བོད་ལྗོངས།
“བོད་ཀྱི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས”སྐབས་17པའི་གཟེངས་བསྟོད་ཚོགས་ཆེན་འཚོགས་པ།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ཉེ་ཆར“བོད་ཀྱི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས”སྐབས་17པའི་གཟེངས་བསྟོད་ཚོགས་ཆེན་ལྷ་སར་འཚོགས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་ཞིང་། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། ཀྲུའུ་རེན་བློ་བཟང་རྒྱལ་མཚན། ཀྲུའུ་ཞི་ཆེ་དགྲ་ལྷ་བཅས་ཀྱི་ཚབ་ཞུས་ནས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་ལ་རྟེན་འབྲེལ་ཞུས་པ་དང་། ལྗོངས་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུ་དང་གཞོན་ནུ་ལས་དོན་པར་དུས་ཆེན་གྱི་འཚམས་འདྲི་ཡང་ཞུས་པ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཝང་ཅུན་དང་བཀྲ་ཤིས་ཟླ་བ་ཚོགས་འདུར་ཞུགས་ཡོད་པ་རེད།

    སྔ་དྲོའི་ཆུ་ཚོད་11དང་སྐར་མ་30ལ་ཚོགས་ཆེན་འགོ་ཚུགས་པ་དང་ཚང་མ་ཡར་བཞེངས་ནས་རྒྱལ་གླུ་བླངས་པ་རེད། ཚོགས་འདུའི་ཐོག་གཟེངས་བསྟོད་གཏན་འབེབས་སྒྲོག་སྦྱངས་བྱས་པ་དང་ཀྲུའུ་ཞི་སྡིངས་ཆར་བཞུགས་པའི་འགོ་ཁྲིད་བློ་མཐུན་གྱིས“ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས”དང་། “བོད་ཀྱི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས” 2020ལོའི་ལོ་འཁོར་གྱི་རྒྱལ་ཡོངས་དང་དེ་བཞིན་ལྗོངས་ཡོངས་ཀྱི་ཕུལ་བྱུང་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་དང་། གུང་གཞོན་སྡེ་ཚོགས་ཀྱི་ལས་བྱེད་པ། ལྔ་བཞིའི་དར་དམར་སྡེ་ཚོགས་ཨུ་ལྷན(སྡེ་ཚོགས་ཀྲི་པུའུ)བཅས་ཀྱི་བྱ་དགའ་ཐོབ་པའི་མཉམ་སྡེབ་དང་མི་སྒེར་གྱི་འཐུས་མིར་བྱ་དགའ་སྤྲད་པ་རེད། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱི་འཐུས་མིས་སྤེལ་རེས་གཏམ་བཤད་བྱས་པ་རེད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་གཞོན་ནུ་ཚོས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་འཆང་བ་དང་དུས་རབས་གསར་པའི་བླང་བྱ་གསར་པ་ཁོང་དུ་ཡང་དག་ཆུད་པར་བྱས་ནས། ཕུགས་བསམ་ཆེན་པོ་འཆང་བ་དང་། སྤྱོད་བཟང་རྟོགས་པ། མཁས་པར་འགྱུར་བ། འགན་འཁྲི་ཆེན་པོ་འཁུར་བ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པའི་ཚ་ཚ་འུར་འུར་གྱི་ལག་ལེན་ལ་ཧུར་ཐག་ཞུགས་དགོས། ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པ་ཀྲུང་གོ་གསར་པའི་ལོ་རྒྱུས་དང་། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་སློབ་སྦྱོང་དང་ཟུང་འབྲེལ་དང་། བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་དང་བོད་ཞི་བས་བཅིངས་འགྲོལ་བཏང་བའི་ལོ་རྒྱུས་སློབ་སྦྱོང་དང་ཟུང་འབྲེལ། རྒྱལ་ཁབ་ཀྱི་སྤྱི་སྐད་ཡག་པོ་སྦྱོང་བ་དང་བེད་སྤྱོད་ཡག་པོ་གཏོང་བ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ནས་རྒྱལ་གཅེས་དམངས་གཅེས་ཀྱི་དུས་རབས་གསར་པའི་གཞོན་ནུ་ཞིག་ཧུར་ཐག་བྱེད་དགོས། ལང་ཚོའི་སྤྱོད་བཟང་གཅིག་ཏུ་སྒྲིལ་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་ཧུར་ཐག་བསྟར་བ། ཀུན་སྤྱོད་ལག་ལེན་ལ་སྣང་ཆེན། སྣེ་ཁྲིད་དེ་སྲོལ་བཟང་འཛུགས་པ་བཅས་བྱས་ཏེ། ཀུན་སྤྱོད་བཟང་བའི་དུས་རབས་གསར་པའི་གཞོན་ནུ་ཞིག་བྱེད་དགོས། རྒྱུན་མཐུད་འབད་འཐབ་དང་། དར་ཆ་གསལ་སྟོན་གྱིས་བརྟན་ལྷིང་འགན་ལེན། བློ་རྩེ་གཅིག་སྒྲིམ་གྱིས་འཕེལ་རྒྱས་དོན་གཉེར། ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྲུང་སྐྱོང་། རྒྱུན་སྲིང་ལྷོད་མེད་ཀྱིས་མཐའ་མཚམས་སྟོབས་ཆེར་གཏོང་བ་བཅས་བྱས་ནས་གསར་གཏོད་བྱེད་ཕོད་པའི་དུས་རབས་གསར་པའི་གཞོན་ནུ་ཞིག་བྱེད་དགོས། ཏན་ཏན་ཏིག་ཏིག་མཐའ་འཁྱོངས་བྱས་ནས་ཚན་རིག་རིག་གནས་ཀྱི་ཤེས་བྱ་དང་ཆེད་ལས་རྩལ་ནུས་ཁོང་དུ་ཧུར་ཐག་ཆུད་པ་དང་། རྒྱུན་སྲིང་ལྷོད་མེད་ངང་སྤྱིར་བཏང་གི་བྱ་བ་ཚང་མ་ཡག་པོ་སྒྲུབ་པ་དང་སྤྱིར་བཏང་མིན་པའི་གྲུབ་འབྲས་ཐོབ་པར་བྱས་ཏེ། དངོས་སྦྱོང་དངོས་སྒྲུབ་ཀྱི་དུས་རབས་གསར་པའི་གཞོན་ནུ་ཞིག་བྱེད་དགོས།

    ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་རིམ་ཁག་འགོ་ཁྲིད་ལས་བྱེད་པས་གཞོན་ནུའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཏང་གིས་གཞོན་ནུར་དོ་དམ་དང་། གཞོན་ནུར་ཡིད་ཆེས་གང་ལེགས། གཞོན་ནུར་ཐུགས་ཁུར་གང་མང་། གཞོན་ནུར་བླང་བྱ་ནན་པོ་འདོན་པ། གཞོན་ནུར་ཁྲིད་སྟོན་ཧུར་ཐག་བཅས་བྱས་ནས་གཞོན་ནུའི་ལས་དོན་ཡག་པོ་སྒྲུབ་དགོས། གུང་གཞོན་སྡེ་ཚོགས་ཀྱིས“ཏང་གི་འབོད་སྐུལ་ཡོད་ན་གུང་གཞོན་སྡེ་ཚོགས་ལ་བྱ་སྤྱོད་ཡོད་པའི”སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས། ཆབ་སྲིད་ཀྱི་རང་བཞིན་དང་། སྔོན་ཐོན་གྱི་རང་བཞིན། མང་ཚོགས་ཀྱི་རང་བཞིན་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་གུང་གཞོན་སྡེ་ཚོགས་ཀྱི་སྒྲིག་འཛུགས་བྱེད་ནུས་དང་། སྣེ་ཁྲིད་བྱེད་ནུས། ཞབས་འདེགས་ཞུ་ནུས། སྤྱི་ཡོངས་ལ་ལེགས་སྐྱེས་འབུལ་ནུས་བཅས་མུ་མཐུད་ཆེ་རུ་བཏང་ནས། དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུའི་ལས་འགུལ་གྱི་ངོ་མཚར་ཆེ་བའི་ལེའུ་མུ་མཐུད་རྩོམ་དགོས་པའི་བླང་བྱ་བཏོན་པ་རེད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001399277491