བོད་ལྗོངས།
བོད་ལྗོངས་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་གསར་པ་འབྱེད་པ།

    གསར་འགོད་པ། ཧྲེན་ཧུང་པིང་དང་། ཀྲང་ཅིང་ཕིན། ལིའུ་ཧུང་མིང་།

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་3ཚེས་27ཉིན་འབྱོར་པའི་གློག་འཕྲིན། དཔྱིད་དཔལ་བཞད་སྐབས་སྐྱེ་དངོས་མཐའ་དག་སླར་གསོ་བྱེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་དང་མི་དམངས་ཀྱི་སྣེ་ཁྲིད་དེ་བོད་སྐྱོང་དང་། བོད་བརྟན། བོད་དར་བཅས་ཀྱི་གྲུབ་འབྲས་ལྡན་པའི་ཉམས་མྱོང་ཕྱོགས་སྡོམ་གནང་སྟེ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་བ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པ”སོགས་ཀྱི་རྣམ་བཤད་གལ་ཆེན་བཏོན་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གྲུབ་པ་རེད།

    “མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས”བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཁྲི་ཚོ་350ཡིས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ཏེ་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་པོ་དབུལ་རྐྱང་བསལ་བ་དང་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་སྟོབས་ཆེན་བཅས་ཀྱི་དོན་ཆེན་དོན་འཁྱོལ་བྱས་པ་དང“ལོ་ལྔ་ཚན་བཅུ་བཞི་པའི”འགོ་འཛུགས་ལོར་གོམ་ཞེང་ཆེན་པོས་མདུན་སྐྱོད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་པར་མདུན་སྐྱོད་བྱས་ཡོད།

    བརྟན་ལྷིང་ལ་བརྟེན་ནས་འཕེལ་རྒྱས་ལ་གཞོགས་འདེགས་བྱས་པ།

    དཔྱིད་ཟླ་གསུམ་པར། “བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”ཉིང་ཁྲི་གྲོང་ཁྱེར་དུ་སྤྲིན་སྨུག་འཁྲིགས་པ་དང་ཁམ་བུའི་མེ་ཏོག་རབ་དུ་བཞད་ཅིང་། ལོ་གཅིག་དུས་གཅིག་གི་ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་གྱིས་ཕྱོགས་བཞི་མཚམས་བརྒྱད་ཀྱི་མགྲོན་པོ་བསུས་ཡོད།

    “ང་ཚོས་ཉིན་བརྒྱད་རིང་བོད་དུ་ཡུལ་སྐོར་བྱེད་པའི་ནང་ཞུགས་ཏེ་ཕོ་བྲང་པོ་ཏ་ལའི་རིག་གནས་མྱོང་རོལ་བྱས་པ་མ་ཟད། ས་མཐོའི་རང་བྱུང་མཛེས་ལྗོངས་ལའང་ལྟད་མོ་བལྟས་པས་བོད་ལྗོངས་དུས་བདེ་ཁམས་བཟང་དང་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བ་མྱོང་ཚོར་བྱུང”ཞེས་ཧོ་ནན་གྱི་ཡུལ་སྐོར་བ་ཀོན་ཡུས་ཚའེ་ཡིས་བཤད།

    ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བྲག་ཡིབ་གྲོང་རྡལ་གྱི་ཏང་ཡོན་རྒན་གྲས་ལོ་66ལ་སླེབས་པའི་ཡར་ལངས་ཞིང་བྲན་ཕུར་བུ་ཚེ་རིང་གིས་སྔོན་ཆད་ཀྱི་ལོ་ཟླ་དྲན་གསོ་བྱེད་བཞིན་དུ“ང་ཚོར་ད་ཆའི་འཚོ་བ་དེ་ལྟ་བུ་ཡོད་པ་ནི་ཏང་གི་འགོ་ཁྲིད་དང་ཁ་འབྲལ་ཐབས་མེད། ང་ཚོས་མི་རབས་རྗེས་མར་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱ་རྒྱུའི་སློབ་གསོ་གཏོང་དགོས”ཞེས་མྱོང་ཚོར་ཆེན་པོས་བཤད།

    མེས་རྒྱལ་གྱི་མཐའ་མཚམས་སུ་གནས་པའི་བོད་ལྗོངས་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་གལ་ཆེན་ཡིན་ཞིང་། བོད་དུ་རྒྱུན་མཐུད་བརྟན་ལྷིང་དང་མགྱོགས་མྱུར་འཕེལ་རྒྱས་མངོན་འགྱུར་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད།

    2013ལོའི་ཟླ་3ཚེས་9ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བར་བྱེད་དགོས”ཞེས་བཏོན་གནང་བ་རེད།

    2015ལོར་འཚོགས་པའི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཚོགས་ཀྱི་དུས་བབ་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་མངོན་འགྱུར་བྱ་རྒྱུ་ནི་སྒྲུབ་དགོས་ངེས་ཀྱི་ལས་འགན་ཞིག་ཏུ་བརྩི་དགོས་ཞེས་བསྟན་གནང་བ་རེད།

    ད་ཕན་ལོ་ཤས་རིང་། བོད་ཀྱིས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཨང་དང་པོར་བརྩིས་ནས་དྲ་མིག་ཅན་གྱི་དོ་དམ་དང་ལས་བྱེད་པ་གྲོང་སྡོད་དང་དགོན་སྡོད་ལས་དོན་གསར་གཏོད་ངང་སྤེལ་བ་དང་། དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་བཙུགས་པ། ཡུན་རིང་བདེ་འཁོད་ཀྱི་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བ་བཅས་བྱས་པས་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་བློ་ཡིད་ཚིམ་ཚད་99%ཡན་དུ་རྒྱུན་འཁྱོངས་ཐུབ་པ་རེད།

    རྒྱུན་མཐུད་ཞི་མཐུན་གྱི་བརྟན་ལྷིང་རྣམ་པ་དེ་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྲ་ཞིང་བརྟན་པའི་འགན་ལེན་དུ་གྱུར་ཡོད།

    2020ལོར་བོད་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1900ལས་ཚད་བརྒལ་བྱུང་ནས་འཕར་ཚད་ལོ་མང་བསྟུད་མར་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། བོད་ཀྱི་མི་འབོར་དབུལ་པོ་ཁྲི་62.8ཚང་མ་དབུལ་སྒྲོལ་ཐུབ་པ་དང་མི་དེ་བས་མང་བས་གངས་ལྗོངས་ས་མཐོར་མ་འཇོག་ལས་དར་བྱེད་པར་ཡོང་ནས་ལྗོངས་ཡོངས་ཀྱི་ཁྲོམ་རའི་བྱེད་པོ་དུད་ཚང་ཁྲི་36.5ཟིན་པ་དང་འདས་ཟིན་པའི་ལོ་5ཡི་ཚོང་འགུགས་མ་འདྲེན་གྱི་མ་དངུལ་རིམ་རྩིས་བརྒྱབ་ན་དམིགས་སར་འབྱོར་ཚད་སྒོར་དུང་ཕྱུར་2535ཟིན་པ་རེད།

    དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་དེ་བས་མཛེས་སྡུག་ལྡན་པར་སྐུལ་འདེད་བཏང་ཞིང་། 2020ལོར་བོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་41156དང་སྒོར་14598སོ་སོར་ཟིན་ནས་དུས་མཚུངས་ལས་10%དང་12.7%སོ་སོར་འཕར་བ་རེད།

    བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་དེང་རབས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཟླ་བ་ཚེ་རིང་གིས“བོད་ཞི་བའི་བཅིངས་འགྲོལ་བཏང་ཚུན་གྱི་འཕེལ་རྒྱས་ལག་ལེན་ལས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་མེད་ཚེ་བོད་ལྗོངས་གསར་པ་མེད་པ་གསལ་བཤད་གང་ལེགས་བྱས་ཡོད”ཅེས་བཤད་པ་རེད།

    སྐྱེ་ཁམས་ལ་བརྟེན་ནས་རྒྱུ་ནོར་བཏོད་པ།

    དཔྱིད་འགོའི་གངས་ལྗོངས་ས་མཐོར་གངས་འཁྱགས་བཞུར་བ་དང་། རྩྭ་རྩི་ཤིང་མྱུ་གུ་འབུད་ཅིང་འདབ་ཆགས་གཤོག་རྩལ་ངོམས་པ་དང“མཛེས་སྡུག་ལྡན་པའི་སྣེ་མོ་གསུམ”པའི་སྐྱེ་ཁམས་ཀྱི་རྣམ་པ་སླར་ཡང་མངོན།

    མཚོ་བོད་ས་མཐོར“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”ཅེས་འབོད་པ་དང་གོ་ལ་ཧྲིལ་པོའི་གནམ་གཤིས་ལ་ཤུགས་རྐྱེན་ཐེབས་ཤུགས་ཆེན་པོ་ཡོད།

    ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེ་ཤོས་ཕུལ་བ་ཞིག་རེད། རི་སྔོ་ཆུ་དྭངས་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ་ལོ་རྒྱུས་ལ་འགན་འཁུར་བ་དང་། མི་དམངས་ལ་འགན་འཁུར་བ། འཛམ་གླིང་ལ་འགན་འཁུར་བ་བཅས་ཀྱི་རྣམ་འགྱུར་མཐའ་འཁྱོངས་ཀྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་ས་མཐོའི་སྲོག་ཆགས་དང་། རྩྭ་རྩི་ཤིང་། རི་ཆུ་ཀླུང་གསུམ་བཅས་སྲུང་སྐྱོང་ཡག་པོ་བྱས་ཏེ་མཚོ་བོད་ས་མཐོ་འདི་ཉིད་རྒྱལ་ཡོངས་ཙམ་མ་ཟད། ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཞིག་ཏུ་འགྱུར་བར་བྱེད་དགོས་ཞེས་བསྟན་གནང་བ་རེད།

    བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གི་ཐིང་ཀྲང་ནོར་རྒྱས་ཀྱིས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་སྐྱེ་ཁམས་སྲུང་སྐྱོང་ལས་དོན་ཐད་གནང་བའི་འཐབ་ཇུས་ངེས་གནས་དང་འཐབ་ཇུས་བཀོད་སྒྲིག་ལས་བོད་ཀྱི་སྐྱེ་ཁམས་སྲུང་སྐྱོང་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་གནང་ཡོད”ཅེས་བཤད།

    ད་ཕན་ལོ་ཤས་རིང་བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་འཛུགས་གཏོད་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་མགྱོགས་མྱུར་འཛུགས་སྐྲུན་སོགས་ཀྱི་ཐབས་ཇུས་བཀོད་སྒྲིག་བྱས་པ་དང《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་མཐོ་ས་བསྐྲུན་རྒྱུའི་སྐོར་གྱི་སྲོལ་ཡིག》བཟོས་ཁར། ཆུ་དང་མཚོ་དཔོན་ལམ་ལུགས་དང་། བཙོག་འབུད་ཆོག་འཐུས་ལམ་ལུགས། སྐྱེ་ཁམས་ཁོར་ཡུག་གི་གནོད་འཚེའི་འགན་འཁྲི་ཚེ་གང་བདའ་འདེད་ལམ་ལུགས་བཅས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཟམ་མི་ཆད་པར་བརྟན་དུ་བཏང་བ་རེད།

    ད་ཆ་བོད་འདི་ཉིད་སྔར་བཞིན་འཛམ་གླིང་ཐོག་གི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་པ་སྟེ། ས་ཁུལ་རིམ་པ་ཡན་གྱི་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་བསྡུར་ཚད་99.4%ཟིན་པ་དང་། གཙང་པོ་དང་ཆུ་བོ། མཚོ་མཚེའུ་བཅས་གཙོ་བོ་དང་དེ་བཞིན་འཐུང་ཆུའི་ཆུ་འགོའི་ཆུ་སྤུས་ཚད་གཞི་ལོན་ཚད་100%ཟིན་པ། རྩྭ་ཐང་དུ་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་47%ཟིན་པ། ཁྲུང་ཁྲུང་སྐེ་ནག་8000ལྷག་ཙམ་དང་གཙོད་ཁྲི་20ལྷག་ཙམ་ཟིན་པ་སོགས་རེད།

    སྐྱེ་ཁམས་ཁོར་ཡུག་ཡག་པོ་ནི་ཆེས་ཀུན་ཕན་གྱི་དམངས་འཚོའི་བདེ་རྩ་ཡིན་ཞིང་། འདས་ཟིན་པའི་ལོ་ལྔའི་རིང་། བོད་ཀྱིས་རིགས་ཁག་གི་སྐྱེ་ཁམས་ཁ་གསབ་མ་དངུལ་ཁྱོན་སྒོར་དུང་ཕྱུར་296.3བཏང་སྟེ་སྣོད་བཅུད་ཡག་པོར་བརྟེན་ནས་ས་མཐོའི་སྐྱེ་དངོས་དང་། རིག་གནས་ཡུལ་སྐོར། ནུས་རྒྱུ་གཙང་མ། རང་བྱུང་འཐུང་ཆུ་སོགས་ལྗང་མདོག་ཐོན་ལས་སྟོབས་ཆེར་བཏང་སྟེ་མང་ཚོགས་དེ་བས་མང་བར་སྐྱེ་ཁམས་ལ་བརྟེན་ནས་ཡོང་འབབ་འཕར་རྒྱུར་སྐུལ་ཁྲིད་བྱས་པ་རེད།

    གྲངས་གཞི་ལས་མངོན་གསལ། འདས་ཟིན་པའི་ལོ་ལྔའི་རིང་། བོད་ཀྱི་ཞིང་འབྲོག་པ་ཁྲི་8.6གྲོང་གསེབ་ཡུལ་སྐོར་ནང་ཞུགས་པར་ལོར་ཆ་སྙོམས་མི་རེར་ཡོང་འབབ་སྒོར་4300རག་ཅིང་། 2020ལོར་ལྗོངས་ཡོངས་ཀྱི་རང་བྱུང་འཐུང་ཆུའི་ཁེ་ལས་ཀྱིས་མི་ཁྲི་5000ལྷག་ཙམ་ལས་ཞུགས་ཐུབ་རྒྱུར་ཐད་ཀར་སྐུལ་ཁྲིད་བྱས་ཡོད།

    ལྷ་སའི་ལྷོ་ནུབ་མཚམས་ཀྱི་རི་ཁུག་ཏུ་གནས་པའི་སྟག་གདོང་གྲོང་ཚོར་དེ་སྔ་དབུལ་པོ་ཐོན་ཚད་22%ཟིན་གྱི་ཡོད། “གྲོང་གསེབ་ཡུལ་སྐོར་ཐོན་ལས་དབུལ་སྐྱོར”གྱི་དཔེ་དབྱིབས་གསར་པ་འཚོལ་ཞིབ་བྱས་པ་བརྒྱུད་ད་ཆ་སྟག་གདོང་གྲོང་ཚོ་གཟའ་མཇུག་གི་སྤྲོ་གསེང་བྱ་ཡུལ་གྲགས་ཅན་དུ་གྱུར་པ་དང་མང་ཚོགས་ཁག་གཅིག་ལ་སྒོ་རྩ་ནས་ཡོང་འབབ་མང་པོ་རག་པ་རེད།

    གྲོང་མི་བསོད་ནམས་དོན་གྲུབ་ཀྱིས་ཇ་ཁང་ཞིག་བཙུགས་པར་ཡུལ་སྐོར་བ་མང་བའི་དུས་ཚིགས་སུ་ཟླ་རེར་སྒོར་3000ལྷག་ཙམ་གྱི་ཡོང་འབབ་བརྟན་པོ་རག་གི་ཡོད་པ་དང་། ལོ་མཇུག་ཏུ་ད་དུང་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་ཁེ་སྤོགས་བགོ་འགྲེམས་རྒྱག་གི་ཡོད། ཁོང་གིས“གྲོང་གསེབ་ཡུལ་སྐོར་ལ་བརྟེན་ནས་ཚང་མའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་ཕྱིན་ལ། ཁོར་ཡུག་ལེགས་སུ་ཕྱིན་པ་དང་བསྟུན་ནས་ཡུལ་སྐོར་བ་མང་དུ་སོང་བས། ང་ཚོའི་ཡོང་འབབ་ཀྱང་དེ་བས་མང་དུ་ཕྱིན་སོང”ཞེས་བཤད།

    མཐའ་མཚམས་སྟོབས་ཆེར་བཏང་ནས་བདེ་སྡོད་ལས་བརྩོན་བྱུང་བ།

    གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་འདྲེན་ཐང་གྲོང་རྡལ་ནི་ཇོ་མོ་གླང་མའི་ཤར་ལྷོའི་མཚམས་སུ་གནས་པ་དང་ནེ་པ་ལ་དང་ས་སྦྲེལ་ཡིན་ཞིང་། རང་རྒྱལ་མངའ་ཁོངས་ཀྱི་ཤར་པ་བའི་གཞིས་ཆགས་ཡུལ་གཙོ་བོའི་གྲས་ཤིག་རེད།

    2018ལོའི་ཚུན་དུ། རྒྱལ་ཁབ་གློག་དྲས་མ་དངུལ་སྒོར་དུང་ཕྱུར་300ལྷག་ཙམ་བཏང་སྟེ། “ཁུལ་གསུམ་དང་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་དུ་གློག་དྲ་འཛུགས་སྐྲུན་བྱས་པའི་ནང་བོད་ཀྱི་མཐའ་མཚམས་རྫོང་ཚང་མ་ཚུད་ཅིང་། 2020ལོའི་ཟླ་9པར་ཤར་པ་བའི་གློག་མི་འདང་བའི་འཚོ་བ་མཇུག་འགྲིལ་བ་རེད།

    “ཉེ་བའི་ལོ་ཤས་རིང་། སྣུམ་ནག་ལམ་སྒོ་རྩར་བཏིང་བ་དང་། ལྷག་པར་དུ་གློག་བརྟན་པོ་ཁྲིད་རྗེས་འཚོ་བ་སྟབས་བདེ་པོ་བྱུང”འདྲེན་ཐང་གྲོང་རྡལ་འདྲེན་ཐང་གྲོང་ཚོའི་གྲོང་མི་ལྷག་པས། དེ་སྔ་གོས་འཁྲུད་འཕྲུལ་ཆས་སྤྱོད་རྒྱུ་སེམས་ལ་འཁོར་མྱོང་མེད། ན་ནིང་གྲོང་ཚོའི་དུད་ཚང་མང་ཆེ་བས་གོས་འཁྲུད་འཕྲུལ་ཆས་དང་གློག་རྡིག་སོགས་གློག་ཆས་ཉོས་སོང་ཞེས་བཤད།

    ལྷག་པའི་མྱོང་ཚོར་ནི་བོད་ཀྱི་མཐའ་མཚམས་མང་ཚོགས་ཀྱི་འཚོ་བར་འཕོ་འགྱུར་ཆེན་པོ་བྱུང་བའི་བསྡུས་རིས་ཤིག་རེད།

    རྒྱ་གར་དང་། ནེ་པ་ལ། འབྲུག་ཡུལ། འབར་མ་སོགས་རྒྱལ་ཁབ་དང་ས་མཚམས་འབྲེལ་བའི་བོད་ཀྱི་མཐའ་མཚམས་ས་ཁུལ་ཕལ་ཆེ་བ་རི་བོ་ཧི་མ་ལ་ཡའི་དུ་ཆགས་པ་དང་རི་མཐོ་གཡང་གཟར་ཡིན་པས། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་བལྟོས་བཅས་ཀྱིས་དཀའ་ངལ་ཆེན་པོ་ཡོད།

    ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་ཞི་ཅིན་ཕིང་གིས་མཐའ་མཚམས་ས་ཁུལ་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་དམིགས་བསལ་གྱི་རྒྱབ་སྐྱོར་སྲིད་ཇུས་སྤྱད་དེ་མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་བཏང་སྟེ་སེམས་ཁྲལ་སེལ་རོགས་བྱེད་དགོས་ཞེས་བསྟན་གནང་བ་རེད།

    དེར་བརྟེན། བོད་ཀྱིས་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་རྒྱུན་མཐུད་སྤེལ་ནས་མཐའ་མཚམས་འཕེལ་རྒྱས་མགྱོགས་སུ་བཏང་བ་དང་། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱས་པ། ཚད་གཞི་མཐོ་བའི་ངང་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་600ལྷག་ཙམ་བསྐྲུན་པ། མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཞན་ཆ་མགྱོགས་མྱུར་སེལ་བ་བཅས་བྱས་ནས་མཐའ་མཚམས་ས་ཁུལ་གྱི་དར་རྒྱས་བརྟན་ལྷིང་དང་ཞི་མཐུན་བདེ་འཇགས་ལ་སྐུལ་འདེད་བཏང་བ་རེད།

    ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་སླད་ཤང་སླད་གྲོང་ཚོའི་གྲོང་མི་ཕུར་ཚེ་2019ལོར་སྨི་ངོས་གྲུ་180ལྷག་ཙམ་ཟིན་པའི་སྡོད་ཁང་གསར་པར་སྤོས་རྗེས་ཁྱིམ་ཚང་མགྲོན་ཁང་བཙུགས་པ་རེད། ཁོང་གིས“ཏང་གི་སྲིད་ཇུས་ཡག་པས་འཚོ་བ་ཉིན་རེ་བཞིན་གྲ་རྒྱས་སུ་འགྲོ་བཞིན་ཡོད”ཅེས་བཤད།

    ད་ཆ་བོད་ཀྱི་མཐའ་མཚམས་མང་ཚོགས་ཀྱིས་ཏང་དང་མེས་རྒྱལ་ལ་བཅངས་པའི་ལྷག་བསམ་རྣམ་དག་གི་དགའ་ཞེན་དང་དྲིན་ཚོར་བསམ་པ་རྒྱལ་ཁབ་ཀྱི་ས་ཆ་ཚང་མར་ཁྱབ་ནས་མཐའ་མཚམས་ཀྱི་འཐབ་ས་དང་པོར་ལྕགས་དང་ ངར་ལྕགས་ལྟ་བུའི་ལྕགས་རི་རིང་པོ་རྒྱུན་ཆད་མེད་པར་སྐྲུན་བཞིན་ཡོད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001398619251