེ་བའི་བོད་སྨན་གྱི་སྨན་རྒྱུ་སྐྱེ་འཚར་ཡོང་བའི་གནམ་གཤིས་ཀྱི་ཆ་རྐྱེན། གནམ་གཤིས་འགྱུར་ལྡོག་ལས་འབྲོག་ལས་ཐོན་སྐྱེད་ལ་ཤུགས་རྐྱེན་ཐེབས་ཚུལ་དང་དེ་བཞིན་གནམ་གཤིས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ལས་དོན་ཐད་ཞིབ་འཇུག་ནུས་ལྡན་བྱས་པ་མ་ཟད། རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་ཐེབས་རྩ་སོགས་རྣམ་གྲངས་15ཡི་འགན་འཁུར་བ་དང་ལེགས་སྒྲུབ་བྱས་ནས་བོད་ཀྱི་གནམ་གཤིས་བྱ་གཞག་ལ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001398617201