བོད་ལྗོངས།
བོད་ཞི་བས་བཅིངས་འགྲོལ་དང་དར་རྒྱས་གོང་འཕེལ།

    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་། 2021ལོའི་ཟླ་5པར། པེ་ཅིང་།

    སྔོན་འགྲོའི་གཏམ།

    གཅིག ཞི་བས་བཅིངས་འགྲོལ་མ་བཏང་གོང་གི་བོད་ལྗོངས།

    —— བོད་ནི་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ།

    —— “བོད་རང་བཙན”ཟེར་བའི་གནད་དོན་ནི་ཉེ་རབས་བཙན་རྒྱལ་རིང་ལུགས་ཀྱིས་ཀྲུང་གོར་བཙན་འཛུལ་བྱས་པ་ལས་བྱུང་བ་ཞིག་ཡིན་པ།

    —— བོད་ལ་བཅིངས་འགྲོལ་གཏོང་རྒྱུ་ནི་མི་རིགས་ཁག་གི་མི་དམངས་ཀྱི་རེ་སྒུག་ཆེན་པོ་ཞིག་ཡིན་པ།

    གཉིས། ཞི་བས་བཅིངས་འགྲོལ་བཏང་བ།

    —— ཆབ་མདོའི་གཡུལ་འགྱེད་ལ་རྒྱལ་ཁ་ཐོབ་ནས་བོད་ཞི་བས་བཅིངས་འགྲོལ་གཏོང་རྒྱུར་མཐུན་རྐྱེན་བསྐྲུན་པ།

    —— 《གྲོས་མཐུན་དོན་ཚན་བཅུ་བདུན》བཞག་ནས་བོད་ཞི་བས་བཅིངས་འགྲོལ་བཏང་བ།

    —— 《གྲོས་མཐུན་དོན་ཚན་བཅུ་བདུན》དོན་འཁྱོལ་བྱས་ནས་རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོང་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

    གསུམ། སྤྱི་ཚོགས་ལམ་ལུགས་ལ་ལོ་རྒྱུས་ཀྱི་མཆོང་སྐྱོད་བྱུང་བ།

    —— བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མུན་ནག་དང་རྗེས་ལུས་ཡིན་པས་ལོ་རྒྱུས་ཀྱི་གར་སྟེགས་ནས་འབབ་ངེས་ཡིན་པ།

    —— 《གྲོས་མཐུན་དོན་ཚན་བཅུ་བདུན》ལ་སྲུང་སྐྱོང་བྱས་ནས“ལོ་དྲུག་འགྱུར་ལྡོག་མི་གཏོང་བའི”གཏན་འབེབས་བྱས་པ།

    —— དྲག་པོའི་ངོ་ལོག་ཟིང་འཁྲུག་ཞོད་འཇགས་བཏང་ནས་དམངས་གཙོའི་བཅོས་སྒྱུར་བྱས་པ།

    —— བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་རིམ་བཞིན་སྐྱོད་པ།

    བཞི། བྱ་གཞག་ཁག་འཕེལ་རྒྱས་མྱུར་པོ་ཕྱིན་པ།

    —— སྤྱི་ཚོགས་དང་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་མྱུར་པོ་ཕྱིན་པ།

    —— མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ།

    —— གཞི་རྩའི་སྤྱི་པའི་ཞབས་ཞུ་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བ།

    ལྔ། དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ།

    —— དབུལ་པོ་དབུལ་རྐྱང་གི་གནད་དོན་རྦད་དེ་བསལ་བ།

    —— མཐའ་དར་དམངས་ཕྱུག་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།

    —— གྲོང་གསེབ་དར་རྒྱས་གོ་རིམ་ལྡན་པའི་ངང་ལག་བསྟར་བྱས་པ།

    དྲུག ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་བྱུང་བ།

    —— བོད་ཀྱི་སྐད་ཡིག་བེད་སྤྱོད་རྒྱ་ཁྱབ་བྱུང་བ།

    —— ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་གང་ལེགས་ཐོབ་པ།

    —— རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་ནུས་ལྡན་བྱུང་བ།

    བདུན། མི་རིགས་ཆོས་ལུགས་ལས་དོན་གྱི་གྲུབ་འབྲས་མངོན་གསལ་དོད་པ།

    —— མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ།

    —— ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དེ་བས་ཟབ་ཏུ་ཕྱིན་པ།

    —— ཆོས་དད་རང་མོས་ལ་འགན་སྲུང་གང་ལེགས་བྱུང་བ།

    བརྒྱད། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཉིན་བཞིན་བརྟན་དུ་སོང་བ།

    —— སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་བཏང་བ།

    —— སྐྱེ་ཁམས་ཁོར་ཡུག་རྒྱུན་འཁྱོངས་ཡག་པོ་ཐུབ་པ།

    —— ལྗང་མདོག་འཕེལ་རྒྱས་ཀྱི་བཀོད་པ་རགས་ཙམ་ཆགས་པ།

    དགུ། རྒྱལ་ཁབ་གཅིག་གྱུར་དང་སྤྱི་ཚོགས་བརྟན་ལྷིང་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱས་པ།

    —— ཀྲུང་གོར་ངོ་རྒོལ་བྱེད་མཁན་ནུབ་ཕྱོགས་ཕྱོགས་གཏོགས་ཀྱིས་བོད་ཟང་ཟིང་བཟོས་ནས་ཀྲུང་གོར་བཀག་སྡོམ་བྱ་རྒྱུའི་ལྐོག་གཡོ་བཤམས་པ།

    —— ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་མེས་རྒྱལ་ཁ་ཕྲལ་གཏོང་བའི་བྱེད་སྤྱོད་སྤེལ་རྒྱུའི་ངན་ཇུས་བཤམས་པ།

    —— རྒྱལ་ཁབ་ཀྱི་བདེ་འཇགས་དང་བོད་ཀྱི་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ།

    བཅུ། དུས་རབས་གསར་པའི་རྒྱང་སྐྱོད་གསར་པ།

    —— དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས་བྱས་པ།

    —— དེང་རབས་ཅན་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་འགོ་ཚུགས་པ།

    མཇུག་བསྡུའི་གཏམ།

    སྔོན་འགྲོའི་གཏམ།

    1951ལོའི་ཟླ་5ཚེས་23ཉིན། 《ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་དབར་བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན》(བསྡུས་མིང་ལ《གྲོས་མཐུན་དོན་ཚན་བཅུ་བདུན》ཞེས་བརྗོད)བཞག་ནས་བོད་ཞི་བས་བཅིངས་འགྲོལ་བཏང་བ་ཁྱབ་བསྒྲགས་བྱས། དུས་དེ་ནས་བཟུང་བོད་ཀྱི་མི་དམངས་ནམ་ཡང་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་དང་འཆིང་རྒྱ་ལས་ཐར་ཏེ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་ནང་མཐུན་སྒྲིལ་དང་། ཡར་ཐོན། འཕེལ་རྒྱས་བཅས་ཀྱི་འོད་སྟོང་འཕྲོ་བའི་ལམ་ཆེན་ཐོག་བསྐྱོད།

    ཞི་བའི་བཅིངས་འགྲོལ་འགོ་འཛུགས་སར་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་ཀྱིས《གྲོས་མཐུན་དོན་ཚན་བཅུ་བདུན》ལག་བསྟར་དོན་འཁྱོལ་བྱས་ནས་རྒྱལ་ཁབ་ཀྱི་བདག་དབང་དང་། མེས་རྒྱལ་གཅིག་གྱུར། མངའ་ཁོངས་ཆ་ཚང་བཅས་ལ་སྲུང་སྐྱོང་ནུས་ལྡན་བྱས་པ་དང་། དམངས་གཙོའི་བཅོས་སྒྱུར་བྱས་ཏེ། ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་བཏང་བས་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པ་དང་རང་ཁྱིམ་རང་བདག་བྱུང་ནས། མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་འགན་ལེན་ཐུབ་པ། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་པ་དང་མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱས་པས་བོད་ཀྱི་སྤྱི་ཚོགས་ལམ་ལུགས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ། སྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་བཏང་ཡོད། དུས་རབས་གསར་པར་སླེབས་རྗེས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་སྟེ། སྤྱི་ཚོགས་ཁྱོན་ཡོངས་དེ་བས་བརྟན་ལྷིང་བྱུང་བ་དང་། དཔལ་འབྱོར་དང་རིག་གནས་དེ་བས་དར་རྒྱས་བྱུང་བ། སྐྱེ་ཁམས་ཁོར་ཡུག་དེ་བས་ལེགས་སུ་ཕྱིན་པ། མི་དམངས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་གསར་རྐྱང་ཞིག་འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་ལམ་དུ་མངོན་ཡོད།

    བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་དུས་འདིར། ལོ་རྒྱུས་ཀྱི་འཕེལ་རིམ་ལ་ཕྱིར་མིག་བལྟ་བ་དང་རླབས་ཆེན་གྱི་གྲུབ་འབྲས་བསྟན་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་དང་། འབུར་དུ་ཐོན་པ། ཇི་མ་ཇི་བཞིན་བཅས་ཀྱི་སྒོ་ནས་མཚོན་པར་བྱས་ཚེ། མངའ་ཁོངས་ཕྱིའི་ཕྱོགས་གཏོགས་ཁག་གཅིག་གིས་སྤེལ་བའི་རྫུན་གཏམ་སྣ་ཚོགས་ལ་དོན་དངོས་བགྲངས་ནས་སུན་འབྱིན་རྒྱུར་ཕན་ཐོགས་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ཀྱི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོར་ངོས་འཛིན་ཡང་དག་བྱ་རྒྱུར་ཡང་ཕན་ཐོགས་ཡོད།

    གཅིག ཞི་བས་བཅིངས་འགྲོལ་མ་བཏང་གོང་གི་བོད་ལྗོངས།

    བོད་འདི་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་བླ་ན་མེད་པའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་དང་ཀྲུང་གོའི་བོད་རིགས་འདུས་སྡོད་ཁུལ་གཙོ་བོའི་གྲས་ཤིག་རེད། ཉེ་རབས་ཚུན་དུ་དབྱིན་ཇིས་གཙོས་པའི་བཙན་རྒྱལ་རིང་ལུགས་ཕྱོགས་གཏོགས་ཀྱིས“བོད་རང་བཙན”ཟེར་བའི་གནད་དོན་བཟོས་ནས། ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་གཏོར་བཤིག་ཚབས་ཆེན་བཏང་ཡོད།

    —— བོད་ནི་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ།

    ཀྲུང་གོ་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་དང་ཀྲུང་ཧྭ་མི་རིགས་ནི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་ཡིན། བོད་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་གསར་སྤེལ་བྱས་པ་དང་བོད་ཀྱི་ལོ་རྒྱུས་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་བྲིས་པ་ཞིག་ཡིན། བོད་རིགས་དང་མི་རིགས་གཞན་དག་དབར་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་སྤེལ་རེས་བྱས་པ་དེ་བོད་ཀྱི་ལོ་རྒྱུས་འཕེལ་རྒྱས་ཀྱི་ཐོག་མཐའ་བར་གསུམ་དུ་ཁྱབ་ཡོད། བོད་རིཌ་ནི་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་ཁྲོད་གྲུབ་པ་དང་འཕེལ་རྒྱས་བྱུང་བ་ཞིག་ཡིན། གནའ་རྫས་རྟོག་ཞིབ་དང་རིག་གཞུང་ཞིབ་འཇུག་འབོར་ཆེན་བྱས་པ་ལས། གནའ་སྔ་མོའི་དུས་སུ་བོད་ལྗོངས་ས་མཐོར་འདུས་སྡོད་བྱེད་མཁན་བོད་རིགས་མེས་པོ་རྣམས་རྒྱ་རིགས་དང་སྤུན་ཟླའི་མི་རིགས་གཞན་དག་དང་ཁྲག་རྒྱུད་དང་། སྐད་བརྡ། རིག་གནས་བཅས་ཀྱི་ཐད་འབྲེལ་བ་དམ་ཟབ་བྱུང་བ་གསལ་པོར་མངོན་གྱི་ཡོད། སྤྱི་ལོའི་དུས་རབས་བདུན་པར་བོད་དུ་བཙུགས་པའི་ཐུ་བྷོད་ས་གནས་སྲིད་དབང་གིས་ཀྲུང་གོའི་ལྷོ་ནུབ་མཐའ་མཚམས་གསར་སྤེལ་བྱེད་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

    ཡོན་རྒྱལ་རབས (1271ལོ་ནས་1368ལོའི་བར) ཀྲུང་དབྱང་སྲིད་གཞུང་གིས་བོད་ས་གནས་ལ་བདག་སྐྱོང་དང་བཅོས་སྐྱོང་ནུས་ལྡན་བྱས་ཤིང་། ཡོན་རྒྱལ་རབས་ཀྱིས་ཙུང་ཀྲི་ཡོན(ཕྱིས་སུ་ཤོན་ཀྲེང་ཡོན་ཡང་ཟེར)བཙུགས་ནས་བོད་ས་གནས་ཀྱི་ལས་དོན་ལ་ཐད་ཀར་བདག་སྐྱོང་བྱས་པ་དང་། བོད་དུ་ཐེམ་ཐོ་གཙང་བཤེར་དང་། ས་ཚུགས་བཙུགས་པ། དཔྱ་ཁྲལ་བསྡུ་བ། དམག་དཔུང་བཅའ་སྡོད། དཔོན་རིགས་བསྐོ་བཞག་བཅས་བྱས་པ་མ་ཟད། ཡོན་རྒྱལ་རབས་ཀྱི་ཉེས་ཁྲིམས་དང་ལོ་ཐོ་བརྩི་སྟངས་བོད་དུ་འགྲེམས་སྤེལ་ཡང་བྱས། མིང་རྒྱལ་རབས(1368ལོ་ནས་1644ལོའི་བར) ཀྲུང་དབྱང་སྲིད་གཞུང་གིས་བོད་དུ་མང་བསྐོས་ལམ་ལུགས་ལག་ལེན་བསྟར་ཏེ། བོད་ཀྱི་ས་གནས་ཁག་གི་ཆོས་སྲིད་འགོ་པར“ཆོས་རྗེ”དང་། “ཝང”“དབང་བསྐུར་གོ་ཤྲི”སོགས་ཀྱི་མཚན་གསོལ། “དབུས་གཙང་བཀོད་འདོམས་སི”དང་། “མདོ་ཁམས་བཀོད་འདོམས་སི”“མངའ་རིས་ཅུན་མིང་ཡོན་ཧྲའེ་ཧྥུ”བཅས་བཙུགས་ནས་དབུས་གཙང་དང་ཆབ་མདོ་སོགས་ས་ཁུལ་དང་མངའ་རིས་ས་ཁུལ་གྱི་དམག་སྲིད་ལས་དོན་ཁག་སོ་སོར་བདག་སྐྱོང་བྱས། ཆིང་རྒྱལ་རབས(1644ལོ་ནས་1911ལོའི་བར) ཀྲུང་དབྱང་སྲིད་གཞུང་གིས་བོད་ས་གནས་ལ་བདག་སྐྱོང་བྱེད་སྟངས་འཐུས་སྒོ་ཤིན་ཏུ་ཚང་ཞིང་། སྔ་རྗེས་སུ་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་འགོ་གཙོ་ཏཱ་ལ་སྐུ་ཕྲེང་ལྔ་པ་དང་པཎ་ཆེན་སྐུ་ཕྲེང་ལྔ་པར་ཆོ་ལོ་བསྩལ་ནས། ཏཱ་ལའི་བླ་མ་དང་པཎ་ཆེན་ཨེར་ཏེ་ནི་རྣམ་གཉིས་ལ་བསྩལ་བའི་ཆོ་ལོ་དང་དེ་བཞིན་ཆབ་སྲིད་དང་ཆོས་ལུགས་ཀྱི་གོ་གནས་དངོས་སུ་གཏན་འཁེལ་མཛད་པ་བརྒྱུད། ཏཱ་ལ་དང་པཎ་ཆེན་སྐུ་ཕྲེང་རིམ་བྱོན་ལ་ཀྲུང་དབྱང་སྲིད་གཞུང་གིས་ཆོ་ལོ་སྩོལ་བ་རིམ་བཞིན་ངེས་སྲོལ་དུ་གྱུར། བོད་སྡོད་ཨམ་བན་བཙུགས་ནས་ཀྲུང་དབྱང་གི་ཚབ་བྱས་ཏེ། བོད་ཀྱི་དམག་སྲིད་ལས་དོན་ལ་སྔ་རྗེས་སུ་ལྟ་སྐུལ་དང་ཐུན་མོང་ཐོག་བདག་སྐྱོང་བྱས་པ་དང་ཁྱོན་བསྡོམས་བོད་སྡོད་ཨམ་བན་བརྒྱ་ལྷག་ཙམ་མངགས། 1751ལོར་གོང་མ་ཆན་ལུང་གིས་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པར་བོད་སྡོད་ཨམ་བན་དང་ཐུན་མོང་དུ་བོད་ས་གནས་ཀྱི་ཆོས་སྲིད་ལས་དོན་ལ་བདག་སྐྱོང་བྱེད་དགོས་པའི་བཀའ་ཕབ། 1793ལོར་ཆིང་རྒྱལ་རབས་སྲིད་གཞུང་གིས་གོར་ཥའི་བཙན་འཛུལ་ཕྱོགས་གཏོགས་མཐར་སྐྲོད་བཏང་རྗེས་བོད་ས་གནས་ཀྱི་སྒྲིག་ལམ་བཅོས་སྒྲིག་བྱས་ཏེ། 《བོད་ཀྱི་ལུགས་སྲོལ་གསར་འཛུགས་སྐོར་གྱི་རྩ་ཚིག་དོན་ཚན་ཉེར་དགུ》ཁྱབ་བསྒྲགས་བྱས་པ་དང་། ཀྲུང་དབྱང་སྲིད་གཞུང་གིས་བོད་ས་གནས་བཅོས་སྐྱོང་བྱེད་པའི་ལམ་ལུགས་མང་པོ་འཐུས་སྒོ་ཚང་དུ་བཏང་བ། ཏཱ་ལ་སོགས་བླ་སྤྲུལ་ཆེ་ཁག་གི་ཡང་སྲིད་ངོས་འཛིན་ཞུ་བར། ངེས་པར་དུ་གསེར་བུམ་དཀྲུགས་ནས་ངོས་འཛིན་ཞུ་དགོས་པ་མ་ཟད། ཀྲུང་དབྱང་སྲིད་གཞུང་ལ་ཆོག་མཆན་ཡང་ཞུ་དགོས་པའི་གཏན་འབེབས་ཁ་གསལ་བྱས། དེ་རྗེས་ཆིང་རྒྱལ་རབས་དུས་ཀྱི་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔའི་ཁྲོད་ནས་གསུམ་གསེར་བུམ་དཀྲུགས་ནས་ངོས་འཛིན་ཞུས་པ་དང་དེ་བྱིངས་སྐུ་ཕྲེང་གཉིས་ཀྲུང་དབྱང་སྲིད་གཞུང་ནས་གསེར་བུམ་དཀྲུགས་མི་དགོས་པའི་དམིགས་བསལ་གྱི་ཆོག་མཆན་གནང་།

    ཆིང་རྒྱལ་རབས་རྩ་མེད་དུ་སོང་རྗེས། ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱིས་མུ་མཐུད་བོད་ཀྱི་བདག་དབང་ལ་བདག་སྐྱོང་བྱས་ཤིང་། 1912ལོར་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་པོ་སྟེ《ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་གནས་སྐབས་རྩ་ཁྲིམས》ནང་ཀྲུང་དབྱང་གིས་བོད་ལ་འཛིན་པའི་བདག་དབང་གཏན་འབེབས་ཁ་གསལ་བྱས་པ་དང་། “བོད་ནི་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་མངའ་ཁོངས་ས་ཆའི་ཆ་ཤས་ཤིག་ཡིན”ཞེས་ཁྱབ་བསྒྲགས་བྱས་པ། “རྒྱ་རིགས་དང་། མན་ཇུ་རིགས། སོག་རིགས། ཧུད་རིགས། བོད་རིགས་བཅས་མི་གཅིག་ལྟར་ཡིན་པས་རིགས་ལྔ་སྤྱི་མཐུན་བྱེད་དགོས”ཞེས་བཏོན་ཡོད། ལོ་དེའི་ཟླ་7པར་མི་སེར་རྒྱལ་ཁབ་སྲིད་གཞུང་གིས་སོག་བོད་ལས་དོན་ཅུས་བཙུགས། 1929ལོར་ནན་ཅིན་གོ་མིན་སྲིད་གཞུང་གིས་སོག་བོད་ཨུ་ཡོན་ལྷན་ཁང་བཙུགས་ནས་སོག་བོད་ལས་དོན་བདག་སྐྱོང་བྱས། 1940ལོར་གོ་མིན་སྲིད་གཞུང་གིས་ལྷ་སར་སོག་བོད་ཨུ་ཡོན་ལྷན་ཁང་གི་བོད་སྡོད་དོན་གཅོད་ཁང་བཙུགས་ནས་ཀྲུང་དབྱང་སྲིད་གཞུང་གིས་བོད་ས་གནས་སུ་རྒྱུན་གནས་ལས་ཁུངས་བྱས། མི་སེར་རྒྱལ་ཁབ་དུས་སྐབས་སུ་གཞུང་ཕྱོགས་དང་དམངས་ཁྲོད་ཀྱི་དཔེ་སྐྲུན་སྒྲིག་གཞིས་དཔེ་སྐྲུན་བྱས་པའི་འཛམ་གླིང་གི་ས་བཀྲ་དང་ཀྲུང་གོའི་ས་བཀྲ་ཚང་མའི་ནང་བོད་འདི་ཉིད་ཀྲུང་གོའི་མངའ་ཁོངས་སུ་བཅུག་ཡོད། མི་སེར་རྒྱལ་ཁབ་དུས་སྐབས་སུ་དམག་ཤེད་ཅན་དབར་འཐབ་རེས་བྱས་པ་དང་ནང་འཁྲུག་ཡང་ཡང་བརྒྱབ་པས་རྒྱལ་ཁབ་སྟོབས་ཞན་དུ་སོང་མོད། འོན་ཀྱང་ཀྲུང་དབྱང་སྲིད་གཞུང་གིས་བོད་དུ་འཛིན་པའི་རྒྱལ་ཁབ་ཀྱི་བདག་དབང་སྔར་བཞིན་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱས། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་པཎ་ཆེན་སྐུ་ཕྲེང་བཅུ་པས་ཀྲུང་དབྱང་སྲིད་གཞུང་གི་ཆོ་ལོ་མུ་མཐུད་བཞེས། རྒྱལ་སྤྱིའི་ཐོག“བོད་རང་བཙན”ཁས་ལེན་མཁན་རྒྱལ་ཁབ་དང་སྲིད་གཞུང་གཅིག་ཀྱང་བྱུང་མེད།

    —— “བོད་རང་བཙན”ཟེར་བའི་གནད་དོན་ནི་ཉེ་རབས་བཙན་རྒྱལ་རིང་ལུགས་ཀྱིས་ཀྲུང་གོར་བཙན་འཛུལ་བྱས་པ་ལས་བྱུང་བ་ཞིག་ཡིན་པ།

    དུས་རབས་18པ་ནས་བཟུང་ནུབ་ཕྱོགས་ཕྱོགས་གཏོགས་ཁག་གཅིག་གིས“མྱུལ་དཔྱད”དང“རྟོག་ཞིབ”སོགས་ཀྱི་བྱ་ཐབས་བརྒྱུད་རང་རྒྱལ་གྱི་བོད་ལྗོངས་ལ་ཧམ་སེམས་བཅངས། དུས་རབས་19པའི་དུས་མཇུག་ཏུ་བཙན་རྒྱལ་རིང་ལུགས་ཀྱིས་ཀྲུང་གོ་དུམ་བུར་བགོ་བའི་ཚ་རླབས་ཤིག་བསླངས། དབྱིན་ཇིའི་བཙན་འཛུལ་སྟོབས་ཤུགས་ཀྱིས་གོ་སྐབས་དེ་དང་བསྟུན་ནས་བོད་ལྗོངས་ལ་འོས་མེད་ཐེ་ཇུས་བྱས། ཉལ་ཐའི་དམག་འཁྲུག་གི་རྗེས་སུ་དབྱིན་ཇིས་དབྱིན་ཇིའི་ཁོངས་སུ་གཏོགས་པའི་རྒྱ་གར་ནས་བོད་ལྗོངས་ལ་བཙན་འཛུལ་བྱེད་ཤུགས་ཆེ་རུ་བཏང་ཞིང་། 1888ལོ་དང་1903ལོར་དྲག་པོའི་བཙན་འཛུལ་སྔ་རྗེས་སུ་ཐེངས་གཉིས་བྱས་པར་ས་གནས་དེ་གའི་དམག་དམངས་ཀྱིས་འགོག་རྒོལ་མཐའ་གཅིག་ཏུ་བྱས། དྲག་པོའི་བཙན་འཛུལ་བྱས་ཀྱང་དམིགས་ཡུལ་མ་འགྲུབ་པའི་རྗེས་སུ་བོད་དུ་བཙན་རྒྱལ་རིང་ལུགས་དགའ་ཉེར་བསྟེན་མཁན་ཁ་ཕྲལ་ཕྱོགས་གཏོགས་གསོ་སྐྱོང་བྱས་ཏེ། “བོད་རང་བཙན”ངན་འགོད་དང་ངན་སྐུལ་བྱས། 1907ལོར་དབྱིན་ཇི་དང་ཨུ་རུ་སུས་གསང་བའི་ངང《བོད་ལྗོངས་ཆོད་ཡིག》བཞག་པ་དང་། ཀྲུང་གོ་སྲིད་གཞུང་གིས་མི་ཤེས་པའི་གནས་ཚུལ་འོག རྒྱལ་སྤྱིའི་ཡིག་ཆའི་ནང་ཀྲུང་གོས་བོད་ས་གནས་ལ་འཛིན་པའི་བདག་དབང་དེ“བདག་པོའི་དབང་ཆར”གཡོ་བཅོས་ཐེངས་དང་པོ་བྱས། 1913ལོར་དབྱིན་ཇིས་སིམ་ལའི་གྲོས་ཚོགས་འཚོགས་ནས་བོད་ས་གནས་ཀྱི་འཐུས་མིར“བོད་རང་བཙན”ཟེར་བའི་ཁུངས་ལུང་མེད་པའི་རེ་བ་ཐོག་མར་འདོན་རྒྱུའི་ངན་སྐུལ་བྱས་པར་ཀྲུང་གོ་སྲིད་གཞུང་གི་འཐུས་མིས་ཚིག་ནན་པོ་བཤད་དེ་ཁས་མ་བླངས། དེ་ནི“བོད་རང་བཙན”ཟེར་བའི་ཐ་སྙད་ཐོག་མར་བྱུང་བ་ཞིག་རེད། 1914ལོའི་ཟླ་7པར་ཀྲུང་གོ་སྲིད་གཞུང་གི་སྐུ་ཚབ་ཀྱིས《སིམ་ལའི་ཆིངས་ཡིག》ཐོག་མིང་རྟགས་འགོད་རྒྱུ་ཁས་མ་བླངས་པ་མ་ཟད། ཆིངས་ཡིག་གམ་ཡང་ན་ཡིག་ཆ་དེ་རིགས་ཚང་མ་ཁས་ལེན་མི་བྱེད་རྒྱུའི་གསལ་བསྒྲགས་ཀྱང་སྤེལ། དུས་མཚུངས་སུ་ལངས་ཕྱོགས་དེ་དབྱིན་ཇི་སྲིད་གཞུང་ལ་འཕྲིན་ཡིག་བསྐུར་ནས་བཤད། སིམ་ལའི་གྲོས་ཚོགས་ཕམ་ཉེས་ངང་མཇུག་འགྲིལ།

    1942ལོར་དབྱིན་ཇིའི་སྐུ་ཚབ་ཀྱི་རྒྱབ་སྐྱོར་འོག་བོད་ས་གནས་སྲིད་གཞུང་གིས་གློ་བུར་དུ“ཕྱི་འབྲེལ་ལས་ཁུངས”འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་ཏེ། མངོན་སུམ་འཛེམ་མེད་ངང“བོད་རང་བཙན”གྱི་བྱེད་སྤྱོད་སྤེལ་བར་རྒྱལ་ཡོངས་མི་དམངས་དང་གོ་མིན་སྲིད་གཞུང་གིས་ངོ་རྒོལ་བྱས་པས་ཐོག་མའི་གྲོས་མོལ་ལ་འགྱུར་ལྡོག་མི་གཏོང་ཀ་མེད་བྱུང་། 1947ལོར་དབྱིན་ཇིས་ལྐོག་ཇུས་བཤམས་ནས་བོད་ཀྱི་འཐུས་མི་གདན་དྲངས་ཏེ“ཨེ་ཤེ་ཡའི་ཚོགས་འདུ་རྒྱས་འཛོམས”ལ་ཞུགས་སུ་བཅུག ཚོགས་རར་བཀལ་བའི་ཨེ་ཤེ་ཡའི་ས་བཀྲ་དང་རྒྱལ་ཁབ་མང་པོའི་དར་ཆའི་ཁྲོད་བོད་འདི་ཉིད་རང་བཙན་རྒྱལ་ཁབ་ཅིག་ཡིན་པའི་ལྟ་སྟངས་འཛིན་པར་ཀྲུང་གོའི་སྐུ་ཚབ་ཚོགས་པས་དྲང་ནན་གྱི་སྒོ་ནས་སྐད་ཆ་ཤོད་རེས་བྱས་པ་བརྒྱུད། ཚོགས་འདུ་སྒྲིག་འཛུགས་ཕྱོགས་ཀྱིས་ནོར་འཁྲུལ་གྱི་བྱེད་སྟངས་འདི་ཡོ་བསྲང་མི་བྱེད་ཀ་མེད་བྱུང་ཡོད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་སྔ་རྗེས་སུ་བཙན་རྒྱལ་རིང་ལུགས་ཀྱིས་བཙན་རྒྱལ་རིང་ལུགས་དགའ་ཉེར་བསྟེན་མཁན་བོད་ཀྱི་ཁ་ཕྲལ་ཕྱོགས་གཏོགས་དང་ངན་འབྲེལ་བྱེད་ཟབ་ཏུ་བཏང་། 1949ལོའི་ཟླ་7ཚེས་8ཉིན་བོད་ས་གནས་སྲིད་གཞུང་གིས“གུང་ཁྲན་ཏང་བོད་དུ་གཡོ་འཛུལ་བྱེད་པར་བཀག་འགོག་བྱེད”ཅེས་པར་ཁ་གཡར་ནས་བོད་སྡོད་གོ་མིན་སྲིད་གཞུང་དོན་གཅོད་ཁང་གི་མི་སྣ་དང་དེ་བཞིན་འབྲེལ་ཡོད་མི་སྣ་བོད་ནས་མཐར་སྐྲོད་བཏང་སྟེ་ལྷ་སའི“བདུན·བརྒྱད”དོན་རྐྱེན་བཟོས་ཡོད། 1949ལོའི་ཟླ་11པར་བོད་ས་གནས་སྲིད་གཞུང་གིས“མཛའ་མཐུན་ཚོགས་པ”ཟེར་བ་ཨ་རི་དང་། དབྱིན་ཇི། རྒྱ་གར། ནེ་པ་ལ་སོགས་རྒྱལ་ཁབ་ཏུ“བོད་རང་བཙན”ལ་ཆབ་སྲིད་རོགས་སྐྱོར་དང་དམག་དོན་རོགས་སྐྱོར་ཐོབ་ཐབས་བྱེད་པར་མངགས་ཏེ། རྒྱལ་ཁབ་ཁ་ཕྲལ་དུ་གཏོང་བའི་བྱེད་སྤྱོད་ཛ་དྲག་ཏུ་བཏང་ཡོད། 1949ལོར་ཨ་རི་བ་ལོ་ཝེར·ཐོ་མ་སི(Lowell Thomas)ཡིས་ཁོ་ལོམ་པི་ཡ་རླུང་འཕྲིན་ཀུང་སིའི“སྐུད་མེད་རླུང་འཕྲིན་གྱི་དཔྱད་གཏམ་པའི”མིང་ཐོག་ནས“ཝ་ཧྲིང་ཐོན་གྱིས་བོད་ལྗོངས་ལ་རོགས་སྐྱོར་བྱེད་སྲིད”ཅེས་བཤད་པ་མ་ཟད། ཨ་རིའི་ཚགས་པར་དང་དུས་དེབ་ཐོག“ཨ་རིས་བོད་འདི་ཉིད་རང་བཙན་རྒྱལ་ཁབ་ཡིན་པའི་ཁས་ལེན་བྱ་རྩིས་ཡོད་པའི”ཁྱབ་བསྒྲགས་ཀྱང་བྱས། 1950ལོའི་ལོ་སྟོད་དུ་ཨ་རིའི་མེ་མདའ་དང་མདེའུ་ཁག་གཅིག་ཅར་ཁེ་ཏ་བརྒྱུད་བོད་དུ་དབོར་ནས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བོད་དུ་ཡོང་རྒྱུར་འགོག་རྒོལ་བྱེད་པར་སྤྱད།

    ལོ་རྒྱུས་ཀྱི་དོན་དངོས་ལས“བོད་རང་བཙན”ཟེར་བའི་གནད་དོན་ནི་བཙན་རྒྱལ་རིང་ལུགས་ཀྱིས་ཀྲུང་གོར་བཙན་འཛུལ་བྱས་པ་ལས་བྱུང་བ་ཞིག་ཡིན་པ་དང་། བཙན་རྒྱལ་རིང་ལུགས་ཀྱི་ཕྱོགས་གཏོགས་བོད་ནས་མཐར་སྐྲོད་གཏོང་རྒྱུ་ནི་ཀྲུང་གོའི་མི་དམངས་ཀྱིས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན་པ་ར་འཕྲོད་གསལ་པོ་བྱས།

    —— བོད་ལ་བཅིངས་འགྲོལ་གཏོང་རྒྱུ་ནི་མི་རིགས་ཁག་གི་མི་དམངས་ཀྱི་རེ་སྒུག་ཆེན་པོ་ཞིག་ཡིན་པ།

    1949ལོའི་ཟླ་9ཚེས་2ཉིན། ཀྲུང་གོ་གུང་ཁྲན་ཏང་གིས་ཤིན་ཧྭ་གསར་འགྱུར་ཁང་ལ་དབང་ཆ་སྤྲད་དེ་འགོ་བརྗོད་དུ《ཕྱི་རྒྱལ་བཙན་འཛུལ་པས་ཀྲུང་གོའི་མངའ་ཁོངས——བོད་ལྗོངས་ལ་བཙན་འཛུལ་་གཏན་ནས་བྱེད་མི་ཆོག》ཅེས་འཁོད་པའི་ཆེད་བརྗོད་སྤེལ་ནས“བོད་ནི་ཀྲུང་གོའི་མངའ་ཁོངས་ཡིན་པས་ཕྱིའི་རྒྱལ་ཁབ་གང་རུང་ཞིག་གིས་བཙན་འཛུལ་གཏན་ནས་བྱེད་མི་ཆོག་པ་དང་། བོད་ཀྱི་མི་དམངས་ནི་ཀྲུང་གོའི་མི་དམངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པས་ཕྱིའི་རྒྱལ་ཁབ་གང་རུང་ཞིག་གིས་ཁ་ཕྲལ་དུ་གཏོང་མི་ཆོག འདི་ནི་ཀྲུང་གོའི་མི་དམངས་དང་། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཅས་ཀྱི་བློ་བརྟན་འགྱུར་མེད་ཀྱི་མཛད་ཕྱོགས་ཤིག་ཡིན”ཞེས་བསྟན་ཡོད། ཆེད་བརྗོད་སྤེལ་རྗེས་བོད་ཀྱི་ལས་རིགས་ཁག་གིས་གཅིག་རྗེས་གཉིས་མཐུད་ངང་དང་ལེན་དང་བརྩི་བཀུར་ཞུས་ནས་བཅིངས་འགྲོལ་དམག་སྔ་ཙམ་བོད་དུ་ཡོང་རྒྱུའི་རེ་སྒུག་བྱས། ཀྲུང་གོ་གསར་པ་དབུ་བརྙེས་པའི་ཉིན་དེ་རང་ལ་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་ཀྲུང་དབྱང་སྲིད་གཞུང་ལ“འཕྲལ་མར་དྲང་བདེན་གྱི་དམག་དཔུང་བཏང་ནས་བོད་ལ་བཅིངས་འགྲོལ་གཏོང་རྒྱུ་དང་བཙན་རྒྱལ་རིང་ལུགས་ཀྱི་ཕྱོགས་གཏོགས་མཐར་སྐྲོད་གཏོང་རོགས”ཞེས་པའི་ཏར་བཏང་གནང་། ཟླ་12ཚེས་2ཉིན་དེ་སྔའི་བོད་ས་གནས་སྲིད་གཞུང་གི་རྒྱལ་ཚབ་རྭ་སྒྲེང་སྤྲུལ་སྐུ་སྐུ་ཕྲེང་ལྔ་པའི་སྐུ་བཅར་མཁན་པོ་ཡེ་ཤེས་ཚུལ་ཁྲིམས་ཟི་ལིང་དུ་བསྐྱོད་དེ་མི་དམངས་བཅིངས་འགྲོལ་དམག་ལ་བཙན་རྒྱལ་རིང་ལུགས་ཀྱིས་དབྱེན་སྦྱོར་དཀྲུག་ཤིང་བརྒྱབ་ནས་བོད་ནང་ཁུལ་གྱི་མཐུན་སྒྲིལ་གཏོར་བཤིག་བཏང་བའི་ནག་ཉེས་ཐེར་འདོན་བྱས་ཏེ་མགྱོགས་མྱུར་བོད་ལྗོངས་བཅིངས་འགྲོལ་གཏོང་རོགས་ཞུས། སྐབས་དེ་དུས་བོད་དུ་སྙན་གྲགས་ཆེན་པོ་ལྡན་པའི་བོད་རིགས་མཁས་དབང་ཤེས་རབ་རྒྱ་མཚོས་ཀྱང་ཤིས་ཨན་དུ་གཏམ་བཤད་སྤེལ་ནས་བཙན་རྒྱལ་རིང་ལུགས་ཀྱིས་ལྷ་སར“བོད་རང་བཙན”གྱི་ལྐོག་གཡོ་བཤམས་པར་རྒོལ་གཏམ་བཏང་། 1950ལོའི་ལོ་འགོར་བོད་རིགས་ཀྱི་ཞིང་འབྲོག་པ་དང་། གཞོན་ནུ། བུད་མེད། དམངས་གཙོའི་མི་སྣ་བཅས་ཀྱི་འཐུས་མི་བརྒྱ་ལྷག་ཙམ་བཅིངས་འགྲོལ་བཏང་མ་ཐག་པའི་ལན་ཀྲོའུ་རུ་འདུ་འཛོམས་བྱས་ནས་བོད་ལ་བཅིངས་འགྲོལ་གཏོང་རྒྱུའི་རེ་བ་བཏོན།

    ཀྲུའུ་ཞི་མའོ་ཙེ་ཏུང་དང་སྤྱི་ཁྱབ་སི་ལིང་ཀྲུའུ་ཏེ་རྣམ་གཉིས་ཀྱིས་པཎ་ཆེན་སྐུ་ཕྲེང་བཅུ་པར་བཏང་བའི་ཏར་ལན་ནང“བོད་མི་དམངས་ནི་མེས་རྒྱལ་ལ་དགའ་ཞེན་ཆེ་བ་དང་ཕྱི་རྒྱལ་གྱི་བཙན་འཛུལ་ལ་ངོ་རྒོལ་བྱེད་མཁན་ཤ་སྟག་རེད་འདུག ཁོང་ཚོ་གོ་མིན་ཏང་ལོག་སྤྱོད་སྲིད་གཞུང་གི་སྲིད་ཇུས་ལ་ཡིད་མ་འཐད་པར། གཅིག་གྱུར་དང་འབྱོར་ཕྱུག་ཆེ་ལ་མི་རིགས་ཁག་འདྲ་མཉམ་མཉམ་ལས་ཀྱི་ཀྲུང་གོ་གསར་པའི་ཁྱིམ་ཚང་ཆེ་མོའི་གྲས་ཤིག་ཏུ་འགྱུར་འདོད་ཆེན་པོ་བྱེད་ཀྱི་འདུག ཀྲུང་དབྱང་མི་དམངས་སྲིད་གཞུང་དང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་བོད་མི་དམངས་ཀྱི་རེ་བ་འདི་སྐོང་ཐུབ་ངེས་རེད”ཅེས་འཁོད་ཡོད། ཀྲུང་དབྱང་མི་དམངས་སྲིད་གཞུང་གི་མཁས་མཛངས་ལྡན་པའི་ཐབས་ཇུས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་རེ་སྒུག་འོག་བོད་བཅིངས་འགྲོལ་གཏོང་བའི་རླབས་ཆེན་བྱ་གཞག་དངོས་སུ་འགོ་ཚུགས།

    གཉིས། ཞི་བས་བཅིངས་འགྲོལ་བཏང་བ།

    རྒྱལ་སྤྱིའི་དུས་བབ་ཀྱི་རྙོག་འཛིང་ཆེ་བའི་འགྱུར་ལྡོག་དང་བོད་ས་གནས་ཀྱི་ཛ་དྲག་པའི་དུས་བབ་ལ་ཁ་གཏད་གཅོག་པ་དང་བོད་མི་དམངས་ཀྱི་སྔ་ཙམ་བཅིངས་འགྲོལ་གཏོང་བའི་རེ་བ་སྐོང་ཆེད། 1949ལོའི་ཟླ་12པར་ཀྲུའུ་ཞི་མའོ་ཙེ་ཏུང་སུའུ་ལན་དུ་འཚམས་འདྲིར་ཕེབས་ནས་མན་ཀྲོའུ་ལིར་འབྱོར་སྐབས། ཀྲུང་གུང་ཀྲུང་དབྱང་ལ་ཕྱག་ཡིག་སྤྲིངས་ནས“བོད་དུ་དཔུང་སྐྱོད་སྔ་ཙམ་བྱེད་པ་ལས་ཕྱི་དྲགས་རྒྱུ་མེད་པའི”འཐབ་ཇུས་བཀོད་སྒྲིག་གནང་།

    —— ཆབ་མདོའི་གཡུལ་འགྱེད་ལ་རྒྱལ་ཁ་ཐོབ་ནས་བོད་ཞི་བས་བཅིངས་འགྲོལ་གཏོང་རྒྱུར་མཐུན་རྐྱེན་བསྐྲུན་པ།

    བོད་དུ་སྐྱོད་པའི་འགྲིམ་འགྲུལ་གནས་ཚུལ་དང་བོད་ཀྱི་མི་རིགས་དང་ཆོས་ལུགས་ཀྱི་ཁྱད་ཆོས་གཞིར་བཟུང་། ཀྲུའུ་ཞི་མའོ་ཙེ་ཏུང་གིས“ཆབ་སྲིད་ཐོག་ནས་ཐག་གཅོད་བྱ་རྒྱུ་སྔོན་ལ་ལག་ལེན་བསྟར་བ”དང་བོད་བཅིངས་འགྲོལ་གཏོང་བར“འཚབ་འཚུབ་ཆེ་དྲགས་རྒྱུ་མེད་པའི”གཞི་རྩའི་མཛད་ཕྱོགས་བཏོན་གནང་། དེ་རྗེས་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་ཆབ་སྲིད་བརྩོན་ལེན་གྱི་ལས་དོན་འབོར་ཆེན་སྒྲིག་འཛུགས་བྱས་ཏེ། སྔ་རྗེས་སུ་འཐུས་མི་ཚོགས་པའམ་ཡང་ན་འཐུས་མི་ཐེངས་མང་བོད་ལ་ཞི་འདུམ་བྱེད་པར་མངགས། པེ་ཕིང་དང་། སུའེ་ཡོན། ཤིན་ཅང་སོགས་ལ་བཅིངས་འགྲོལ་བཏང་བ་ལྟར་བོད་ཞི་བས་བཅིངས་འགྲོལ་གཏོང་ཐུབ་པའི་བརྩོན་ལེན་བྱས། 1950ལོའི་ཟླ་2པར་ནུབ་བྱང་ཅུས་ཀྱིས་བོད་རིགས་ལས་བྱེད་པ་ཀྲང་ཅིང་ཁྲེང་ལ་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་ལེའོ་ཧན་ཁྲེང་གིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་རྒྱལ་ཚབ་སྟག་བྲག་ངག་དབང་གསུང་རབ་ལ་བཏང་བའི་ཡི་གེ་སོགས་བསྐུར་ནས་བོད་དུ་འབྲེལ་གཏུག་དང་ཞི་འདུམ་བྱེད་པར་མངགས། ཟླ་3པར་ཀྲུང་གུང་ཀྲུང་དབྱང་གིས་ཆོག་མཆན་སྤྲད་པ་དང་ལྷོ་ནུབ་ཅུས་ཀྱི་སྒྲིག་འཛུགས་འོག བོད་ཀྱི་ཆོས་སྲིད་ལས་རིགས་དང་འབྲེལ་བ་ཟབ་མོ་ཡོད་པའི་རྒྱ་རིགས་བླ་མ་སྐྱེས་ཆེན་ཆོས་དཔོན་ཀྲི་ཆིང་ཁྲེང་ཏུའུ་ནས་བོད་དུ་ཕེབས་འགོ་ཚུགས། ཟླ་7པར་སྐུ་འབུམ་བྱམས་པ་གླིང་དགོན་གྱི་སྟག་འཚེར་སྤྲུལ་སྐུས་ཚོགས་གཙོ་གནང་བའི་མཚོ་སྔོན་དགོན་སྡེའི་བོད་སྐྱོད་ཞི་འདུམ་ཚོགས་པ་ཟི་ལིང་ནས་ཐོན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་དང་བོད་རིགས་མཁས་དབང་གྲགས་ཅན་ཤེས་རབ་རྒྱ་མཚོས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་བོད་རིགས་སྤུན་ཟླར་རླུང་འཕྲིན་གཏམ་བཤད་སྤེལ་ནས། བོད་ས་གནས་སྲིད་གཞུང་ལ“དབང་ཆ་ཆ་ཚང་ཡོད་པའི་འཐུས་མི་ཞིག་འཕྲལ་མར་པེ་ཅིང་དུ་ཞི་བའི་གྲོས་མོལ་བྱེད་པར་གཏོང་རྒྱུའི”འབོད་སྐུལ་བྱས། ཟླ་འདིར་ཤིའི་ཁམས་ཞིང་ཆེན་དཀར་མཛེས་བེ་རི་དགོན་གྱི་དགེ་སྟག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པ་དང་བཅས་པ་བོད་དུ་ཕེབས།

    འོན་ཀྱང་། ཞི་འདུམ་དང་གྲོས་སྐུལ་བྱེད་སྒོ་རབ་དང་རིམ་པ་སྤེལ་ཡང་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་ཕྱོགས་གཏོགས་དང་བཙན་རྒྱལ་རིང་ལུགས་དགའ་ཉེར་བསྟེན་མཁན་བོད་ཀྱི་ཁ་ཕྲལ་ཕྱོགས་གཏོགས་ཀྱི་བཀག་འགོག་ཡང་ཡང་ཕོག དེ་དང་ཆབས་ཅིག་བོད་ཀྱི་མཐོ་རིམ་ཁ་ཕྲལ་ཤོག་ཁག་གིས་ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་རྒྱབ་འགལ་བྱས་ཏེ། ས་གནས་ཀྱི་དཔལ་འབྱོར་ཉམས་དམས་སུ་གྱུར་པར་མི་བལྟོས་པར་གོ་མཚོན་མང་པོ་ཉོས་པ་དང་བོད་དམག་བཀོད་གཏོང་གིས་དྲག་ཤུགས་ལ་བརྟེན་ནས་མི་དམངས་བཅིངས་འགྲོལ་དམག་ལ་འགོག་རྒོལ་བྱ་རྒྱུའི་རེ་ངན་བཅངས་པ་མ་ཟད། ད་དུང་བཙན་རྒྱལ་རིང་ལུགས་ཀྱི་ཕྱོགས་གཏོགས་དང་ངན་པ་ལག་སྦྲེལ་བྱས་ཏེ་རླུང་འཕྲིན་བརྒྱུད་ནས་དཀྲོག་གཏམ་ཁྱབ་སྤེལ་བཏང་བ་དང་། རྐང་བཙུགས་ནས་མི་རིགས་དབར་འགལ་ཟླ་བཟོས་པ། “མཛའ་མཐུན་ཚོགས་པ”ཟེར་བ་མངགས་ནས“བོད་རང་བཙན”ལ་རྒྱལ་ཁབ་ཁག་གཅིག་གི་རྒྱབ་སྐྱོར་ཐོབ་ཐབས་བྱས།

    གནས་ཚུལ་དེ་ལྟ་བུའི་འོག་ཀྲུང་གུང་ཀྲུང་དབྱང་དང་ཀྲུའུ་ཞི་མའོ་ཙེ་ཏུང་གིས་བོད་བཅིངས་འགྲོལ་གཏོང་རྒྱུ་ཁ་ཚ་དགོས་གཏུགས་ཡིན་པ་གསལ་པོ་མཁྱེན། ལྷོ་ནུབ་ཅུས་དང་ནུབ་བྱང་ཅུས་ཀྱིས་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་འོག བོད་ལ་དཔུང་སྐྱོད་བྱེད་པའི་གྲ་སྒྲིག་འཕྲལ་མར་བྱས། བོད་སྐྱོད་དཔུང་སྡེས“ཆབ་སྲིད་ནི་དམག་དོན་ལས་གལ་ཆེ་བ་དང་མཁོ་སྤྲོད་ནི་དམག་འཐབ་ལས་གལ་ཆེ་བའི”རྩ་དོན་དང་ཀྲུང་དབྱང་གི“ཕྱོགས་མང་ནས་ལྟེ་བར་དཔུང་སྐྱོད་བྱེད་པའི”བཀོད་སྒྲིག་ལྟར། དམག་སྡེ་བཅོ་བརྒྱད་པས་གཙོ་ཤུགས་བྱས་པའི་མི་དམངས་བཅིངས་འགྲོལ་དམག་ཁག་བཞི་ལ་བགོས་ནས་བོད་ལ་དཔུང་སྐྱོད་བྱས། 1950ལོའི་ཟླ་10པར་ཆབ་མདོའི་གཡུལ་འགྱེད་ལ་རྒྱལ་ཁ་ཐོབ། ཆབ་མདོ་བཅིངས་འགྲོལ་བཏང་རྗེས། ཆབ་མདོ་ས་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་དང་པོ་འཚོགས་ཏེ་ཆབ་མདོ་ས་ཁུལ་མི་དམངས་བཅིངས་འགྲོལ་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་། ཆབ་མདོ་ས་ཁུལ་གྱི་སེར་སྐྱ་མི་དམངས་ཀྱིས་བོད་ཞི་བའི་བཅིངས་འགྲོལ་བརྩོན་ལེན་གྱི་ལས་དོན་ཨུ་ཡོན་ལྷན་ཁང་དབུ་བརྙེས་པ་དང་། ཆབ་མདོའི་གཡུལ་འགྱེད་ལ་རྒྱལ་ཁ་ཐོབ་པ་དེས་བོད་ཞི་བས་བཅིངས་འགྲོལ་གཏོང་བར་མཐུན་རྐྱེན་བསྐྲུན། ཀྲུང་དབྱང་མི་དམངས་སྲིད་གཞུང་དང་ཀྲུའུ་ཞི་མའོ་ཙེ་ཏུང་གིས་བོད་ཞི་བས་བཅིངས་འགྲོལ་གཏོང་རྒྱུར་སྔ་ཕྱི་བར་གསུམ་དུ་འབད་བརྩོན་ལྷོད་མེད་གནང་ཞིང་། ཆབ་མདོའི་གཡུལ་འགྱེད་ཁྲོད་དུའང་བོད་ས་གནས་སྲིད་གཞུང་ལ་གང་མགྱོགས་པེ་ཅིང་དུ་མི་སྣ་མངགས་རྒྱུའི་ལྕག་སྐུལ་གནང་།

    —— 《གྲོས་མཐུན་དོན་ཚན་བཅུ་བདུན》བཞག་ནས་བོད་ཞི་བས་བཅིངས་འགྲོལ་བཏང་བ།

    ཆབ་མདོའི་གཡུལ་འགྱེད་ལ་རྒྱལ་ཁ་ཐོབ་པ་ལས་བོད་ས་གནས་སྲིད་གཞུང་གི་རྒྱལ་གཅེས་ཡར་ཐོན་སྟོབས་ཤུགས་སྔར་བས་ཆེ་རུ་ཕྱིན་ནས། བོད་ས་གནས་ཀྱི་ཆབ་སྲིད་ཀྱི་གནས་བབ་ཞི་བས་བཅིངས་འགྲོལ་གཏོང་བར་ཕན་པའི་ཕྱོགས་སུ་འཕེལ་རྒྱས་ཕྱིན། 1951ལོའི་ཟླ་2པར། བོད་ས་གནས་སྲིད་གཞུང་གི“དཔོན་རིགས་གྲོས་ཚོགས”ཐོག་དངོས་སུ་པེ་ཅིང་དུ་འཐུས་མི་མངགས་ནས་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་ཞི་བའི་གྲོས་མོལ་བྱ་རྒྱུའི་ཐག་བཅད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཀྲུང་དབྱང་མི་དམངས་སྲིད་གཞུང་ལ་སྤྲིངས་པའི་འཕྲིན་ཡིག་ནང་ཞི་བའི་གྲོས་མོལ་བྱ་རྒྱུའི་བསམ་འདུན་མཚོན་པར་བྱས། ཟླ་4ཚེས་29ཉིན། བོད་ཞི་བས་བཅིངས་འགྲོལ་གཏོང་རྒྱུའི་སྐོར་གྱི་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་དབར་ཞི་བའི་གྲོས་མོལ་དངོས་སུ་བྱེད་འགོ་ཚུགས། ཕྱོགས་གཉིས་པོས་གྲོས་མོལ་ནན་ཏན་དང་གྲོས་བསྡུར་གང་ལེགས་བྱས་མཐར། བོད་ཞི་བས་བཅིངས་འགྲོལ་གཏོང་རྒྱུའི་གནད་དོན་རབ་དང་རིམ་པའི་ཐད་གྲོས་མཐུན་བྱུང་སྟེ། ཟླ་5ཚེས་23ཉིན་པེ་ཅིང་དུ《ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་དབར་བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན》(བསྡུས་མིང་ལ《གྲོས་མཐུན་དོན་ཚན་བཅུ་བདུན》ཟེར)བཞག་ནས། བོད་ཞི་བས་བཅིངས་འགྲོལ་བཏང་བ་ཁྱབ་བསྒྲགས་བྱས།

    《གྲོས་མཐུན་དོན་ཚན་བཅུ་བདུན》ནང་། “བོད་ཀྱི་མི་དམངས་མཐུན་སྒྲིལ་བྱས་ནས་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་སྟོབས་ཤུགས་བོད་ནས་མཐར་སྐྲོད་བཏང་སྟེ། བོད་མི་དམངས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་པང་དུ་ལོག་རྒྱུ”དང་། “མི་དམངས་བཅིངས་འགྲོལ་དམག་བོད་དུ་དཔུང་སྐྱོད་བྱས་ཏེ་རྒྱལ་སྲུང་བརྟན་དུ་གཏོང་རྒྱུ” “ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་ཕྱི་ཕྱོགས་དང་འབྲེལ་བའི་བོད་ས་ཁུལ་གྱི་ལས་དོན་ཐམས་ཅད་གཅིག་གྱུར་ཐོག་ཐག་གཅོད་བྱ་རྒྱུ” “བོད་ས་གནས་སྲིད་གཞུང་གིས་མི་དམངས་བཅིངས་འགྲོལ་དམག་བོད་དུ་ཡོང་ནས་རྒྱལ་སྲུང་བརྟན་གཏོང་བྱ་རྒྱུར་གཞོགས་འདེགས་ཧུར་ཐག་བྱ་རྒྱུ” “ཀྲུང་དབྱང་མི་དམངས་སྲིད་གཞུང་གི་གཅིག་གྱུར་འགོ་ཁྲིད་འོག་བོད་ཀྱི་མི་དམངས་ལ་མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱེད་པའི་དབང་ཆ་ལྡན་པ” “བོད་ཀྱི་མི་དམངས་ཀྱི་ཆོས་ལུགས་དད་མོས་དང་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱ་རྒྱུ”བཅས་ཁ་གསལ་བཏོན་པ་དང་། 《གྲོས་མཐུན་དོན་ཚན་བཅུ་བདུན》ནང་ཏཱ་ལའི་བླ་མ་དང་པཎ་ཆེན་ཨེར་ཏེ་ནིའི་སྔར་ཡོད་ཀྱི་གོ་གནས་དང་འགན་དབང་ལ་ཀྲུང་དབྱང་སྲིད་གཞུང་ནས་འགྱུར་ལྡོག་མི་གཏོང་རྒྱུ་དང་དེ་སྔའི་བོད་ས་གནས་སྲིད་གཞུང་གི་རིམ་ཁག་དཔོན་རིགས་ཀྱིས་སྔར་བཞིན་ལས་འགན་འཁུར་ཆོག་ཅེས་ཁ་གསལ་བཏོན་པ། 《གྲོས་མཐུན་དོན་ཚན་བཅུ་བདུན》བཞག་པ་དེའི་ཐོག་ནས་ཀྲུང་གོའི་སྐམ་ས་ཆེ་མོར་རྦད་དེ་བཅིངས་འགྲོལ་ཐོབ་པ་དང་། ཀྲུང་གོ་གསར་པའི་བོད་ཀྱི་བདག་དབང་གནས་བབ་ཡོངས་སུ་མངོན་པ། ཕྱོགས་ཁག་གི་སྟོབས་ཤུགས་མཐུན་སྒྲིལ་བྱས་པ། བོད་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་སྲུང་སྐྱོང་བྱས་པ། མི་རིགས་དང་། ཆོས་ལུགས། དཔལ་འབྱོར། རིག་གནས་བཅས་ཐད་ཀྱི་ཀྲུང་གོ་གུང་ཁྲན་ཏང་གི་སྲིད་ཇུས་བོད་དུ་ལག་ལེན་བསྟར་བ་བཅས་བྱས་ནས། བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་སྒྱུར་བཅོས་ལ་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ་ཞིག་བཏིང་བ་མཚོན་ཡོད།

    《གྲོས་མཐུན་དོན་ཚན་བཅུ་བདུན》བཞག་པར་རྒྱལ་ཡོངས་མི་རིགས་ཁག་དང་ལས་རིགས་ཁག་གི་བརྩི་བཀུར་ཐོབ་ཡོད། 1951ལོའི་ཟླ་5ཚེས་28ཉིན། 《མི་དམངས་ཉིན་རེའི་ཚགས་པར》གྱིས་རྒྱ་བོད་སྐད་གཉིས་ཀྱི་ཐོག་ནས་གྲོས་མཐུན་གྱི་ནང་དོན་ཆ་ཚང་ཕྱི་ཕྱོགས་ལ་ཡོངས་བསྒྲགས་བྱས་པ་དང་ཆབས་ཅིག ཁ་བྱང་ལ《བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་ལ་བརྩི་བཀུར་ཞུ་དགོས》ཞེས་འཁོད་པའི་ཆེད་བརྗོད་ཅིག་སྤེལ་བའི་ནང་། འདི་ནི་བོད་ཀྱི་མི་དམངས་མུན་ནག་དང་སྡུག་བསྔལ་ནས་འོད་ཟེར་དང་བདེ་སྐྱིད་ཀྱི་ཕྱོགས་སུ་སྐྱོད་པའི་གོམ་པ་དང་པོ་དེ་རེད་ཅེས་བསྟན། པེ་ཅིང་དང་། ཤིས་ཨན། ཁྲུང་ཆིང་། ཁྲེང་ཏུའུ། དེ་བཞིན་ཤིན་ཅང་དང་ནང་སོག་སོགས་ཀྱི་མི་རིགས་ཁག་གི་མང་ཚོགས་འདུ་འཛོམས་ཁྲོམ་སྐོར་བྱས་ནས《གྲོས་མཐུན་དོན་ཚན་བཅུ་བདུན》བཞག་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་ཡོད།

    ཉིན་དེར། པཎ་ཆེན་སྐུ་ཕྲེང་བཅུ་པ་དང་དེ་བཞིན་པཎ་ཆེན་ནང་མ་སྒང་གི་མི་སྣ་ཡོངས་ཀྱིས་གྲོས་མཐུན་ལ་བརྩི་བཀུར་ཞུ་རྒྱུའི་གསལ་བསྒྲགས་སྤེལ་བའི་ནང“ང་ཚོས་སླད་ཕྱིན་མའོ་ཀྲུའུ་ཞིའི་དབུ་ཁྲིད་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན། ཀྲུང་དབྱང་མི་དམངས་སྲིད་གཞུང་དང་ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་ལ་བརྩི་བཀུར་ཞུ་རྒྱུ་ཡིན”ཞེས་འཁོད། ཟླ་10ཚེས་24ཉིན། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་བོད་ས་གནས་སྲིད་གཞུང་དང་རང་ཉིད་ཀྱི་མིང་ཐོག་ནས་ཀྲུང་དབྱང་མི་དམངས་སྲིད་གཞུང་ལ་གྲོས་མཐུན་ལ་བརྩི་བཀུར་ཞུ་རྒྱུའི་གློག་འཕྲིན་བཏང་བའི་ནང“ཀྲུང་དབྱང་མི་དམངས་སྲིད་གཞུང་དང་མའོ་ཀྲུའུ་ཞི་ལགས། འདི་ལོར་བོད་ས་གནས་སྲིད་གཞུང་གིས་ཆེད་དུ་མངགས་པའི་དབང་ཆ་ཆ་ཚང་ཡོད་པའི་འཐུས་མི་བཀའ་བློན་ང་ཕོད་སོགས་མི་ལྔ་1951ལོའི་ཟླ་4པའི་ཟླ་མཇུག་ཏུ་པེ་ཅིང་དུ་འབྱོར་ནས། ཀྲུང་དབྱང་མི་དམངས་སྲིད་གཞུང་གི་གཏན་འཁེལ་བྱས་པའི་དབང་ཆ་ཆ་ཚང་ཡོད་པའི་འཐུས་མི་དང་ཞི་བའི་གྲོས་མོལ་བྱས་ཤིང་། ཕྱོགས་གཉིས་པོའི་འཐུས་མིས་མཛའ་གྲོགས་ཀྱི་རྨང་གཞིའི་ཐོག་1951ལོའི་ཟླ་5ཚེས་23ཉིན་བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་བཞག་པར། བོད་ས་གནས་སྲིད་གཞུང་དང་དེ་བཞིན་བོད་རིགས་སེར་སྐྱ་མི་དམངས་ཀུན་གྱིས་མགྲིན་གཅིག་ཏུ་བརྩི་བཀུར་ཞུས་པ་མ་ཟད། ད་དུང་མའོ་ཀྲུའུ་ཞི་དང་དེ་བཞིན་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་དབུ་ཁྲིད་འོག མི་དམངས་བཅིངས་འགྲོལ་དམག་བོད་སྐྱོད་དཔུང་སྡེས་རྒྱལ་སྲུང་བརྟན་གཏོང་དང་བཙན་རྒྱལ་རིང་ལུགས་ཀྱི་སྟོབས་ཤུགས་བོད་ནས་མཐར་སྐྲོད་བཏང་སྟེ། མེས་རྒྱལ་གྱི་མངའ་ཁོངས་དང་བདག་དབང་གཅིག་གྱུར་སྲུང་སྐྱོང་བྱ་རྒྱུར་གཞོགས་འདེགས་ཧུར་ཐག་ཞུ་རྒྱུ་ཡིན”ཞེས་འཁོད་ཡོད།

    —— 《གྲོས་མཐུན་དོན་ཚན་བཅུ་བདུན》དོན་འཁྱོལ་བྱས་ནས་རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོང་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

    《གྲོས་མཐུན་དོན་ཚན་བཅུ་བདུན》གཞིར་བཟུང་། 1951ལོའི་ཟླ་9པ་ནས་1952ལོའི་ཟླ་6པའི་བར། མི་དམངས་བཅིངས་འགྲོལ་དམག་གི་བོད་སྐྱོད་དཔུང་སྡེ་ཁག་སྔ་རྗེས་སུ་ལྷ་སར་འབྱོར། ཐའེ་ཀྲའོ་དང་། རྒྱལ་རྩེ། གཞིས་རྩེ། ལྷོ་ཁའི་ལྷུན་རྩེ་རྫོང་། གྲོ་མོ། རྫ་ཡུལ། སྒེར་རྩེ་སོགས་སུ་བཅའ་སྡོད་བྱས། བོད་དུ་དཔུང་སྐྱོད་བྱེད་པའི་ལས་འགན་ལེགས་གྲུབ་བྱུང་ནས་བོད་ཀྱི་སྤྱི་ལེ་4000ལྷག་ཙམ་གྱི་མཐའ་མཚམས་ལམ་ཐིག་ཐོག་ཡུན་རིང་མཐའ་མཚམས་ཡོད་ཀྱང་སྲུང་མཁན་མེད་པའི་ལོ་རྒྱུས་མཇུག་འགྲིལ།

    1952ལོའི་ཟླ་9ཚེས་6ཉིན། ཀྲུང་དབྱང་མི་དམངས་སྲིད་གཞུང་གི་བོད་སྡོད་འཐུས་མིའི་ཕྱི་དོན་རོགས་སྒྲུབ་གཞུང་དོན་ཁང་བཙུགས་པ་དང་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་ཕྱི་འབྲེལ་པུའི་འགོ་ཁྲིད་འོག་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་བོད་ས་གནས་ཀྱི་ལས་དོན་ཐམས་ཅད་ཐག་གཅོད་ཞིབ་ཕྲ་བྱེད་འགོ་ཚུགས། 1954ལོའི་ཟླ་4ཚེས་29ཉིན། ཀྲུང་གོ་དང་རྒྱ་གར་ཕྱོགས་གཉིས་པོས་པེ་ཅིང་དུ《ཀྲུང་གོའི་བོད་ལྗོངས་ས་གནས་དང་རྒྱ་གར་དབར་གྱི་ཚོང་འགྲུལ་དང་འགྲིམ་འགྲུལ་སྐོར་གྱི་གྲོས་ཆོད》ལ་མིང་རྟགས་བཀོད་པ་དང་ཆབས་ཅིག ཕན་ཚུན་འཕྲིན་ཡིག་སྤྲིངས་ནས་རྒྱ་གར་གྱིས་རྒྱུན་འཛིན་བྱས་པའི་དབྱིན་ཇིས་བོད་ལ་བཙན་འཛུལ་བྱས་པའི་དམིགས་བསལ་དབང་ཆ་མེད་པར་བཟོས། 1956ལོའི་ཟླ་9ཚེས་20ཉིན། ཀྲུང་གོ་དང་ནེ་པ་ལས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ནེ་པ་ལའི་རྒྱལ་ལྡན་རྒྱལ་ཁབ་དབར་མཛའ་གྲོགས་འབྲེལ་བ་རྒྱུན་འཁྱོངས་བྱེད་རྒྱུ་དང་དེ་བཞིན་ཀྲུང་གོའི་བོད་ལྗོངས་ས་གནས་དང་ནེ་པ་ལའི་དབར་གྱི་ཚོང་འགྲུལ་དང་འགྲིམ་འགྲུལ་སྐོར་གྱི་གྲོས་མཐུན》བཞག་ནས་བོད་དུ་ཡོད་པའི་ནེ་པ་ལའི་དམིགས་བསལ་དབང་ཆ་མེད་པར་བཟོས། སྐབས་དེར་ཀྲུང་དབྱང་སྲིད་གཞུང་གིས་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་བོད་ལྗོངས་ས་ཁུལ་གྱི་ལས་དོན་ཐམས་ཅད་གཅིག་གྱུར་ཐག་གཅོད་བྱེད་པ་ཡོངས་སུ་མངོན་འགྱུར་བྱུང་།

    ཀྲུང་དབྱང་མི་དམངས་སྲིད་གཞུང་གིས“བོད་ལ་དཔུང་སྐྱོད་བྱེད་སྐབས། ས་གནས་ནས་རྒྱགས་མི་ལེན”ཞེས་དང་དེ་བཞིན“ཞིབ་རྩིས་མཁས་པོ་བརྒྱབ་སྟེ་ཐོན་སྐྱེད་རང་མཁོ་རང་སྤྲོད་བྱེད་དགོས་པ”སོགས་ཀྱི་མཛུབ་སྟོན་གནང་སྟེ། “དམག་དཔུང་གི་དགོས་མཁོ་འགན་སྲུང་དང་། དམངས་སྤྱོད་ལ་ལྟ་རྟོག” “གཅིག་གྱུར་གྱིས་ཉོ་སྒྲུབ་དང་འགྲོ་སོང་ཉུང་གཏོང”སོགས་ནོར་སྲིད་ཀྱི་སྲིད་ཇུས་རབ་དང་རིམ་པ་བཏོན། མི་དམངས་བཅིངས་འགྲོལ་དམག་ལྷ་སར་བཅའ་སྡོད་བྱས་རྗེས“བདུན་གཅིག་ཞིང་ར”དང“བརྒྱད་གཅིག་ཞིང་ར”སྔ་རྗེས་སུ་བཙུགས་ནས་གསར་སྦོལ་ཐོན་སྐྱེད་བྱས་ཏེ་རང་ཉིད་ལ་བརྟེན་ནས་རྐང་པ་བརྟན་པོ་ཚུགས་ཐབས་བྱས། དུས་མཚུངས་སུ་བལ་ཕྱིར་གཏོང་ཉོ་ཚོང་ནས་འགོ་བཙུགས་ཏེ་དམག་མཁོ་དམངས་སྤྱོད་ཀྱི་གནད་དོན་ཐག་གཅོད་བྱས།

    ཀྲུང་དབྱང་མི་དམངས་སྲིད་གཞུང་གི་སྐུལ་འདེད་འོག 1952ལོའི་ཟླ་4པར། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་མཚོ་སྔོན་ནས་བོད་དུ་ཕེབས་ཏེ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་མཛའ་གྲོགས་མཇལ་འཛོམས་གནང་། 1953ལོར་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་པཎ་ཆེན་སྐུ་ཕྲེང་བཅུ་པ་རྣམ་གཉིས་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོར་བདམས་པ་དང་ཀུན་བདེ་གླིང་གི་སྤྲུལ་སྐུ་ཚོགས་གཙོ་གཞོན་པར་བདམས། 1954ལོའི་ཟླ་9པར། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་པཎ་ཆེན་སྐུ་ཕྲེང་བཅུ་པ་པེ་ཅིང་དུ་ལྷན་དུ་ཕེབས་ནས་ཀྲུང་གོ་གསར་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་ཚོགས་འདུ་ཐེངས་དང་པོར་ཞུགས་པ་མ་ཟད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པར་བདམས་ཐོན་བྱུང་། ཟླ་12ཚེས་25ཉིན་རྒྱལ་ཡོངས་སྲིད་གྲོས་སྐབས་གཉིས་པའི་ཚོགས་འདུ་ཐེངས་དང་པོར་པཎ་ཆེན་སྐུ་ཕྲེང་བཅུ་པ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པར་བདམས། 1952ལོ་ནས་1957ལོའི་བར་ཀྲུང་དབྱང་སྲིད་གཞུང་གིས་ཁག་13དང་མི་ཐེངས་1000ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་ཞིང་ཆེན་དང་གྲོང་ཁྱེར་གཞན་དག་ལ་ལྟ་སྐོར་དང་འཚམས་འདྲི་བྱས་པ་དང་ཁོངས་མིའི་ཁྲོད་བོད་ཀྱི་ས་གནས་ཁག་གི་སེར་སྐྱ་དཔོན་རིགས་དང་། དགེ་འདུན། གཞོན་ནུ། བུད་མེད་བཅས་ཚུད་ཡོད། དེ་ལས་བོད་དང་ཞིང་ཆེན་དང་གྲོང་ཁྱེར་གཞན་དག་དབར་གྱི་འབྲེལ་བ་དང་མི་རིགས་ཁག་དབར་མཐུན་སྒྲིལ་ཟབ་ཏུ་ཕྱིན།

    《གྲོས་མཐུན་དོན་ཚན་བཅུ་བདུན》བཞག་རྗེས། ཀྲུང་དབྱང་མི་དམངས་སྲིད་གཞུང་གི་འགོ་ཁྲིད་འོག་བོད་ཀྱི་བྱ་གཞག་ཁག་མངོན་གསལ་དོད་པོས་འཕེལ་རྒྱས་མགྱོགས་པོ་བྱུང་། དེང་རབས་ཀྱི་སློབ་གསོའི་མ་ལག་རིམ་བཞིན་བཙུགས་ཤིང་། 1951ལོའི་ཟླ་3པར་བོད་ཀྱི་སློབ་གྲྭ་གསར་པ་དང་པོ་སྟེ་ཆབ་མདོ་སློབ་ཆུང་བཙུགས་པ་དང་། 1952ལོའི་ཟླ་8པར་ལྷ་ས་སློབ་ཆུང་བཙུགས་པ་དང་དེ་རྗེས་སྔ་རྗེས་སུ་གཞིས་རྩེ་དང་ལྷོ་ཁ་སོགས་སུ་གཞུང་བཙུགས་སློབ་ཆུང་28བཙུགས། 1956ལོའི་ཟླ་9པར་བོད་ཀྱི་ལོ་རྒྱུས་ཐོག་དེང་རབས་ཀྱི་ཚད་ལྡན་དམའ་རིམ་སློབ་འབྲིང་དང་པོ་སྟེ་ལྷ་ས་སློབ་འབྲིང་དངོས་སུ་བཙུགས། 1958ལོའི་ཟླ་9པར་བོད་ཀྱི་སྤྱི་པའི་སློབ་གྲྭ་ཧྲའན་ཤིས་ཞན་དབྱང་དུ་དངོས་སུ་སློབ་འགོ་ཚུགས་པ་དང་། ལོ་དེར་སློབ་མ་3460བསྡུས་པའི་ཁྲོད་མང་ཆེ་བ་ནི་ཞིང་བྲན་གྱི་བུ་ཕྲུག་རེད། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཞིང་། 1954ལོར་ཁྲོན་བོད་དང་མཚོ་བོད་གཞུང་ལམ་དུས་གཅིག་ཏུ་བསྐྲུན་ཟིན་ནས་ལྷ་སར་ཤར་གཏོང་ཐུབ། 1956ལོར་བོད་ཀྱི་གནམ་ཐང་དང་པོ་འདམ་གཞུང་གནམ་ཐང་ལས་མཇུག་འགྲིལ་ནས་པེ་ཅིང་ནས་ལྷ་ས་བར་དངོས་སུ་གནམ་གྲུ་ཤར་གཏོང་ཐུབ། དེང་རབས་ཀྱི་ཞིང་འབྲོག་བཟོ་ཚོང་ལས་རིགས་རིམ་བཞིན་འགོ་ཚུགས་ཤིང་། འདེབས་འཛུགས་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཞིང་ལས་ཀྱི་ཆུ་འདྲེན་མ་ལག་ལེགས་སུ་བཏང་བ་དང་། སྔ་རྗེས་སུ་གཞི་ཁྱོན་མི་འདྲ་བའི་བཟོ་གྲྭ་ཆུང་གྲས་བཙུགས། གྲོང་ཁྱེར་དང་གྲོང་རྡལ་གཙོ་བོ་ཁག་ཏུ་སྨན་ཁང་དང་། དངུལ་ཁང་། ཚོང་ཁང་། སྦྲག་ཁང་སོགས་ཞབས་ཞུའི་ལས་ཁུངས་བཙུགས། རིག་གནས་བྱ་གཞག་ཡར་རྒྱས་མངོན་གསལ་དོད་པོ་ཕྱིན་ཞིང་། 1953ལོའི་ཟླ་10ཚེས་1ཉིན་ལྷ་སའི་སྐུད་ཡོད་རླུང་འཕྲིན་ས་ཚིགས་དངོས་སུ་བཙུགས་པ་དང་། སྐུད་ཡོད་རླུང་འཕྲིན་གཏོང་འགོ་ཚུགས་པ་མ་ཟད། བོད་སྐད་ནས་ཐད་གཏོང་ཡང་བྱས། 1956ལོའི་ཟླ་4ཚེས་22ཉིན《བོད་ལྗོངས་ཉིན་རེའི་ཚགས་པར》བོད་རྒྱ་ཡིག་རིགས་གཉིས་ཀྱི་པར་མ་ཐོག་མར་བཏོན། མང་ཚོགས་ཀྱི་རིག་གནས་བྱེད་སྒོ་ཕུན་སུམ་ཚོགས་སུ་བཏང་ནས་རིག་རྩལ་ཚོགས་པ་དང་མཐུན་འབྲེལ་ལྷན་ཚོགས་སྣ་ཚོགས་བཙུགས། 1954ལོར་གསར་དུ་བཙུགས་པའི་བོད་ཀྱི་གླུ་གར་ཚོགས་པས་པེ་ཅིང་དང་། ཧྲང་ཧའེ། ཀོང་ཀྲོའུ་སོགས་སུ་འཁྲབ་སྟོན་བྱས་པར་ས་གནས་དེ་གའི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ཡོད།

    གསུམ། སྤྱི་ཚོགས་ལམ་ལུགས་ལ་ལོ་རྒྱུས་ཀྱི་མཆོང་སྐྱོད་བྱུང་བ།

    བོད་ཀྱི་དམངས་གཙོའི་བཅོས་སྒྱུར་ནི་བོད་ལྗོངས་མི་དམངས་ཀྱི་རེ་འདུན་ཡིན་མོད། འོན་ཀྱང་བཅོས་སྒྱུར་ག་དུས་བྱེད་མིན་དེ་བོད་ཀྱི་དོན་དངོས་དང་བསྟུན་དགོས། 1956ལོར་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས“ལོ་དྲུག་འགྱུར་ལྡོག་མི་གཏོང་བའི”གཏན་འབེབས་གནང་ཡོད་མོད། འོན་ཀྱང་བོད་ཀྱི་མཐོ་རིམ་དབང་སྒྱུར་ཚོགས་པའི་མི་ཁག་གཅིག་གིས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནམ་ཡང་གནས་པའི་རེ་ངན་བཅངས་པ་དང་འབྲེལ། 1959ལོའི་ཟླ་3པར་ཕྱོགས་ཡོངས་ནས་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས། ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་ངོ་ལོག་ཟིང་འཁྲུག་ཞོད་འཇགས་སུ་གཏོང་བ་དང་ཆབས་ཅིག བོད་དུ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་གཏོང་བའི་དམངས་གཙོའི་བཅོས་སྒྱུར་ལས་འགུལ་སྤེལ་ཏེ། བོད་ཀྱི་སྤྱི་ཚོགས་ལམ་ལུགས་རྙིང་པར་འགྱུར་ལྡོག་མཐར་ཕྱིན་པ་བཏང་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་པར་རྨང་གཞི་བརྟན་པོ་བཏིང་།

    —— བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མུན་ནག་དང་རྗེས་ལུས་ཡིན་པས་ལོ་རྒྱུས་ཀྱི་གར་སྟེགས་ནས་འབབ་ངེས་ཡིན་པ།

    བོད་རྙིང་པ་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་དབང་སྒྱུར་འོག་ཏུ་གནས་པས། ལམ་ལུགས་དེས་རྩུབ་སྤྱོད་ཀྱིས་མིའི་རིགས་ཀྱི་ལ་རྒྱ་རྡོག་རོལ་ཏུ་བཏང་བ་དང་། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་གནོད་འཚེ་ཚབས་ཆེན་བཏང་བ། བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལ་རྩ་བ་ནས་འགོག་རྐྱེན་བཟོས་པ་དེ་དག་ཀྲུང་གོ་དང་འཛམ་གླིང་གི་ཡར་ཐོན་རླབས་རྒྱུན་དང་རྦད་དེ་འགལ་ཡོད།

    ཆོས་སྲིད་ཟུང་འབྲེལ་བྱས་ནས་ལྷ་དབང་གོང་དུ་བཀུར་བ། སྲིད་དབང་གིས་ལྷ་དབང་ལ་འགེབས་སྲུང་དང་། ལྷ་དབང་གིས་སྲིད་དབང་ལ་ཚོད་འཛིན། ལྷ་དབང་དང་སྲིད་དབང་མཉམ་འདྲེས་བཅས་བྱས་ཏེ་ཐུན་མོང་ཐོག་དཔོན་རིགས་དང་། སྐུ་དྲག དགོན་སྡེའི་མཐོ་རིམ་སེར་མོ་བ་བཅས་བཀས་བཀོད་རྒྱུད་འཛིན་གྱི་མངའ་བདག་ཆེན་པོ་གསུམ་གྱི་དབང་སྒྱུར་སྲུང་སྐྱོང་བྱས། ལྷ་དབང་ཆབ་སྲིད་ཀྱི་འོག་ཏུ། དགོན་སྡེ་ཆོས་ལུགས་བྱེད་སྒོ་སྤེལ་བ་དང་། ཕྱོགས་གཅིག་གི་སྲིད་དབང་ལ་ཚོད་འཛིན་བྱེད་པ། དཔལ་འབྱོར་གྱི་བཤུ་གཞོག་གཏོང་བ། དྲག་པོའི་སྟོབས་ཤུགས་གསོག་ཉར་བྱེད་པ། ཁྲིམས་འཛིན་འདྲི་གཅོད་བྱེད་པ་སོགས་ཀྱི་ནུས་པ་གཞི་གཅིག་ཏུ་འདུས་པའི་དབང་སྒྱུར་བཙན་རྫོང་ཞིག་ལ་གྱུར། དགོན་པ་ལ་ལར་ཁྲིམས་ཁང་བཙུགས་པ། དེའི་ནང་དུ་ལག་ལྕགས་དང་། རྐང་ལྕགས། དབྱུག་པ་བཅས་ཡོད་པ་མ་ཟད། ད་དུང་མིག་རིལ་འདོན་པ་དང་རྟིང་རྩ་གཅོད་བྱེད་ཀྱི་གདུག་རྩུབ་ཆེ་བའི་ཁྲིམས་ཆས་ཀྱང་ཡོད་པས། ཞིང་བྲན་ལ་ཆད་པ་གཅོད་ཐབས་གདུག་རྩུབ་ཤིན་ཏུ་ཆེ།

    རིམ་པ་ནན་པོས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཏུ་བཏང་བ། མངའ་བདག་ཆེན་པོ་གསུམ་གྱིས་གདུག་རྩུབ་ཆེ་ལ་སྙིང་རྗེ་མེད་པའི་ཉེས་ཁྲིམས་ལ་བརྟེན་ནས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་སྲུང་སྐྱོང་བྱེད་ཀྱི་ཡོད། བོད་རྙིང་པར་ལོ་བརྒྱ་ཕྲག་ཁ་ཤས་སྤྱད་པའི《ཞལ་ལྕེ་བཅུ་གསུམ》དང《ཞལ་ལྕེ་བཅུ་དྲུག》ནང་མི་རྣམས་རིགས་གསུམ་དང་རིམ་པ་དགུར་དབྱེ་བ་སྟེ། “མི་རྣམས་རིགས་མཐོ་འབྲིང་དམའ་གསུམ་དུ་དབྱེ་ཡོད་ལ། རིམ་པ་རེ་རེ་ལའང་མཐོ་འབྲིང་དམའ་གསུམ་དུ་དབྱེ་ཡོད། གོང་གསལ་རིམ་པ་མཐོ་འབྲིང་དམའ་གསུམ་ནི་དེའི་རིགས་རྒྱུད་དྲག་ཞན་དང་གོ་གནས་མཐོ་དམན་ལ་གཞིགས་ནས་གཏན་འཁེལ་བྱས། “མི་ལ་མཐོ་དམན་གྱི་དབྱེ་བ་ཡོད་པར་བརྟེན་སྲོག་ལའང་མཐོ་དམན་གྱི་དབྱེ་བ་ཡོད་པ” “རིམ་པ་མཐོ་བའི་མིའི་ཚེ་སྲོག་གི་སྟོང་ནི་ཕུང་པོ་མཉམ་པའི་གསེར་འཇལ་དགོས་པ”“རིམ་པ་དམའ་བའི་མིའི་ཚེ་སྲོག་གི་སྟོང་ནི་དྲེད་ཐག་གཅིག་ཡིན་པ”བཅས་གཏན་ལ་ཕབ་ཡོད།

    དབུལ་ཕྱུག་གི་ཁྱད་པར་འཛོལ་ནས་འཕེལ་རྒྱས་ལ་འགལ་རྐྱེན་བཟོས་པ། མི་འབོར་གྱི་5%ཡང་མ་ཟིན་པའི་མངའ་བདག་ཆེན་པོ་གསུམ་དང་དེའི་ངོ་ཚབ་ཀྱིས་བོད་ཀྱི་རྨོ་ཞིང་དང་། འབྲོག་ར། ནགས་ཚལ། རི་ཀླུང་། ཆུ་བོ། གྲམ་ཐང་། དེ་བཞིན་ཕྱུགས་རིགས་མང་ཆེ་བ་བཟུང་ཡོད། དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་བོད་དུ་སྐུ་དྲག་ཁྱིམ་རྒྱུད་197ཡོད་པའི་ནང་སྐུ་དྲག་ཁྱིམ་ཚང་ཆེ་གྲས་ཁ་ཤས་ཀྱིས་ཁྱིམ་ཚང་རེས་གཞིས་ཀ་བཅུ་ཕྲག་ཁ་ཤས་དང་ས་ཞིང་སོན་ཁལ་ཁྲི་ཁ་ཤས(སོན་ཁལ་15དང་སྤྱི་ཆིང་1མཚུངས)བཟུང་ཡོད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ཁྱིམ་རྒྱུད་ལ་གཞིས་ཀ་27དང་། འབྲོག་ར་30 ཞིང་བྲན་དང་འབྲོག་བྲན་6000ལྷག་ཙམ་ཡོད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པར་གསེར་སྲང་ཁྲི་16དང་། དངུལ་སྲང་ཁྲི་9500 རྩ་ཆེའི་གཡང་ཊིའི་ཡོ་ཆས་ཁྲི་2ལྷག་ཙམ། དར་གོས་སྣ་ཚོགས་དང་རྩ་ཆེའི་པགས་རིགས་ཀྱི་གྱོན་ཆས་ཁྲི་1ལྷག་ཙམ་ཡོད། མི་འབོར་གྱི་95%བཟུང་བའི་ཞིང་བྲན་དང་བྲན་གཡོག་ལ་ཐོན་སྐྱེད་རྒྱུ་ཆ་དང་མི་ལུས་རང་དབང་མེད་པར་དཔྱ་ཁྲལ་དང་། ཁྲལ་འུ་ལག སྐྱེད་ལྕིའི་བུ་ལོན་བཅས་ཀྱི་བཤུ་གཞོག་ལྕི་པོ་ཕོག་ནས་འཚོ་ཐབས་ཆེད་དུ་དཀའ་སྡུག་ཚད་མེད་མྱོང་དགོས་ཀྱི་ཡོད།

    —— 《གྲོས་མཐུན་དོན་ཚན་བཅུ་བདུན》ལ་སྲུང་སྐྱོང་བྱས་ནས“ལོ་དྲུག་འགྱུར་ལྡོག་མི་གཏོང་བའི”གཏན་འབེབས་བྱས་པ།

    《གྲོས་མཐུན་དོན་ཚན་བཅུ་བདུན》ནང་། “བོད་དང་འབྲེལ་བའི་སྒྱུར་བཅོས་ལས་དོན་ཁག་ལ་ཀྲུང་དབྱང་གིས་བཙན་ཤེད་མི་བྱེད་པ་་དང་། བོད་ས་གནས་སྲིད་གཞུང་གིས་རང་འགུལ་ངང་སྒྱུར་བཅོས་བྱེད་དགོས་པ། མི་དམངས་ཀྱིས་སྒྱུར་བཅོས་ཀྱི་བླང་བྱ་འདོན་སྐབས་བོད་ཀྱི་འགོ་ཁྲིད་མི་སྣ་དང་གྲོས་མོལ་བྱེད་ཐབས་སྤྱད་དེ་ཐག་གཅོད་བྱེད་དགོས་པ”བཅས་ཁ་གསལ་བཏོན་ཡོད། ཞི་བས་བཅིངས་འགྲོལ་བཏང་རྗེས། སྒྱུར་བཅོས་བྱེད་རྒྱུའི་སྐོར་གྱི་བོད་ཀྱི་རྒྱ་ཆེའི་མི་དམངས་ཀྱི་འབོད་སྒྲ་ཉིན་རེ་བཞིན་ཆེ་རུ་སོང་བ་དང་། མཐོ་རིམ་དང་འབྲིང་རིམ་གྱི་མི་སྣ་བསམ་ཤེས་ཅན་མང་པོས་ཀྱང་ལམ་ལུགས་རྙིང་པ་སྒྱུར་བཅོས་མ་བྱས་ན། བོད་ཀྱི་མི་རིགས་དར་རྒྱས་གོང་འཕེལ་ཡོང་མི་སྲིད་པའི་ངོས་འཛིན་བྱས།

    བོད་ལྗོངས་ཀྱི་ལོ་རྒྱུས་དང་དོན་དངོས་ཀྱི་དམིགས་བསལ་གནས་ཚུལ་ལ་གཞིགས་ནས། ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་གཟབ་གཟབ་ནན་ནན་གྱི་རྣམ་འགྱུར་བཟུང་ཞིང་། བོད་ས་གནས་ཀྱི་མཐོ་རིམ་དབང་སྒྱུར་ཚོགས་པར་ངང་རྒྱུད་རིང་པོས་རང་འགུལ་ངང་སྒྱུར་བཅོས་བྱེད་དགོས་པའི་ཁ་ཏ་བསླབ་བྱ་དང་རེ་སྒུག་ཆེན་པོ་བྱས་པ་མ་ཟད། ཁོ་ཚོར་དུས་ཚོད་འདང་ངེས་ཤིག་ཀྱང་སྤྲད། 1956ལོར་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས“ལོ་དྲུག་འགྱུར་ལྡོག་མི་གཏོང་བའི”གཏན་འབེབས་བྱས་ནས་བོད་ཀྱི་མཐོ་རིམ་གོ་རྟོགས་སད་རྒྱུ་ངང་སྒུག་བྱས། 1957ལོའི་ཟླ་1པོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཀྲོའུ་ཨེན་ལའེ་རྒྱ་གར་དུ་འཚམས་འདྲིར་ཕེབས་རིང་། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་། པཎ་ཆེན་སྐུ་ཕྲེང་བཅུ་པ། དེ་བཞིན་ལྷན་དུ་ཕེབས་པའི་བོད་ས་གནས་སྲིད་གཞུང་གི་དཔོན་རིགས་གཙོ་བོ་ཚོར་ཀྲུའུ་ཞི་མའོ་ཙེ་ཏུང་གི་འཕྲིན་ཡིག་བརྒྱུད་སྤྲོད་དང་ཀྲུང་དབྱང་གི་གཏན་འབེབས་བརྒྱུད་བསྒྲགས་གནང་སྟེ། ལོ་དྲུག་འགྱུར་ལྡོག་མི་གཏོང་བ་དང་ལོ་དྲུག་སོང་རྗེས་སྒྱུར་བཅོས་བྱེད་མིན་དེ་སྔར་བཞིན་བོད་ཀྱི་གནས་ཚུལ་དང་ཆ་རྐྱེན་ལ་གཞིགས་ནས་གཏན་འཁེལ་བྱེད་དགོས་པའི་སྐོར་ནན་བཤད་གནང་། ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་བོད་ཀྱི་མཐོ་རིམ་དབང་སྒྱུར་ཚོགས་པར་བཟོད་སྒོམ་ཆེ་ཤོས་གནང་བ་དེ་ནི་བྱམས་བརྩེ་ཟོལ་མེད་ཅིག་རེད།

    —— དྲག་པོའི་ངོ་ལོག་ཟིང་འཁྲུག་ཞོད་འཇགས་བཏང་ནས་དམངས་གཙོའི་བཅོས་སྒྱུར་བྱས་པ།

    བོད་ཀྱི་སྤྱི་ཚོགས་ལམ་ལུགས་སྒྱུར་བཅོས་བྱེད་པ་ནི་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་དང་བོད་མི་དམངས་ཀྱི་རྩ་བའི་འདུན་པ་རེད། བོད་ཀྱི་ལོག་སྤྱོད་མཐོ་རིམ་གྱིས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནམ་ཡང་རྒྱུན་འཁྱོངས་བྱེད་པའི་རེ་ངན་བཅངས་ཏེ། རྐང་བཙུགས་ནས《གྲོས་མཐུན་དོན་ཚན་བཅུ་བདུན》ལ་གཏོར་བཤིག་བཏང་བ་དང་མེས་རྒྱལ་ཁ་ཕྲལ་དུ་གཏོང་བའི་བྱེད་སྤྱོད་རབ་དང་རིམ་པ་ངན་འགོད་བྱས། མཐར་1959ལོའི་ཟླ་3ཚེས་10ཉིན་ཕྱོགས་ཡོངས་ནས་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས། ཀྲུང་དབྱང་སྲིད་གཞུང་གིས་འཕྲལ་ཐག་ཆོད་པོས་བྱ་ཐབས་སྤྱད་དེ་བོད་ཀྱི་མི་དམངས་དང་མཉམ་དུ་ངོ་ལོག་ཟིང་འཁྲུག་ཞོད་འཇགས་བཏང་བ་དང་འབྲེལ། བོད་དུ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་གཏོང་བའི་དམངས་གཙོའི་བཅོས་སྒྱུར་གྱི་ལས་འགུལ་སྤེལ་རྒྱུའི་གཏན་འཁེལ་ཡང་བྱས།

    དམངས་གཙོའི་བཅོས་སྒྱུར་བྱས་ནས་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་དུ་བཏང་བས་ཆོས་སྲིད་ལོགས་དབྱེ་མངོན་འགྱུར་བྱུང་བ་རེད། ཐོན་སྐྱེད་རྒྱུ་ཆ་བཀས་བཀོད་རྒྱུད་འཛིན་གྱི་མངའ་བདག་ལ་དབང་བའི་ལམ་ལུགས་རྩ་མེད་དུ་བཏང་ནས་ཞིང་འབྲོག་པའི་སྒེར་དབང་ལམ་ལུགས་བཙུགས། “མངའ་བདག་ཆེན་པོ་གསུམ”གྱི་མི་ལུས་གཞན་བརྟེན་རྩ་མེད་དུ་བཏང་བས་ཞིང་བྲན་དང་བྲན་གཡོག་ལ་མི་ལུས་རང་དབང་ཐོབ། དམངས་གཙོའི་བཅོས་སྒྱུར་གཏོང་རིང་ཞིང་བྲན་དང་བྲན་གཡོག་ལ་ས་ཞིང་སོན་ཁལ་ཁྲི་280ལྷག་ཙམ(སྤྱི་ཆིང་ཁྲི་18.67)རག་ཡོད། མཁོ་ཚོང་ཁང་དང་པོ་དང་། གྲོང་གསེབ་ཀྱི་ཡིད་རྟོན་ཁང་དང་པོ། དམངས་བཙུགས་སློབ་ཆུང་དང་པོ། མཚན་མོའི་སློབ་གྲྭ་དང་པོ། ཡིག་རྨོངས་སེལ་བའི་འཛིན་གྲྭ་དང་པོ། གློག་བརྙན་རུ་ཁག་དང་པོ། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་དང་པོ་བཅས་བཙུགས། རྔ་ཆེན་ཆུ་ཤུགས་གློག་ཁང་བསྐྲུན་ནས་གློག་བཏང་བས་ལྷ་སའི་གྲོང་མི་དཀྱུས་མས་གློག་བཞུ་ཐེངས་དང་པོ་སྤྱད། དམངས་གཙོའི་བཅོས་སྒྱུར་ནི་བོད་ཀྱི་སྤྱི་ཚོགས་ཡར་ཐོན་དང་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་དུས་རབས་འབྱེད་པའི་འཕོ་འགྱུར་ཆེན་པོ་ཞིག་རེད། དེས་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས་འཚོ་བ་བཅས་ཕྱོགས་མང་པོའི་ཐད་བོད་ཀྱི་ཞིང་བྲན་དང་བྲན་གཡོག་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པ་དང་བོད་ཀྱི་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ལ་སྐུལ་མ་ནུས་ལྡན་ཐེབས་ནས་བོད་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་ལམ་བུ་བཏོད།

    —— བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་རིམ་བཞིན་སྐྱོད་པ།

    བོད་ལ་དམངས་གཙོའི་བཅོས་སྒྱུར་བྱེད་པའི་བརྒྱུད་རིམ་དེའང་དམངས་གཙོའི་སྲིད་དབང་འཛུགས་པའི་བརྒྱུད་རིམ་ཞིག་རེད། 1959ལོའི་ཟླ་3པར་ངོ་ལོག་ཟིང་འཁྲུག་ལངས་རྗེས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཀའ་རྒྱ་བཀྲམ་ནས་བོད་ས་གནས་སྲིད་གཞུང་མེད་པར་བཟོས་ཏེ་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གིས་བོད་ས་གནས་སྲིད་གཞུང་གི་འགན་དབང་འཁུར་རྒྱུའི་གཏན་འབེབས་བྱས། དེ་རྗེས་ཆབ་མདོ་ས་ཁུལ་མི་དམངས་བཅིངས་འགྲོལ་དམག་ཨུ་ཡོན་ལྷན་ཁང་དང་པཎ་ཆེན་ནང་མ་སྒང་སྔ་རྟིང་དུ་མེད་པར་བཟོས་ཏེ། གཅིག་གྱུར་གྱི་མི་དམངས་དམངས་གཙོའི་སྲིད་དབང་བཙུགས། 1961ལོར་བོད་ཀྱི་ས་གནས་ཁག་གིས་ཡོངས་ཁྱབ་འདེམས་བསྐོ་བྱེད་འགོ་ཚུགས། སྔོན་ཆད་ཀྱི་ཞིང་བྲན་དང་བྲན་གཡོག་ལ་རང་ཁྱིམ་རང་བདག་གི་དམངས་གཙོའི་དབང་ཆ་ཐེངས་དང་པོ་ཐོབ། བོད་ཀྱི་རིམ་ཁག་མི་དམངས་སྲིད་དབང་བདམས་ཐོན་བྱུང་ནས་ཡར་ལངས་ཞིང་བྲན་དང་བྲན་གཡོག་འབོར་ཆེན་ཞིག་གིས་རིམ་ཁག་འགོ་ཁྲིད་ལས་གནས་ཀྱི་འགན་ཁུར། 1965ལོའི་ཟླ་8པར་བོད་ཀྱི་རྫོང་དང་ཤང་གི་འདེམས་བསྐོའི་ལས་དོན་ལེགས་གྲུབ་བྱུང་། ཟླ་9པར་བོད་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་ཚོགས་འདུ་ཐེངས་དང་པོ་ལྷ་སར་འཚོགས་ཏེ། བོད་རང་སྐྱོང་ལྗོངས་དང་དེའི་མི་དམངས་སྲིད་གཞུང་དབུ་བརྙེས་པ་ཁྱབ་བསྒྲགས་བྱས་པ་དང་། བོད་ཀྱིས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་བྱེད་འགོ་ཚུགས། ཞིང་འབྲོག་ལས་ལ་སྤྱི་ཚོགས་རིང་ལུགས་ཀྱི་སྒྱུར་བཀོད་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལམ་དུ་བསྐྱོད།

    བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལག་བསྟར་བྱས་པ་དེས་མི་རིགས་ཁག་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཐུན་མོང་དར་རྒྱས་གོང་འཕེལ་བཅས་ཀྱི་སྲིད་ཇུས་བོད་དུ་ལག་བསྟར་ཐུབ་པའི་འགན་ལེན་བྱས་ཁར། བོད་ཀྱི་མི་རིགས་ཁག་གི་མི་དམངས་འདྲ་མཉམ་ངང་རྒྱལ་ཁབ་ཀྱི་ལས་དོན་ལ་དོ་དམ་དང་ས་གནས་དེ་གའི་ལས་དོན་ལ་རང་འགུལ་ངང་དོ་དམ་བྱེད་པའི་དབང་ཆ་འགན་ལེན་བྱས་ནས་བོད་ལྗོངས་རྒྱལ་ཡོངས་དང་མཉམ་དུ་འཕེལ་རྒྱས་ཡར་ཐོན་ཡོང་བར་ལམ་ལུགས་ཀྱི་འགན་ལེན་བྱས།

    བཞི། བྱ་གཞག་ཁག་འཕེལ་རྒྱས་མྱུར་པོ་ཕྱིན་པ།

    ཀྲུང་དབྱང་མི་དམངས་སྲིད་གཞུང་གི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག མི་རིགས་ཁག་གི་མི་དམངས་ཚོས་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱལ་ཡོངས་དང་མཉམ་དུ་གོང་འཕེལ་བྱུང་ཡོད། འཕེལ་རྒྱས་ཀྱི་རྨང་གཞི་དེ་བས་བརྟན་པོ་དང་། འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་ལེགས་པོ། འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེན་པོ་བྱུང་ཡོད།

    —— སྤྱི་ཚོགས་དང་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་མྱུར་པོ་ཕྱིན་པ།

    བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་། ཀྲུང་དབྱང་སྲིད་གཞུང་གིས་བོད་ལ་དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་མང་པོ་བཟོས་པ་དེ་དག་ནོར་ཁྲལ་དངུལ་རྩ་དང་། རྨང་གཞིའི་སྒྲིག་བཀོད། ཐོན་ལས་འཕེལ་རྒྱས། སློབ་གསོ་འཕྲོད་བསྟེན། རིག་གནས་སྲུང་སྐྱོང་། སྐྱེ་ཁམས་ཤེས་དཔལ་སོགས་ཁྱབ་ཁོངས་ཁག་དང་འབྲེལ་བ་ཡོད། ཀྲུང་དབྱང་ནོར་སྲིད་ཀྱིས་བོད་ལ་སྤོ་སྒྱུར་གཏོང་སྤྲོད་བྱེད་ཤུགས་ལོ་རེ་བཞིན་ཆེ་རུ་བཏང་སྟེ། དུས་སྐབས་མི་འདྲ་བར་བོད་ཀྱི་ཕུགས་ཀྱི་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བ་དང་འབྲེལ་བ་ཡོད་པའི་གཙོ་གནད་ལས་གྲྭ་དང་རྣམ་གྲངས་འབོར་ཆེན་སྔ་རྗེས་སུ་བཀོད་སྒྲིག་བྱས་པས་བོད་ཀྱི་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཧ་ཅང་ལེགས་སུ་ཕྱིན་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། 1994ལོ་ནས་2020ལོའི་བར་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས། དེ་བཞིན་ཀྲུང་དབྱང་ཁེ་ལས་བཅས་ཀྱིས་ཁག་9ལ་བགོས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་ལ་རོགས་སྐྱོར་བྱེད་པའི་རྣམ་གྲངས་6330ལག་བསྟར་བྱས་པར་བསྡོམས་མ་དངུལ་སྒོར་དུང་ཕྱུར་527བཏང་བ་མ་ཟད། ཕུལ་བྱུང་ལས་བྱེད་པ་9682བོད་སྐྱོར་བྱེད་པར་མངགས། 1951ལོར་བོད་ལྗོངས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1.29ལས་ཟིན་གྱི་མེད་པ་དང་2020ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1900ཟིན་ཏེ། དཔལ་འབྱོར་གྱི་སྟོབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་དཔལ་འབྱོར་གྱི་གྲུབ་ཆ་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད། 2020ལོར་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་གི་དངུལ་འབོར་སྒོར་དུང་ཕྱུར་745.78ཟིན་པ་དེ་1959ལོ་ལས་ལྡབ་2192འཕར་ཡོད།

    1930ལོར་དཔེ་སྐྲུན་བྱས་པའི《བོད་ཀྱི་འབྱུང་འཕེལ་གྱི་ཟིན་བྲིས་གནད་བསྡུས》ནང་བོད་ཀྱི་འགྲོ་ལམ་ནི“རྡོ་ཧྲུག་གང་སར་ཁེངས། མི་རྟ་བགྲོད་པར་དཀའ། དཀའ་ཉེན་ལྷག་པར་ཆེ། བརྗོད་པར་དཀའ་བའི་ཡུལ”ཡིན་ཚུལ་བཀོད་ཡོད། བཅིངས་འགྲོལ་མ་བཏང་གོང་། མཚོ་སྔོན་ཟི་ལིང་ངམ་ཡང་ན་སི་ཁྲོན་གཡག་རྔ་ནས་ལྷ་སར་ཐེངས་གཅིག་འགྲོ་འོང་བྱེད་པར་ལོ་ཕྱེད་ནས་ལོ་གཅིག་བར་འགོར་གྱི་ཡོད། ཞི་བས་བཅིངས་འགྲོལ་བཏང་ཚུན་བོད་དུ་གཞུང་ལམ་དང་། ལྕགས་ལམ། མཁའ་འགྲུལ། མདོང་ལམ་སོགས་སྐྱེལ་འདྲེན་བྱེད་སྟངས་སྣ་ཚོགས་ཚུད་པའི་ཕྱོགས་བསྡུས་ལང་གཟུགས་འགྲིམ་འགྲུལ་དྲ་བ་བསྐྲུན། ད་ཆ་སྒྲིག་ཚུད་གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པ་དང་བོད་ཀྱི་གཞུང་ལམ་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི་11.88ཟིན་ནས་ཤང་གྲོང་དང་སྒྲིག་ཚུད་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད་སོ་སོར་94%དང་76%ཟིན། མྱུར་བགྲོད་གཞུང་ལམ་དང་རིམ་པ་དང་པོའི་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་700ཙམ་ཟིན། མཚོ་བོད་ལྕགས་ལམ་དང་ལྷ་གཞིས་ལྕགས་ལམ་ཤར་གཏོང་ཐུབ་པ་དང་ཁྲོན་བོད་ལྕགས་ལམ་སྐྲུན་འགོ་ཚུགས། ཆབ་མདོའི་སྤང་མདའ་དང་། ཉིང་ཁྲིའི་སྨན་གླིང་། གཞིས་རྩེའི་ཞི་བདེ། མངའ་རིས་ཀྱི་དགུན་ས་སོགས་ཡན་ལག་གནམ་ཐང་བསྐྲུན་ཟིན་ནས་རྒྱལ་སྤྱི་དང་རྒྱལ་ནང་གི་མཁའ་ལམ་140ཟིན་པ་དང་གྲོང་ཁྱེར་66ལ་མཁའ་ལམ་ཤར་གཏོང་ཐུབ། འོད་ཁྲིད་ཚི་སྐུད་དང་སྲུང་སྐར་གཙོ་བོར་བྱས་པའི་དེང་རབས་འཕྲིན་གཏོང་དྲ་རྒྱའི་མ་ལག་གིས་བོད་ཆ་འཕྲིན་མྱུར་ལམ་དུ་ཁྲིད་པ་དང་སྲིད་འཛིན་གྲོང་ཚོ་ཚང་མར་སྒུལ་བདེའི་བརྡ་རྟགས་ཡོད་པ་དང་འོད་སྐུད་དང་དྲ་ཆེན་ཤར་གཏོང་ཐུབ་ཚད་99%ཟིན། ཞི་བས་བཅིངས་འགྲོལ་མ་བཏང་གོང་། བོད་དུ་མཐོ་རིམ་སྐུ་དྲག་ཉུང་ཤས་ཁོ་ནར་མཁོ་འདོན་བྱེད་པའི་གློག་ཁང་ཆུང་གྲས་གཅིག་ལས་མེད། མིག་སྔར་ཆུ་གློག་གཙོ་བོར་བྱེད་པ་དང་། ཉི་ནུས་དང་། རླུང་ནུས། ས་འོག་ཚ་ནུས་སོགས་ནུས་མང་གསབ་རེས་ཀྱི་ཕྱོགས་བསྡུས་ནུས་རྒྱུའི་མ་ལག་ཅིག་ཆགས། 2020ལོར་མངའ་རིས་དང་བོད་དབུས་གློག་དྲ་དྲ་སྦྲེལ་ལས་གྲྭ་དངོས་སུ་སྤྱོད་འགོ་ཚུགས་ནས་བོད་དུ་གློག་དྲ་གཙོ་བོ་ལྗོངས་ཡོངས་ལ་ཁྱབ།

    ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་དང་། འབྱུང་འཕྲོད་བཟོ་ལས། ཐོན་ལས་གསུམ་པ་བཅས་འཕེལ་རྒྱས་ཆེན་པོ་ཕྱིན་ཞིང་། བོད་ཀྱི་ཞིང་ནགས་འབྲོག་ཉ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་1965ལོའི་སྒོར་དུང་ཕྱུར་2.64ནས་2020ལོའི་སྒོར་དུང་ཕྱུར་233.5བར་འཕར་བ་དང་། 2015ལོར་འབྲུ་རིགས་ཐོན་འབབ་ཏུན་ཁྲི་100ཟིན་པ་དང་ནས་ཐོན་འབབ་ཏུན་ཁྲི་79.5ཡན་རྒྱུན་འཁྱོངས་ཐུབ་པ། ནུས་རྒྱུ་གཙང་མ་དང་། རང་བྱུང་འཐུང་ཆུ། ཞིང་འབྲོག་ཐོན་རྫས་ལས་སྣོན་ལས་རིགས། མི་རིགས་ལག་ཤེས་བཟོ་ལས། བོད་ལུགས་གསོ་རིག་དང་བོད་སྨན། ཨར་པོའི་རྒྱུ་ཆ་སོགས་ཚུད་པའི་བོད་ཀྱི་ཁྱད་ཆོས་ལྡན་པའི་དེང་རབས་བཟོ་ལས་མ་ལག་བཙུགས་ཡོད།

    ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་མགྱོགས་པོ་བྱུང་སྟེ་གློག་འདོན་འཕྲུལ་འཁོར་ཨ་མ་ནས་གློག་གཏོང་ཚད་ཆན་ཝ་ཁྲི་423ཟིན་པ་དང་། གློག་གཏོང་ཚད་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར་90ལྷག་ཟིན་པ། 2020ལོར་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་ནའང་བོད་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་འཕར་ཚད་སྔར་བཞིན་9.6%ཟིན་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ། ཡུལ་སྐོར་ལས་རིགས་མགྱོགས་མྱུར་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ནས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་3505ལྷག་ཙམ་ལ་སྣེ་ལེན་ཞུས་པ། དེང་རབས་ཞབས་ཞུའི་ལས་རིགས་སྤྱི་ཡོངས་ནས་འཕེལ་རྒྱས་བྱུང་བ་དང་། གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་བཞིའི་དྲ་ཐོག་ཚོང་དོན་ཞབས་ཞུ་ཁྱོན་ཡོངས་ནས་ཁྱབ་གདལ་བྱུང་བ། དྲ་རྒྱའི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་200ལྷག་ཙམ་ཟིན་པ། མཐོ་གསར་གྲངས་འཛིན་ཐོན་ལས་གསར་གཏོད་འཕེལ་རྒྱས་བྱུང་བ་དང་གྲངས་འཛིན་དཔལ་འབྱོར་གྱི་གཞི་ཁྱོན་སྒོར་དུང་ཕྱུར་330ལྷག་ཙམ་ཟིན་ཡོད།

    —— མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ།

    ཞི་བས་བཅིངས་འགྲོལ་མ་བཏང་གོང་། བོད་ཀྱི་90%ཡན་གྱི་མང་ཚོགས་ལ་རང་ཉིད་ཀྱི་སྡོད་ཁང་མེད་པ་དང་། གོས་ཀྱིས་ལུས་པོ་མི་དྲོད་པ། ཟས་ཀྱིས་གྲོད་པ་མི་རྒྱགས་པའི་འཚོ་བ་སྐྱེལ་གྱི་ཡོད། མིག་སྔར་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བ་ཁྱོན་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་བཞིན་ཡོད་ཅིང་། ཞིང་འབྲོག་མང་ཚོགས་ཀྱི་བདེ་སྡོད་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགན་ལེན་སྡོད་ཁང་འཛུགས་སྐྲུན་སོགས་ཀྱི་རིམ་སྤེལ་ལས་གྲྭའི་རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད། 2020ལོར་སླེབས་སྐབས་བོད་ཀྱི་ཞིང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་རང་བདག་སྡོད་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་41.46ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་རང་བདག་སྡོད་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་33.4ཟིན་ནས་བདེ་སྐྱིད་སྟོན་གྲངས་ཆེས་ཆེར་འཕར་ཡོད། 2011ལོ་ནས་2020ལོའི་བར། ཀྲུང་དབྱང་གི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་172.8བཀོད་སྒྲིག་བྱས་ནས་བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་ལེན་རང་བཞིན་གྱི་སྡོད་ཁང་ཁྲི་35.19ཡི་ལས་འགོ་འཛུགས་རྒྱུར་རྒྱབ་སྐྱོར་བྱས། 2019ལོ་ནས་བཟུང་ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་2.3བཀོད་སྒྲིག་བྱས་ནས་བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པའི་དུད་ཚང་8900ཙམ་གྱི་སྒྱུར་བཀོད་ལ་རྒྱབ་སྐྱོར་བྱས། ཞིང་འབྲོག་ཁུལ་གྱི་ཆུ་དང་། གློག ལམ། སོལ་རླངས། འཕྲིན་གཏོང་། སྦྲག་སྲིད། རླུང་འཕྲིན་བརྙན་འཕྲིན། ཁོར་ཡུག་ལེགས་གཏོང་བཅས་གཙོ་བོར་བྱས་པའི་ཕྱོགས་བསྡུས་བཅོས་སྒྲིག་ལས་གྲྭར་སྐུལ་འདེད་བཏང་བས་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་མཐར་ཕྱིན་པ་བྱུང་། 2019ལོར་བོད་དུ་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་31.5%ཟིན་པ་དང་། 2020ལོར་བོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་2010ལོ་ལས་ལྡབ་གཅིག་འཕར་བ། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་14598ཟིན་ནས་ལོ་གོང་མ་ལས་12.7%འཕར་བ། ལོ་18བསྟུད་མར་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ་དང་། ཉེ་བའི་ལོ་5རིང་གི་འཕར་ཚད་13%ཡས་མས་རྒྱུན་འཁྱོངས་ཐུབ་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་41156ཟིན་པ་དེ་ལོ་གོང་མ་ལས་10%འཕར་ཡོད།

    —— གཞི་རྩའི་སྤྱི་པའི་ཞབས་ཞུ་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བ།

    སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་སོང་ཞིང་། 2020ལོའི་བར་བོད་ཀྱིས་ཆུས་དང་། གྲོང་ཁྱེར(ས་ཁུལ) རྫོང(ཆུས) ཤང(གྲོང་རྡལ) གྲོང་ཚོ(གྲོང་ལྷན)བཅས་རིམ་ལྔའི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་བསྐྲུན་པ་དང་། དཔེ་མཛོད་ཁང་དང་། མང་ཚོགས་སྒྱུ་རྩལ་ཁང་། རྟེན་རྫས་བཤམས་མཛོད་ཁང་། ཕྱོགས་བསྡུས་རིག་གནས་བྱེད་སྒོ་ལྟེ་གནས། རིག་གནས་བྱེད་སྒོ་ཁང་སོགས་མི་དམངས་མང་ཚོགས་ཀྱིས་རང་འགུལ་ངང་རིག་གནས་བྱེད་སྒོ་སྤེལ་བའི་གནས་གལ་ཆེན་ཞིག་ཏུ་གྱུར། ད་ཆ་ཆེད་ལས་རིག་རྩལ་སློབ་གླིང་དང་ཚོགས་པ་10དང་། རྫོང་དང་ཆུས་ཀྱི་སྒྱུ་རྩལ་ཚོགས་པ་76 དམངས་ཁྲོད་ལྷ་མོ་རུ་ཁག་153 ཤང་དང་གྲོང་རྡལ་གྱི་རིག་རྩལ་འཁྲབ་སྟོན་རུ་ཁག་395 སྲིད་འཛིན་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་5492བཅས་ཡོད་ཅིང་། ཆེད་ལས་དང་ལས་ཞོར་རིག་རྩལ་འཁྲབ་སྟོན་རུ་ཁག་ལ་རུ་མི་ཁྲི་10ལྷག་ཙམ་ཡོད། 《གོས་འཁྲུའི་གླུ་གཞས》དང《སླར་ཡང་གླུ་ཞིག་བླངས་ནས་ཏང་ལ་ཕུལ》སོགས་དུས་རབས་ཀྱི་སྙིང་སྟོབས་མངོན་པ་དང་། བོད་ཀྱི་ཁྱད་ཆོས་མཚོན་པ། མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བ་བཅས་ཀྱི་ཕུལ་བྱུང་རིག་རྩལ་བརྩམས་ཆོས་འབོར་ཆེན་ཞིག་བཏོན་ཡོད། རིག་གནས་དམངས་ཕན་འཁྲབ་སྟོན་བྱེད་སྒོ་ཉིན་བཞིན་ཕུན་སུམ་ཇེ་ཚོགས་སུ་སོང་བ་དང་། དམངས་ཕན་འཁྲབ་སྟོན་ཐེངས་ཁྲི་2.4ལྷག་ཙམ་བྱས་པ། མི་དམངས་མང་ཚོགས་ཀྱི་རིག་གནས་ཁེ་དབང་འགན་སྲུང་གང་ལེགས་བཅས་བྱུང་ཡོད། སྤྱི་པའི་གྲངས་འཛིན་རིག་གནས་འཛུགས་སྐྱོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་གྲངས་འཛིན་ཅན་གྱི་ཞབས་ཞུའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་ཕྱིན་ནས། “མཛེས་སྡུག་ལྡན་པའི་བོད་ལྗོངས། ངོ་མཚར་ཆེ་བའི་ཕ་ཡུལ”ཞེས་པའི་ཕུལ་བྱུང་རིག་གནས་ཐོན་རྫས་དང་གྲོང་གསེབ་ཀྱི་མཁོ་སྤྲོད་འདུ་འགོད་ལག་ལེན་བསྟར་ཏེ། སྤྱི་པའི་རིག་གནས་ཀྱི་གྲངས་འཛིན་རིག་གནས་དྲ་བ་ནས་ས་གནས་ཀྱི་ཁྱད་ལྡན་ཐོན་ཁུངས་དང་གསར་བརྗེའི་ཐོན་ཁུངས་གཏོང་སྤེལ་བྱེད་ཚད་TB9.33ཟིན་པ་དང་། ཕྱི་ཕྱོགས་ནས་TB20ཟིན་པའི་ཐོན་ཁུངས་2950ལྷག་ཙམ་ཉོས་པ། གྲངས་ཉུང་མི་རིགས་ཀྱི་སྐད་དུ་བསྒྱུར་བའི་གྲངས་འཛིན་ཐོན་ཁུངས་ཆུ་ཚོད་4169ཟིན་གྱི་ཡོད།

    རླུང་འཕྲིན་དང་། བརྙན་འཕྲིན། གསར་འགྱུར་དཔེ་སྐྲུན་བཅས་ཀྱི་བྱ་གཞག་འཕེལ་རྒྱས་མྱུར་པོ་བྱུང་ཞིང་། 2020ལོར་སླེབས་སྐབས་བོད་དུ་ཀུན་ཁྱབ་རླུང་འཕྲིན་ཁང་1དང་། བརྙན་འཕྲིན་ཁང་1 རླུང་འཕྲིན་བརྙན་འཕྲིན་ཁང་75 ཤང(གྲོང་རྡལ)གི་གྲོང་ཚོ་རིམ་པའི་རླུང་འཕྲིན་བརྙན་འཕྲིན་བསྡུ་སྒྱུར་ས་ཚིགས་112 རླབས་འབྲིང་རླབས་ཐུང་བརྒྱུད་གཏོང་ཁང་27 ཟློས་སྒྲིག་བརྙན་འཕྲིན་བརྒྱུད་གཏོང་ཁང་3933བཅས་ཡོད། ཞིང་འབྲོག་མང་ཚོགས་ཁྲི་60ཡིས་ཐད་གཏོང་སྲུང་སྐར་བརྒྱུད། རླུང་འཕྲིན་ལེ་ཚན་26ཉན་ཐུབ་པ་དང་བརྙན་འཕྲིན་ལེ་ཚན་54ལྟ་ཐུབ་ཀྱི་ཡོད། གྲངས་ཉུང་མི་རིགས་ཀྱི་རླུང་འཕྲིན་ལེ་ཚན་སྒྱུར་བཟོ་བྱས་པ་ཆུ་ཚོད་18594ཟིན་པ་དང་། གྲངས་ཉུང་མི་རིགས་ཀྱི་བརྙན་འཕྲིན་ལེ་ཚན་སྒྱུར་བཟོ་བྱས་པ་ཆུ་ཚོད་6881ཟིན་པ། རླུང་འཕྲིན་དང་བརྙན་འཕྲིན་ཕྱོགས་བསྡུས་མི་འབོར་ཁྱབ་ཚད་99%ལྷག་ཙམ་ཟིན་ཡོད། མིག་སྔར་བོད་དུ་ཡོངས་བསྒྲགས་སུ་འགྲེམས་སྤེལ་བྱེད་པའི་ཚགས་པར་དང་དུས་དེབ་སྣ་ཁ་66ཟིན་པ་དང་ཞིང་པའི་དཔེ་དེབ་ཁང་5464དང་དགོན་སྡེའི་དཔེ་དེབ་ཁང་1787བསྐྲུན་པ་དག་སྲིད་འཛིན་གྲོང་ཚོ་དང་དགོན་སྡེ་ཚང་མར་ཁྱབ་ཡོད།

    བོད་རྙིང་པར་དེང་རབས་ཀྱི་དོན་སྙིང་ལྡན་པའི་སློབ་གྲྭ་གཅིག་ཀྱང་མེད་པ་དང་ཡིག་རྨོངས་བ་95%ཟིན་ཞིང་། དེང་རབས་ཚན་རྩལ་ནི་དེ་བས་ཀྱང་གླེང་ཐབས་བྲལ། 1951ལོ་ནས་2020ལོའི་བར། རྒྱལ་ཁབ་ཀྱིས་རིམ་རྩིས་བརྒྱབ་ན་སློབ་གསོའི་གྲོན་དངུལ་སྒོར་དུང་ཕྱུར་2239.65བཏང་ནས། བོད་དུ་སློབ་ཞུགས་གོང་གི་སློབ་གསོ་དང་། རྨང་གཞིའི་སློབ་གསོ། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ། རྒྱུན་མཐུད་སློབ་གསོ། དམིགས་བསལ་སློབ་གསོ་བཅས་ཚུད་པའི་དེང་རབས་ཀྱི་སློབ་གསོའི་མ་ལག་འཛུགས་རྒྱུར་སྐུལ་འདེད་བཏང་སྟེ། ལོ་15ཡི་རིང་གཞུང་གྲོན་སློབ་གསོ་ལག་ལེན་བསྟར་བ་དང་སློབ་ཆུང་གི་རྩིས་རིག་སློབ་ཚན་ཁྲིད་ཚད་དང་། སློབ་འབྲིང་གི་རྩིས་རིག་དང་། དངོས་ཁམས། རྫས་འགྱུར་བཅས་ཀྱི་སློབ་ཚན་སློབ་ཁྲིད་འཆར་གཞི་ལེགས་སྒྲུབ་བྱེད་ཚད། ལས་རིགས་ལག་རྩལ་སློབ་གྲྭའི་རྒྱལ་ཁབ་ཀྱི་དཀར་ཆག་ནང་གཏན་འབེབས་བྱས་པའི་སློབ་ཚན་སློབ་ཁྲིད་བྱེད་ཚད་སོགས་ཚང་མ་100%ཟིན་པ་དང་། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོ་ཁྱབ་གདལ་འགག་སྒྲོལ་གྱི་ལས་དོན་དུས་བཀག་ལྟར་ལེགས་གྲུབ་ཟིན་ཡོད། 2015ལོ་ནས་བཟུང་། སློབ་གསོའི་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལག་ལེན་བསྟར་བ་བརྒྱུད་བོད་ཀྱི་སློབ་གསོའི་ཆུ་ཚད་མཐོ་རུ་ནུས་ལྡན་ཕྱིན་ཞིང་། མིག་སྔར། བོད་དུ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་3195ཡོད་པ་ལས་མཐོ་རིམ་སློབ་གྲྭ་དཀྱུས་མ་7དང་། འབྲིང་རིམ་ལས་རིགས་སློབ་གྲྭ་12 སློབ་འབྲིང་143 སློབ་ཆུང་827 སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཁྲི་79ལྷག་ཙམ་བཅས་ཡོད་པ་དང་། གཞན་ཡང་ལྗོངས་ཕྱིར་སློབ་སྦྱོང་བྱེད་བཞིན་པའི་བོད་ཀྱི་སློབ་མ་ཁྲི་9.2ལྷག་ཙམ་ཡོད། སློབ་ཞུགས་གོང་གི་ལོ་གསུམ་གྱི་ན་འདྲེས་བྱིས་པ་བུ་བཅོལ་ཁང་དུ་ཞུགས་ཚད་87%ཟིན་པ་དང་། སློབ་ཆུང་དུ་སློབ་ཞུགས་བྱེད་ཚད་99.93%ཟིན་པ། དམའ་རིམ་སློབ་འབྲིང་དང་། མཐོ་རིམ་སློབ་འབྲིང་། མཐོ་རིམ་སློབ་གསོ་བཅས་ལ་ན་འདྲེས་སློབ་ཞུགས་བྱེད་ཚད་106.99%དང་། 90.2% 56.14%བཅས་སོ་སོར་ཟིན་པ། རྫོང་ཁོངས་ཀྱི་འོས་འགན་སློབ་གསོ་གཞི་རྩའི་ཆ་ནས་དོ་སྙོམས་ངང་འཕེལ་རྒྱས་ཕྱིན་པ། འོས་འགན་སློབ་གསོ་བརྟན་དུ་གཏོང་ཚད་95.03%ཟིན་པ། གསར་འཕར་ངལ་རྩོལ་ནུས་ཤུགས་མི་རེར་ཆ་སྙོམས་སློབ་གསོ་ཐོབ་ཚད་ལོ་13.1བར་རིང་དུ་ཕྱིན་ཡོད། སྲིད་གཞུང་དང་། སྤྱི་ཚོགས། ཁེ་ལས་བཅས་ཀྱིས་ཐབས་ལམ་མང་པོར་བརྟེན་ནས་ལས་ཞུགས་ཐག་གཅོད་མཐའ་འཁྱོངས་དང་། མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ་ལས་ཀར་ཞུགས་ཚད་ལོ་5བསྟུད་མར་95%ཡན་རྒྱུན་འཁྱོངས་ཐུབ་པ་དང་2020ལོར་99%ཟིན་ཡོད། ཚན་རྩལ་ལས་སྟེགས་དང་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་རྒྱུན་ཆད་མེད་པར་མགྱོགས་སུ་ཕྱིན་ནས་རིགས་ཁག་གི་ཆེད་ལས་ལག་རྩལ་མི་སྣ་ཁྲི་9.2ཡོད་པ་དང་ཚན་རྩལ་ཡར་ཐོན་གྱིས་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་45.6%ཟིན་གྱི་ཡོད།

    ཞི་བས་བཅིངས་འགྲོལ་མ་བཏང་གོང་། བོད་དུ་སྒྲིག་ཆས་ཐབས་ཆག་དང་གཞི་ཁྱོན་ཧ་ཅང་ཆུང་བའི་གཞུང་བཙུགས་སྨན་ཁང་3དང་སྒེར་གྱི་སྨན་ཁང་ཉུང་ཤས་ལས་མེད། མིག་སྔར་སྨན་བཅོས་ཞབས་ཞུ་དང་། མ་བུ་བདེ་སྲུང་། ནད་ཡམས་སྔོན་འགོག་དང་ཚོད་འཛིན། བོད་ལུགས་གསོ་བ་རིག་པ་སོགས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་ཞིང་། རིམ་ཁག་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་1642ཟིན་པ་ལས་ཀ་པ་རིམ་པ་གསུམ་པའི་སྨན་ཁང་11དང་། མི་སྟོང་རེར་ཉལ་ཁྲི་4.9 མི་སྟོང་རེར་འཕྲོད་བསྟེན་ལག་རྩལ་མི་སྣ་5.89ཡོད། སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལག་བསྟར་བྱས་པས། མི་རིགས་ཁག་གི་མང་ཚོགས་ཚོས་རང་ཁྱིམ་གྱི་སྒོ་འགྲམ་དུ་ཆུ་ཚད་མཐོ་བའི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ། སྨན་བཅོས་འཕྲོད་བསྟེན་གྲོང་ཁྱེར་དང་གྲོང་གསེབ་གང་སར་ཁྱབ་པ་དང་། ཤང་ཚང་མར་སྨན་ཁང་དང་གྲོང་ཚོ་ཚང་མར་འཕྲོད་བསྟེན་ཁང་ཡོད། མི་དམངས་ཀྱི་བདེ་ཐང་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས་སྦྲུམ་མ་ཤི་ཚད་48/ཁྲི་10བར་ཆག་པ་དང་། ཕྲུ་གུ་དམར་འབྱར་ཤི་ཚད་7.6‰བར་ཆག་པ་གཉིས་ཀ་ལོ་རྒྱུས་ཀྱི་ཚད་གཞི་དམའ་ཤོས་ཡིན་པ་རེད། མི་རེའི་ཆ་སྙོམས་ཚེ་ཚད་1951ལོའི་ལོ་35.5ནས་2019ལོའི་ལོ་71.1བར་རིང་དུ་ཕྱིན་ཡོད། ནད་གཞི་ཆེ་གྲས་400ལྷག་ཙམ་བོད་ནས་སྨན་བཅོས་ཐུབ་པ་དང་ཐུམ་འབུའི་ནད་དང་། གྲུམ་བུ་ཚིགས་ཆེན་ནད། ལྷན་སྐྱེས་སྙིང་ནད། སྐྱ་འགྲིབ་ནད་སོགས་བོད་དུ་གང་སར་མཆེད་པའི་ནད་གཞི་འདི་དག་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་སྨན་བཅོས་དང་འགོག་བཅོས་ཐུབ་ཡོད།

    སྤྱི་ཚོགས་འགན་སྲུང་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་4%ནང་ཚུན་དུ་ཚོད་འཛིན་ཐུབ་པ་དང་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་བྱེད་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། རྒན་གསོ་དང་། སྨན་བཅོས། ལས་ཤོར། ལས་རྨས། བུ་བཙའ་བཅས་འགན་བཅོལ་ཆེན་པོ་ལྔ་གཙོ་བོར་བྱས་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་ཡོངས་ལ་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་ཕྱོགས་ཡོངས་ནས་བཙུགས་པས། མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་ནུས་ལྡན་ཐུབ་ཡོད། 2020ལོར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་བསྡུ་སྒྲིལ་བྱས་ནས། ལོར་མི་རེའི་ཆ་སྙོམས་ཁ་གསབ་ཚད་གཞི་སྒོར་585བར་མང་དུ་བཏང་ཞིང་། སྔོན་ལ་སྨན་བཅོས་དང་རྗེས་སུ་སྨན་རིན་རྩིས་རྒྱག་རྒྱུ་མི་འབོར་ཡོངས་ལ་ཁྱབ་ནས། འགན་བཅོལ་ཐེབས་རྩའི་གཏོང་ཡོང་དོ་སྙོམས་ཡོང་བའི་འགན་ལེན་བྱུང་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ལོ་འཁོར་གྱི་སྨན་རིན་རྩིས་ཞུ་བྱེད་ཚད་མང་ཤོས་སྒོར་ཁྲི་14ཟིན་པ་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི་ལྡབ་7ཙམ་ཡིན། ནད་ཆེན་ཆེད་དོན་སྐྱོབ་བཅོས་ཀྱི་ནད་རིགས་38བར་མང་དུ་བཏང་ནས་གཞི་རྩའི་སྨན་བཅོས་འགན་ལེན་སྔར་བས་ནུས་ལྡན་བྱས་ཡོད། སྤྱི་ཚོགས་འགན་བཅོལ་ཕྱོགས་ཡོངས་ལ་ཁྱབ་པ་དང་མི་རིགས་ཁག་གི་མི་དམངས་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་འགན་སྲུང་ལོངས་སྤྱོད་ཐུབ་ཡོད།

    ལྔ། དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ།

    བོད་ནི་རྒྱལ་ཡོངས་སུ་དབུལ་པོ་ཐོན་ཚད་མང་ཤོས་དང་། དབུལ་ཕོངས་ནང་གི་དབུལ་ཤོས། དབུལ་སྐྱོར་གྱི་མ་གནས་མཐོ་ཤོས། དབུལ་སྒྲོལ་དཀའ་ཚེགས་ཆེ་ཤོས་བཅས་ཀྱི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་ཞིག་རེད། དབུལ་ཕོངས་ཀྱི་གནད་དོན་ཐག་གཅོད་བྱེད་པ་ནི། ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་འཛིན་པའི་སྲིད་ཇུས་ཡིན་ཞིང་། བོད་ཞི་བས་བཅིངས་འགྲོལ་བཏང་མ་ཐག་པའི་སྐབས་སུ། བོད་སྐྱོད་མི་དམངས་བཅིངས་འགྲོལ་དམག་དང་ལས་བྱེད་མི་སྣས་དབུལ་སྐྱོར་དཀའ་སེལ་གྱི་ལས་དོན་མང་པོ་བསྒྲུབས་ཡོད། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པ་བཟོས་རྗེས། བོད་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་ཅིང་། ཀྲུང་གོ་གུང་ཁྲན་ཏང་གིས་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་གཏོང་བ་དང་། ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ། བཤུ་གཞོག་མེད་པ་བཟོ་བ། དབུལ་ཕོངས་ཀྱི་གནད་དོན་སེལ་བ། ཐུན་མོང་ཕྱུག་འགྱུར་ཡོང་བ་བཅས་རང་འགན་དུ་བརྩིས་ཏེ། མི་རབས་ནས་མི་རབས་བར་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་གི་ལས་དོན་ལ་གཞོལ་ཡོད། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན། ལོ་5བསྟུད་མར་ཁ་གཏད་བོད་སྐྱོར་གྱི་དབུལ་སྐྱོར་ལས་དོན་གཏིང་ཟབ་ཏུ་གཏོང་བའི་ཚོགས་འདུ་འཚོགས་པ་དང་། “ཀྲུང་དབྱང་ཁེ་ལས་ཀྱིས་དམངས་ཕྱུག་བོད་དར་ལ་རམ་འདེགས་བྱེད་པ”སོགས་ཀྱི་བྱེད་སྒོ་གསར་གཏོད་ངང་སྤེལ་བ། གནད་སྨིན་ཇུས་བསྟར་དང་གནད་སྨིན་རོགས་སྐྱོར་བྱས་པ་བརྒྱུད། བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་ནས་མི་རིགས་ཁག་གི་མི་དམངས་ལྟོ་གོས་ལ་སེམས་ཁྲལ་ལྟ་ཅི། འོས་འགན་སློབ་གསོ་དང་། གཞི་རྩའི་སྨན་བཅོས། སྡོད་ཁང་བདེ་འཇགས་བཅས་ཀྱང་འགན་ལེན་གང་ལེགས་བྱུང་ཡོད། 2019ལོའི་ལོ་མཇུག་བར། ལྗོངས་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8ཚང་མ་དབུལ་སྒྲོལ་ཐུབ་པ་དང་། རྫོང་དང་ཆུས་དབུལ་པོ་74ཚང་མའི་དབུལ་ཞྭ་ཕུད་པས། ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་པོ་དབུལ་རྐྱང་གི་གནད་དོན་ཐག་གཅོད་ཐུབ་ཡོད། མིག་སྔར། དབུལ་སྒྲོལ་ཐུབ་པའི་མི་འབོར་དབུལ་པོའི་ལོ་རེའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་ཟིན་ནས་དབུལ་སྒྲོལ་གྱི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་ཕྱིན་ཡོད། དམངས་གཙོའི་བཅོས་སྒྱུར་ལས་བོད་ཀྱི་སྤྱི་ཚོགས་ལམ་ལུགས་ལ་གོམ་སྟབས་གཅིག་གིས་ལོ་ངོ་སྟོང་གི་མཆོང་སྐྱོང་བྱུང་བ་དང་དབུལ་སྒྲོལ་འགག་སྒྲོལ་ལས་བོད་ཀྱི་མི་དམངས་ཀྱི་འཚོ་བ་སྐྱེལ་སྟངས་ལ་གོམ་སྟབས་གཅིག་གིས་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བ་དོན་དངོས་ལས་གསལ་བཤད་ཐུབ་ཡོད།

    —— དབུལ་པོ་དབུལ་རྐྱང་གི་གནད་དོན་རྦད་དེ་བསལ་བ།

    ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་འཕེལ་རྒྱས་ཀྱི་ལམ་བུ་ཡང་དག་བཙལ་ཞིང་། ནས་དང་འབྲི་གཡག་གི་ཐོན་ལས་འཕེལ་རྒྱས་ཤུཌ་ཆེན་བཏང་ནས“བོད་ནས་ཨང་2000པ”དང་། “ཧི་མ་ལ་ཡ་ཨང་22པ” “ཕག་རིའི་འབྲི་གཡག” “རི་བོ་ཆེའི་འབྲི་གཡག” “གམ་པའི་ལུག”སོགས་སོན་བཟང་དང་རྒྱུད་བཟང་ཁྱབ་གདལ་གྱིས་ཐོན་ཚད་རྐྱང་པའི་ཆུ་ཚད་གོང་གཏོང་མཐོར་བཏང་ཡོད། ལས་སྣོན་ཞིབ་ཚགས་ལ་རོགས་སྐྱོར་དང་། ཐོན་རྫས་མཁོ་སྤྲོད་གསར་གཏོད། ཐོན་ལས་འཁོར་འབྲེལ་རྒྱ་སྐྱེད་བཅས་བྱས་ཡོད། 2020ལོར་བོད་དུ་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་162ཡོད་པ་དང་ཞིང་འབྲོག་ཐོན་རྫས་ལས་སྣོན་ལས་རིགས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་57ཟིན་པ་དེ་2015ལོའི་ལོ་མཇུག་ལས་ལྡབ་གཅིག་འཕར་ཡོད། “མཉམ་ལས་ཁང་དང་ཞིང་དུད”ཟུང་འབྲེལ་དང་། “སྣེ་འདྲེན་ཁེ་ལས་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས། ཞིང་དུད”ཟུང་འབྲེལ་སོགས་ཀྱི་བྱ་ཐབས་བརྒྱུད་ཆེད་ལས་ཅན་གྱི་ཆུ་ཚད་མཐོ་རུ་དང་ཐོན་སྐྱེད་ལས་ཕྱོད་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས། ཞིང་ལས་སྐྱེ་དངོས་གཙོ་བོ་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་མངོན་འགྱུར་བྱེད་ཚད་65%ཟིན་ཡོད། དྲ་ཐོག་ཚོང་དོན་གྱི་དབུལ་སྐྱོར་ལ་སྐུལ་འདེད་བཏང་ནས་གྲོང་གསེབ་ལ་འཚམ་པའི་དྲ་ཐོག་ཚོང་དོན་ཁྱབ་གདལ་གཏོང་སྟངས་ཤིག་བཏོད་ཅིང་། རིམ་རྩིས་བྱས་ན་ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར་8.79བཏང་ནས་ཁྱད་ལྡན་ཞིང་ལས་ཐོན་རྫས་དྲ་ཐོག་ནས་ཕྱིར་འཚོང་བྱེད་པར་སྐུལ་ཁྲིད་དང་། ཞིང་འབྲོག་པའི་འབབ་འཕར་ལས་ཞུགས་ལ་སྐུལ་འདེད། དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བཅས་བྱས་ཡོད། ཡུལ་སྐོར་ལས་རིགས་གཙོ་གནད་དུ་འཕེལ་རྒྱས་བཏང་ནས“བོད་ཀྱི་རིག་གནས་ཉམས་ལེན་ཡུལ་སྐོར”གསར་གཏོད་རིམ་སྤོར་བྱས་པ་དང་། “རྒྱལ་ལམ་318ཀྱི་ཡུལ་སྐོར་ལམ་ཐིག་མཛེས་ཤོས”བཏོད་པ། “དགུན་དུས་བོད་དུ་ཡུལ་སྐོར་བྱེད་པ”སོགས་གསར་དུ་བཏོད་པ་རེད། 2020ལོའི་བར་བོད་ཀྱི་ཞིང་འབྲོག་པས་ཐད་ཀར་རམ་ཡང་ན་བྱ་ཐབས་གཞན་དག་བརྒྱུད་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་ལ་མི་ཐེངས་ཁྲི་8.6ཙམ་ཞུགས་པར་ལོ་རེར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་4300ལྷག་ཙམ་བྱུང་ཡོད། རིག་གནས་ཐོན་ལས་འཕེལ་རྒྱས་བཏང་ནས་སྲོལ་རྒྱུན་རིག་གནས་ཁྲོམ་ར་ཅན་གྱི་གསར་སྤེལ་ལ་རོགས་སྐྱོར་བྱས་པས་ཐང་ག་དང་། འཇིམ་བརྙན། དེ་བཞིན་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་དཔེར་ན། འཁེལ་འཐག་དང་། རྒྱན་གོས། ཁྱིམ་ཆས་མཛེས་བཟོ་སོགས་མཁོ་སྤྲོད་དང་དགོས་མཁོ་གཉིས་ཀ་ཆེ་རུ་ཕྱིན་ནས་གཞི་ཁྱོན་ཆེ་བའི་གསར་དར་ཐོན་ལས་ཤིག་ཆགས་ཡོད།

    རིམ་པ་ཁག་དང་རིགས་ཁག་གི་རིག་གནས་ཐོན་ལས་དཔེ་སྟོན་གླིང(རྟེན་གཞི)བསྐྲུན་པར་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་60ལས་བརྒལ་བ་དང་ལོར་ཆ་སྙོམས་འཕར་ཚད་15%ཟིན་ཡོད། 2016ལོ་ནས་བཟུང་། བོད་ཀྱིས་རིམ་རྩིས་བྱས་ན་ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར་753.8བསྡུ་སྒྲིལ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ལ་སྤྱད་པ་དང་། ཐོན་ལས་དབུལ་སྐྱོར་རྣམ་གྲངས་3037ལག་བསྟར་བྱས་པ། ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་ཁྲི་23.8དབུལ་སྒྲོལ་ཐུབ་རྒྱུར་ཐད་ཀར་སྐུལ་ཁྲིད་བྱས་པ། སྐྱེད་སྦྱར་དངུལ་བུན་སྒོར་དུང་ཕྱུར་647.68དང་གྲངས་ཉུང་ཡིད་རྟོན་དངུལ་བུན་སྒོར་དུང་ཕྱུར་63.32བཏང་ནས་ཐོན་ལས་འཕེལ་རྒྱས་ལ་འདེགས་སྐྱོར་ཤུགས་ཆེན་བྱས་ཡོད།

    གྲོང་གསེབ་ཀྱི་ཉེན་ཁང་སྒྱུར་བཀོད་བྱས་ནས་སྡོད་ཁང་བདེ་འཇགས་ཡོང་བར་འགན་སྲུང་བྱས་ཤིང་། 2008ལོ་ནས་བཟུང་། རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་36.18བཏང་ནས་བོད་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་དུད་ཚང་། ཁ་ཐོར་བསྙེན་བཀུར་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ། དབང་པོ་སྐྱོན་ཅན་དབུལ་པོའི་ཁྱིམ་ཚང་སོགས་གཙོ་གནད་རོགས་སྐྱོར་བྱ་ཡུལ་རིགས་4ཡི་དུད་ཚང་ཁྲི་39.97ལ་རྒྱབ་སྐྱོར་བྱས་པ་དང་། གྲོང་གསེབ་ཀྱི་ཉེན་ཁང་སྒྱུར་བཀོད་བྱས་པ་བརྒྱུད། ས་ཁང་དང་རྡོ་རྩིག་ཁང་པ་གོག་ཧྲུལ་སོགས་ཉེན་ཁ་ཆེ་བའི་སྡོད་ཁང་དུ་སྡོད་མཇུག་འགྲིལ་ནས་རྒྱ་ཆེ་ལ་དཀར་ཆ་དོད་པའི་བདེ་འཇགས་སྡོད་ཁང་དུ་སྡོད་རྒྱུ་བྱུང་ཡོད། མི་ཧྲེང་སོགས་སྡོད་ཁང་སྒྱུར་བཀོད་བྱེད་ནུས་མེད་པའི་དམིགས་བསལ་དཀའ་ངལ་ཡོད་པའི་མང་ཚོགས་ཁག་གཅིག་ལ་གྲོང་གསེབ་ཀྱི་མཉམ་སྡེབ་བོགས་གཏོང་ཁང་པ་གཅིག་གྱུར་སྐྲུན་པ་དང་། ད་ཡོད་ཀྱི་བེད་མེད་སྡོད་ཁང་ཉམས་གསོ་དང་བརྟན་དུ་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད། ཁོང་ཚོའི་སྡོད་ཁང་གི་བདེ་འཇགས་གནད་དོན་མཐའ་གཅིག་ཏུ་ཐག་གཅོད་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྨང་གཞི་བརྟན་པོ་བཏིང་ཡོད།

    ཡུལ་གཞན་དུ་གནས་སྤོ་བྱས་ནས་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་བཏང་ཞིང་། བོད་ཀྱི་མི་འབོར་དབུལ་པོ་གཙོ་བོ་བོད་བྱང་ཐང་གི་ས་བབ་མཐོ་བའི་འབྲོག་ཁུལ་དང་། ལྷོ་རྒྱུད་མཐའ་མཚམས་ས་ཁུལ། བོད་ཤར་རྒྱུད་ཀྱི་འཕྲེད་རྒྱུག་རི་ཁུལ་སོགས་ས་བབ་མཐོ་བ་དང་ཆ་རྐྱེན་ཞན་པ་དང་། ལྟེ་བའི་ཁྲོམ་ར་དང་ཐག་རིང་བའི་ས་ཁུལ་དུ་གཅིག་སྡུད་བྱས་ཡོད་པས། ཡུལ་གཞན་དུ་གནས་སྤོ་བྱ་རྒྱུ་དེ་དབུལ་སྒྲོལ་གྱི་གདམ་ག་ལུགས་མཐུན་ཞིག་ཏུ་གྱུར་ཡོད། 2016ལོ་ནས་བཟུང་བོད་ཀྱིས་དབུལ་སྐྱོར་དབུལ་སྒྲོལ་དམིགས་ཚད་དུ་བྱས་པའི་ཡུལ་གཞན་དུ་གནས་སྤོ་བྱེད་ཤུགས་ཆེ་རུ་བཏང་ཞིང་། 2020ལོའི་བར་ས་བབ་ཅུང་དམའ་བ་དང་ཐོན་སྐྱེད་དང་འཚོ་བར་འཚམ་པའི་ས་ཁུལ་དུ་དབུལ་སྐྱོར་གནས་སྤོས་ཁུལ(བྱ་ཡུལ)964བསྐྲུན་པ་དང་མི་ཁྲི་26.6རང་མོས་གནས་སྤོ་བྱས་ཡོད། ལྗོངས་ཡོངས་ཀྱི་ཐོན་ལས་དབུལ་སྐྱོར་མ་དངུལ་གྱི་5%བཀོད་སྒྲིག་བྱ་ཡུལ་གྱི་ཐོན་ལས་འཕེལ་རྒྱས་ལ་སྤྱད་དེ། གནས་སྤོས་དུད་ཚང་རེར་ཉུང་མཐར་ཡང“དུད་ཚང་རེ་ནས་མི་རེ”ལས་ཞུགས་ཐུབ་པའི་འགན་ལེན་བྱས་པས་གཞིས་ཆགས་ཐུབ་པ་དང་ལས་ཞུགས་ཐུབ་ནས་རིམ་བཞིན་ཕྱུག་འགྱུར་བྱུང་ཡོད།

    དབུལ་སྐྱོར་བྱེད་པར་སྔོན་ལ་བློ་སྐྱོར་རིག་སྐྱོར་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ནང་གནས་སྒུལ་ཤུགས་སྐྱེད་སྲིང་བྱས་ཤིང་། སློབ་གསོའི་གྲོན་དངུལ་ས་ཁུལ་དབུལ་པོ་དང་། རྨང་གཞིའི་སློབ་གསོ། ལས་རིགས་སློབ་གསོ་བཅས་ལ་གཟིགས་སྐྱོང་གིས་གཏོང་བའི་སྲིད་ཇུས་མཐའ་འཁྱོངས་བྱས་ནས་ས་ཁུལ་དབུལ་པོར་སློབ་གཉེར་ཆ་རྐྱེན་ལེགས་སུ་གཏོང་རོགས་བྱས་ཡོད། བོད་དུ་སློབ་ཞུགས་གོང་གི་སློབ་གསོ་ནས་མཐོ་རིམ་སློབ་གསོའི་དུས་མཚམས་བར་གྱི་སློབ་མར་རོགས་དངུལ་སྤྲོད་པའི་མ་ལག་ཕྱོགས་ཡོངས་ནས་བསྐྲུན་པ་དང་། རོགས་དངུལ་སྤྲོད་པའི་སྲིད་ཇུས་ཁག་40ཟིན་པ། རོགས་དངུལ་སྤྲོད་པའི་ཁྱབ་ཁོངས་སློབ་མཚམས་ཚང་མར་ཁྱབ་པ་དང་། གཞུང་བཙུགས་དང་དམངས་བཙུགས་ཚང་མར་ཁྱབ་པ། ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མ་ཚང་མར་ཁྱབ་ཡོད། མིག་སྔར་སློབ་གསོའི“འགན་ལེན་གསུམ”གྱི་འགྲོ་གྲོན་ཚད་གཞི་ལོ་རེར་སློབ་མ་རེར་ཆ་སྙོམས་སྒོར་4200བར་མང་དུ་བཏང་བ་དང་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོའི་སློབ་མ་སློབ་མཚམས་ཆད་པའི་སྣང་ཚུལ་མེད་པར་བཟོས་ཡོད། མཐོ་སློབ་ཀྱིས་ཞིང་འབྲོག་ཁུལ་དང་ས་ཁུལ་དབུལ་པོའི་སློབ་མར་ཆེད་མངགས་སློབ་མ་བསྡུ་རྒྱུར་སྐུལ་འདེད་བཏང་བ་དང“རྩ་ཆག་གསུམ་དང་ཁ་གསབ་གཅིག”གི་སྲིད་ཇུས་དོན་འཁྱོལ་བྱས་ཤིང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རིམ་རྩིས་བྱས་ན་སློབ་གྲྭར་འགྲོ་མུས་ཀྱི་སློབ་ཆེན་སློབ་མ་དབུལ་པོ་མི་ཐེངས་ཁྲི་4.67ལ་རོགས་དངུལ་སྤྲད་ཡོད། ཁྲོམ་རའི་དགོས་མཁོ་དང་མང་ཚོགས་དབུལ་པོའི་འདོད་བློ་དང་ཟུང་འབྲེལ་གྱིས་ཨར་སྐྲུན་དང་། འཚོ་བའི་ཞབས་ཞུ། བཟའ་བཅའ་ལས་སྣོན། རླངས་འཁོར་ཉམས་བཟོ། ནད་སྐྱོང་། ལག་ཤེས་བཟོ་རྩལ་སོགས་ལས་རིགས་ལག་རྩལ་སློབ་གསོ་གཉེར་ཏེ། མི་འབོར་དབུལ་པོར་བལྟོས་བཅས་བརྟན་པོ་དང་གླ་ཆ་དེ་བས་མཐོ་བའི་ལས་ཞུགས་ཀྱི་གོ་སྐབས་མཁོ་འདོན་བྱས་ཡོད།

    སྤྱི་ཚོགས་ཀྱི་འགན་སྲུང་ཆུ་ཚད་མཐོ་རུ་བཏང་ནས་ཐ་སྐྱོང་འགན་ལེན་བྱས་ཤིང་། བོད་ཀྱིས་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་11.4ལ་སྤྱི་ཚོགས་རོགས་སྐྱོབ་ཀྱི་ཐ་སྐྱོང་འགན་ལེན་བྱས་ཏེ། འགན་ལེན་བྱེད་དགོས་རིགས་ཚང་མར་འགན་ལེན་བྱས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་མི་རེར་ལོ་རེར་སྒོར་10164དང་སྒོར་4713བར་སོ་སོར་མང་དུ་བཏང་བ། གྲོང་གསེབ་ཀྱི་ཁ་ཐོར་བསྙེན་བཀུར་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཅིག་སྡུད་བསྙེན་བཀུར་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཞི་རྩའི་འཚོ་བའི་ཚད་གཞི་མི་རེར་ལོ་རེར་སྒོར་7070དང་སྒོར་13213བར་སོ་སོར་མང་དུ་བཏང་བ། གནས་སྐབས་རོགས་སྐྱོབ་ཀྱི་ཆ་སྙོམས་ཆུ་ཚད་མི་ཐེངས་རེར་སྒོར་4334བར་མང་དུ་བཏང་ཡོད། རྒྱལ་ཁབ་རིམ་པའི་རྫོང་དབུལ་པོ་74ལ་ས་ཁུལ་དབུལ་པོའི་བྱིས་པའི་འཚོ་བཅུད་ལེགས་གཏོང་རྣམ་གྲངས་ལག་ལེན་བསྟར་ནས་ཟླ་བ་6ནས་24བར་གྱི་བྱིས་པའི་འཚོ་བཅུད་ལེགས་སུ་བཏང་ཡོད།

    “རྨང་བརྟན་དམངས་ཕན”འདུ་འགོད་ལག་བསྟར་བྱས་ནས་ཆ་སྒྲིག་རོགས་སྐྱོར་བྱེད་ཐབས་གསར་གཏོད་བྱས་ཤིང་། 2012ལོ་ནས་2020ལོ་བར་ལས་བྱེད་པ་མི་ཐེངས་ཁྲི་19.33ལྷག་ཙམ་ཁག་དགུ་ལ་བགོས་ཏེ་བསྟུད་མར་འདེམས་གཏོང་བྱས་ནས་གྲོང་སྡོད་རོགས་སྐྱོར་བྱས་ཡོད། རིམ་ཁག་ལས་བྱེད་པས་རྫོང་དབུལ་པོ་དང་། ཤང་དབུལ་པོ། གྲོང་ཚོ་དབུལ་པོ། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་བཅས་ཚང་མ་དང་ཆ་སྒྲིག་རོགས་སྐྱོར་བྱས་ནས་ས་ཁུལ་དབུལ་པོའི་ཐོན་ལས་འཕེལ་རྒྱས་དང་། དུད་ཚང་དབུལ་པོའི་ལས་ཞུགས་གཞན་སྒྱུར། ཁྱིམ་ཚང་དབུལ་པོའི་སློབ་ཆེན་སློབ་མའི་ལས་ཞུགས་སོགས་ལ་གཅིག་གཏད་གཅིག་གི་རོགས་རམ་བྱས་ཡོད།

    —— མཐའ་དར་དམངས་ཕྱུག་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།

    བོད་ཀྱི་མཐའ་མཚམས་ལམ་ཐིག་སྤྱི་ལེ་4000ལྷག་ཙམ་ཟིན་པ་དང་། ས་ཆ་མང་ཆེ་བའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཧ་ཅང་ཞན་ལ། དབུལ་པོར་འགྱུར་ཚད་མཐོ་བས་མཐའ་དར་དམངས་ཕྱུག་ལ་རིམ་ཁག་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མཐོང་ཆེན་བྱེད་ཀྱི་ཡོད། ཏང་ཀྲུང་དབྱང་གི་ཐུགས་ཁུར་འོག་མཐའ་མཚམས་ས་ཁུལ་ལ་གཏོང་ཆ་གཏོང་ཤུགས་ལོ་རེ་བཞིན་ཆེ་རུ་ཕྱིན་པ་དང་། ལྷག་པར་དུ་2012ལོ་ནས་བཟུང་མཐའ་མཚམས་རྫོང་དང་། ཤང་། གྲོང་ཚོ་བཅས་ལ་རྒྱལ་ཁབ་ཀྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་བྱུང་བ་དང་། ཆུ་དང་། གློག ལམ། སྡོད་ཁང་སོགས་མི་དམངས་ཀྱི་འཚོ་བར་དགོས་མཁོ་ཆེ་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་ཕྱིན་ཡོད། 2017ལོར་བོད་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་གྱི་འཆར་འགོད(2017ལོ་ནས་2020ལོ་བར)》ཡོངས་བསྒྲགས་བྱས་པ་དང་། དེའི་དམིགས་ཡུལ་གཙོ་བོ་ནི་མཐའ་མཚམས་གྲོང་མིའི་སྡོད་ཁང་གི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་དང་མཐའ་མཚམས་གྲོང་ཚོའི“ཆུ་དང་། གློག ལམ། འཕྲིན་གཏོང་། དྲ་བ། སློབ་གསོ་དང་། ཚན་རིག རིག་གནས། འཕྲོད་བསྟེན། འགན་སྲུང”དང་དེ་བཞིན་ཐོན་ལས་འཛུགས་སྐྲུན་བྱེད་རྒྱུ་དེ་རེད། 2020ལོའི་ལོ་མཇུག་བར་རིམ་པ་དང་པོ་དང་གཉིས་པའི་མཐའ་མཚམས་ཀྱི་སྲིད་འཛིན་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་པ་དང་། གློག་དྲ་གཙོ་བོ་མཐའ་མཚམས་ཤང(གྲོང་རྡལ)ཚང་མར་སྣུར་སྲིང་ཐུབ་པ། གྲོང་ཚོ་ཚང་མར་སྦྲག་སྲིད་ཤར་གཏོང་ཐུབ་པ། སྒུལ་བདེའི་འཕྲིན་གཏོང་དྲ་རྒྱ་ཁྱོན་ཡོངས་ལ་ཁྱབ་པ། གྲོང་གསེབ་མི་འབོར་གྱི་འཐུང་ཆུའི་བདེ་འཇགས་འགན་ལེན་ཐུབ་ཡོད། མཐའ་མཚམས་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་། རིགས་ཁག་གི་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ། མཐའ་མཚམས་མི་སེར་གྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།

    —— གྲོང་གསེབ་དར་རྒྱས་གོ་རིམ་ལྡན་པའི་ངང་ལག་བསྟར་བྱས་པ།

    2017ལོར་ཀྲུང་གོས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་བཏོན་ཡོད། ཏང་ཀྲུང་དབྱང་གི་བཀོད་སྒྲིག་ལྟར། བོད་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་འཆར་འགོད(2018ལོ་ནས་2022ལོ་བར)》བཟོས་ནས་ཐོན་ལས་དར་རྒྱས་དང་། སྐྱེ་ཁམས་སྡོད་མལ་ལ་འཚམ་པ། ཡུལ་སྲོལ་ཤེས་དཔལ། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་བཅས་ཀྱི་སྤྱིའི་བླང་བྱ་ལྟར། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱས་ཡོད། ས་མཐོའི་སྐྱེ་དངོས་དང་། ཡུལ་སྐོར་རིག་གནས། ལྗང་མདོག་བཟོ་ལས། ནུས་རྒྱུ་གཙང་མ། དེང་རབས་ཞབས་ཞུ། མཐོ་གསར་གྲངས་འཛིན། མཐའ་མཚམས་ཀྱི་ཚོང་དོན་ཟོག་འགྲེམས་སོགས་ཀྱི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད། ཞིང་འབྲོག་ཁུལ་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་གསར་གཏོད་དང་གཞི་ཁྱོན་ཅན་གྱི་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ། ཞིང་འབྲོག་པའི་སློབ་གསོ་གསོ་སྦྱོང་མ་ལག་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་རིགས་ཁག་གི་ཤེས་ལྡན་མི་སྣ་གྲོང་གསེབ་ཏུ་གཅིག་སྡུད་བྱ་རྒྱུར་སྤྱི་འདོམས་བྱས་ཡོད། གྲོང་སྲོལ་དམངས་ཆིངས་གསར་པ་ཁྱབ་གདལ་ཤུགས་ཆེན་གཏོང་བ་དང་། སྤྱི་པའི་རིག་གནས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། ཞིང་ལས་དང་། གྲོང་གསེབ། ཞིང་པ་བཅས་བརྗོད་བྱར་བྱས་པའི་རིག་རྩལ་གསར་རྩོམ་དར་རྒྱས་གཏོང་བ། ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བ། གྲོང་གསེབ་ཀྱི་རིག་གནས་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་བྱས་ཏེ། ཤེས་དཔལ་ལྡན་པའི་ཡུལ་སྲོལ་དང་། ཁྱིམ་སྲོལ་བཟང་པོ། གཞུང་དྲང་བབ་ཆགས་ཀྱི་དམངས་སྲོལ་སྐྱེད་སྲིང་བྱས་ཡོད། སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་སླར་གསོ་དང་། སྡོད་མལ་ཁོར་ཡུག་བཅོས་སྒྲིག སྐྱེ་ཁམས་ཐོན་ལས་འཕེལ་རྒྱས། གྲོང་གསེབ་ཀྱི་སྐྱེ་ཁམས་ཤེས་དཔལ་སྒྲིག་སྲོལ་ལམ་སྲོལ་འཛུགས་སྐྱོང་བཅས་བརྒྱུད། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱལ་ཡོངས་ཀྱི་སྔོན་ཐོན་ཆུ་ཚད་དུ་རྒྱུན་འཁྱོངས་ཐུབ་པའི་འགན་ལེན་བྱས་ཏེ། བོད་ཀྱི་ཞིང་འབྲོག་ཁུལ་འདི་ཉིད་སྐྱེ་ཁམས་སྡོད་མལ་ལ་འཚམ་པ་དང་། ཁོར་ཡུག་མཛེས་སྡུག་ལྡན་པ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་བཅས་ཀྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཏུ་བསྐྲུན་ཡོད།

    དྲུག ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་བྱུང་བ།

    རྒྱལ་ཁབ་ཀྱིས་བོད་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས་མི་ཤུཌ་དང་། ནོར་ཤུགས། དངོས་ཤུགས་བཅས་འབོར་ཆེན་བཏང་ཁར། བཅའ་ཁྲིམས་དང་། དཔལ་འབྱོར། སྲིད་འཛིན་སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་པས་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་ནུས་ལྡན་བྱེད་པའི་རྨང་གཞིའི་ཐོག་དར་སྤེལ་དང་འཕེལ་རྒྱས་བྱུང་ཡོད།

    —— བོད་ཀྱི་སྐད་ཡིག་བེད་སྤྱོད་རྒྱ་ཁྱབ་བྱུང་བ།

    བོད་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱེད་པར་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཐོབ་ཡོད། རང་སྐྱོང་ལྗོངས་དབུ་བརྙེས་པ་ནས་བཟུང་བོད་རང་སྐྱོང་ལྗོངས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི་གྲོས་ཆོད་དང་ཁྲིམས་སྲོལ་དང་། བོད་ལྗོངས་ཀྱི་རིམ་ཁག་སྲིད་གཞུང་དང་སྲིད་གཞུང་གི་སྡེ་ཚན་ཁག་གིས་གཤམ་ལ་སྤྲད་པའི་དངོས་གཞིའི་ཡིག་ཆ་དང་ཁྱབ་བསྒྲགས་བྱས་པའི་སྤྱི་བསྒྲགས་ཚང་མར་རྒྱ་བོད་ཡིག་རིགས་གཉིས་སྤྱོད་ཀྱི་ཡོད། ས་གནས་ཀྱི་རིམ་ཁག་སྲིད་གཞུང་དང་ཁེ་ལས་དང་བྱ་གཞག་ཚན་པ་ཁག་གིས་སྒྲིག་འཛུགས་བྱས་པའི་ཚོགས་འདུ་ཆེ་གྲས་དང་བྱེད་སྒོ་གཙོ་བོའི་ནང་རྒྱ་ཡིག་དང་བོད་ཡིག་གཉིས་སྤྱོད་རྒྱུ་མཐའ་འཁྱོངས་བྱས་ཡོད། ཁྲིམས་འཛིན་གཏུག་བཤེར་བྱེད་སྒོའི་ནང་གཏུག་བཤེར་ནང་ཞུགས་མཁན་བོད་རིགས་མང་ཚོགས་ཀྱི་དགོས་མཁོར་གཞིགས་ནས་བོད་སྐད་ཡིག་ཐོག་ནས་གྱོད་གཞི་ཞིབ་གཅོད་བྱེད་པ་དང་བཅའ་ཁྲིམས་ཀྱི་ཡིག་རིགས་བཟོས་ཏེ། བོད་རིགས་སྤྱི་དམངས་ཀྱིས་བོད་སྐད་ཡིག་ཐོག་ནས་གཏུག་བཤེར་བྱེད་པའི་དབང་ཆ་འགན་ལེན་བྱས་ཡོད། མིག་སྔར། བོད་ལྗོངས་སུ་བོད་ཡིག་གི་དུས་དེབ་སྣ་ཁ་16དང་བོད་ཡིག་གི་ཚགས་པར་སྣ་ཁ་12ཡོངས་ཁྱབ་ཏུ་བཀྲམ་ཡོད་པ་དང་། རིམ་རྩིས་བྱས་ན་བོད་ཡིག་གི་དཔེ་དེབ་རིགས་7185དང་དེབ་གྲངས་ཁྲི་4009དཔེ་སྐྲུན་བྱས་ཡོད། གཞན་ཡང་བོད་ཀྱི་སྐད་ཡིག་དེ་འཕྲོད་བསྟེན་དང་། སྦྲག་སྲིད། འཕྲིན་གཏོང་། འགྲིམ་འགྲུལ། དངུལ་རྩ། ཚན་རྩལ་སོགས་ཁྱབ་ཁོངས་སུ་རྒྱ་ཁྱབ་ངང་སྤྱོད་བཞིན་ཡོད།

    བོད་ཡིག་གི་བསྟན་བཅོས་ལ་སྲུང་སྐྱོབ་ཐོབ་པ་དང་བེད་སྤྱོད་ཡག་པོ་བྱུང་ཡོད། 1984ལོར་རྒྱལ་ཁབ་ཀྱིས་མ་དངུལ་བཏང་ནས་བོད་རང་སྐྱོང་ལྗོངས་ཀྱི་ཡིག་ཚགས་ཁང་གསར་དུ་བཙུགས་པ་དང་། རྩ་ཆེའི་བོད་ཡིག་ཡིག་ཚགས་འབོར་ཆེན་ཉར་ཚགས་བྱས་ཡོད། མིག་སྔར་ཉར་ཚགས་བྱས་པའི་ཡིག་ཚགས་བམ་པོ་ཁྲི་300ལྷག་ཙམ་ཟིན་ཡོད། བོད་ཡིག་གི་གསུང་རབ་གལ་ཆེན་འཚོལ་བསྡུ་དང་། ལེགས་སྒྲིག ཡིག་སྒྱུར། དཔེ་སྐྲུན་བཅས་ཀྱི་ལས་དོན་ལ་མུ་མཐུད་རྒྱབ་སྐྱོར་བྱས་ནས《ཀྲུང་ཧྭའི་བཀའ་བསྟན་འགྱུར》གྱི་བོད་ཡིག་པར་གཞི་ཞིབ་བསྡུར་དཔེ་སྐྲུན་སྒྲིག་འཛུགས་བྱས་པ་དང་། 《གླིང་སྒྲུང》མྱུར་སྐྱོབ་ལེགས་སྒྲིག་བྱས་པ། 《སྔོན་བྱོན་མཁས་པའི་ཞལ་ལུང》དཔེ་ཚོགས་དང་། 《ཀྲུང་ཧྭའི་ཚིག་མཛོད་ཆེན་མོ》 “གངས་ལྗོངས་རིག་མཛོད”དཔེ་ཚོགས་སོགས་རྩ་ཆེའི་བོད་ཡིག་གི་གསུང་རབ་མང་པོ་པར་སྐྲུན་བྱས་ཡོད།

    བོད་ཡིག་ཐ་སྙད་བཀས་བཅད་ཚད་ལྡན་ཅན་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཤིང་། 1995ལོར་རྒྱལ་ཡོངས་བོད་ཡིག་ཐ་སྙད་བཀས་བཅད་ཚད་ལྡན་ཅན་ལས་དོན་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། 2018ལོར་ལས་དོན་ཨུ་ཡོན་ལྷན་ཁང་གིས《ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བཀས་བཅད་བྱས་པའི་བོད་ཡིག་ཐ་སྙད་གསར་པ》ཁྱབ་བསྒྲགས་བྱས་པའི་ནང་བོད་ཡིག་ཐ་སྙད་གསར་པ་1500ཙམ་ཚུད་ཡོད། བོད་སྐད་ཡིག་ཆ་འཕྲིན་ཅན་དང་བོད་ཡིག་མཉེན་ཆས་ཞིབ་འཇུག་གསར་སྤེལ་ཁྱབ་གདལ་སོགས་ཀྱི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། 1997ལོའི་ཟླ་7པར་བོད་ཡིག་གི་ཨང་སྒྲིག་ཚད་གཞིར་དངོས་སུ་ཆོག་མཆན་ཐོབ་ནས་རྒྱལ་སྤྱིའི་ཚད་གཞིའི《ཆ་འཕྲིན་ལག་རྩལ། སྤྱི་སྤྱོད་ཨང་སྒྲིག་བརྒྱད་ལས་མང་བའི་ཡིག་རྟགས་ཕྱོགས་བསྒྲིགས》ཀྱི་གྲུབ་ཆ་གལ་ཆེན་དུ་གྱུར་པ་དང་། བོད་སྐད་ཡིག་ནི་རྒྱལ་སྤྱིའི་ཚད་གཞི་ལྡན་པ་དང་། གོ་ལ་ཧྲིལ་པོའི་ཆ་འཕྲིན་གྱི་ཐོབ་ཐང་ཡོད་པའི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་པོར་གྱུར་ཡོད། 2004ལོར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་རྒྱལ་ཁབ་ཆ་འཕྲིན་ཐོན་ལས་པུས《བོད་ཡིག་མཉེན་ཆས་གསར་སྤེལ་དང་ཁྱབ་གདལ་བེད་སྤྱོད་སྐོར་གྱི་མཉམ་ལས་གྲོས་མཐུན》ལ་མིང་རྟགས་བཀོད་དེ་ཡི་གེ་གཏགས་ཐབས་དང་། བཀོལ་སྤྱོད་མ་ལག གཞུང་ལས་མཉེན་ཆས། དྲ་ངོས་ལྟ་ཆས་སོགས་རྨང་གཞིའི་རང་བཞིན་གྱི་བོད་ཡིག་མཉེན་ཆས་རབ་དང་རིམ་པ་ཞིབ་འཇུག་གསར་སྤེལ་བྱས་ཡོད། 2015ལོའི་ལོ་མཇུག་ཏུ་རྒྱལ་ཁབ་ཀྱི་ཚད་གཞིའི《ཆ་འཕྲིན་ལག་རྩལ། བོད་ཡིག་ཐ་སྙད་ཕྱོཌ་བསྒྲིགས》དངོས་སུ་ཁྱབ་བསྒྲགས་བྱས་པ་དེ་ཐོག་ནས་རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཀྱི་ཡི་གེའི་ཆ་འཕྲིན་ལག་རྩལ་གྱི་ཐ་སྙད་ཕྱོགས་བསྒྲིགས་དང་པོའི་རྒྱལ་ཁབ་ཀྱི་ཚད་གཞི་དངོས་སུ་བཙུགས་པ་མཚོན་ཡོད།

    —— ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་གང་ལེཌ་ཐོབ་པ།

    རྒྱལ་ཁབ་ཀྱིས་བོད་ཀྱི་མི་རིགས་ཁག་གིས་སྲོལ་རྒྱུན་གྱི་ཡུལ་སྲོལ་གོམས་གཤིས་ལྟར་འཚོ་བ་སྐྱེལ་བ་དང་སྤྱི་ཚོགས་ཀྱི་བྱེད་སྒོ་སྤེལ་བའི་དབང་ཆར་བརྩི་འཇོག་དང་འགན་སྲུང་བྱས་ཤིང་། མི་རིགས་ཁག་གི་མང་ཚོགས་ཀྱིས་རྒྱན་གོས་དང་། བཟའ་བཏུང་། སྡོད་ཁང་བཅས་ཀྱི་ལུགས་སྲོལ་རྒྱུན་འཁྱོངས་བྱེད་པ་དང་ཆབས་ཅིག དེང་རབས་ཀྱི་རིག་གནས་གོམས་སྲོལ་གསར་པ་མི་ཉུང་བ་ཞིག་ཀྱང་བསྡུ་ལེན་བྱས་ཡོད། བོད་ཀྱི་ལོ་གསར་དང་། ལྷ་སའི་ཞོ་སྟོན། ནག་ཆུའི་རྟ་རྒྱུག་དུས་ཆེན་སོགས་མང་ཚོགས་རང་བཞིན་གྱི་རིག་གནས་སྲོལ་རྒྱུན་དུས་ཆེན་འབོར་ཆེན་ཞིག་རྒྱུན་འཛིན་དང་གསར་གཏོད་བྱས་ཡོད། ཉེ་བའི་ལོ་ཤས་རིང་། “བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ”དང་དེ་བཞིན་གཞིས་རྩེའི་ཇོ་མོ་གླང་མའི་རིག་གནས་དུས་ཆེན་དང་། ལྷོ་ཁའི་ཡར་ཀླུང་རིག་གནས་དུས་ཆེན། ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་སོགས་རིག་གནས་ཡུལ་སྐོར་དུས་ཆེན་སྣ་ཚོགས་མང་དུ་བཏང་སྟེ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བསམ་པའི་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ་དང་དུས་རབས་གསར་པའི་བོད་མི་དམངས་ཀྱི་བསམ་པའི་ཉམས་འགྱུར་མངོན་པར་བྱས་ཡོད།

    —— རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་ནུས་ལྡན་བྱུང་བ།

    ལོ་བཅུ་ཕྲག་ཁ་ཤས་རིང་། བོད་ཀྱིས་གཞི་ཁྱོན་ཆེ་ལ་ལེ་ལག་ཚང་བའི་རིག་གནས་ཤུལ་བཞག་ཡོངས་ཁྱབ་ཞིབ་བཤེར་དང་། འཚོལ་བསྡུ། ལེགས་སྒྲིག ཞིབ་འཇུག་བཅས་ཀྱི་ལས་དོན་ཐེངས་མང་སྤེལ་ཡོད། ད་ལྟ་བརྟག་དཔྱད་ཐོ་འགོད་བྱས་པའི་རིག་དངོས་ས་ཚིགས་སྣ་ཚོགས་4277དང་རིམ་ཁག་རིག་དངོས་སྲུང་སྐྱོབ་ཚན་པ་1985ཡོད་པའི་ནང་རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པ་70ཡོད། 1972ལོར་ལྷ་ལྡན་གཙུག་ལག་ཁང་ཉམས་གསོ་བྱས་རྗེས་རྒྱལ་ཁབ་ཀྱིས་མ་དངུལ་འབོར་ཆེན་བཏང་ནས་ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླིང་ཁ། ལྷ་ལྡན་གཙུག་ལག་ཁང་སོགས་རིག་དངོས་གནའ་ཤུལ་ཉམས་གསོ་སྲུང་སྐྱོབ་བྱས་པ་དང་། 1989ལོ་ནས་1995ལོ་ཁོ་ནའི་བར་རྒྱལ་ཁབ་ཀྱིས་སྒོར་དུང་ཕྱུར་2ལྷག་ཙམ་བཏང་ནས་ཕོ་བྲང་པོ་ཏ་ལ་ཉམས་གསོ་དང་ཐང་ཆེན་རྒྱས་སྐྲུན་བྱས་ཡོད། 2018ལོའི་ལོ་མཇུག་ཏུ་དུས་ཡུན་ལོ་10དང་མ་དངུལ་སྒོར་དུང་ཕྱུར་3བཏང་བའི་ཕོ་བྲང་པོ་ཏ་ལའི་རིག་དངོས(གནའ་དཔེ་དང་ཚད་ལྡན་ཡིག་ཆ)སྲུང་སྐྱོབ་བེད་སྤྱོད་རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་ཡོད། 2006ལོ་ནས་2020ལོ་བར་མ་དངུལ་སྒོར་དུང་ཕྱུར་34ལྷག་ཙམ་བཏང་ནས་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭ་སོགས་རིག་དངོས་སྲུང་སྐྱོབ་ཚན་པ་ཉམས་གསོའི་ལས་གྲྭ་155ལག་བསྟར་བྱས་ཡོད། གྲོང་ཚོ་35ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོའི་མིང་གཞུང་ནང་བཅུག་པ་དང་ཀྲུང་དབྱང་ནོར་སྲིད་ཀྱིས་སྒོར་ཁྲི་6900བཏང་སྟེ། སོ་ནམ་རིག་གནས་རྒྱུན་འཛིན་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱས་པ་དང་ཞིང་འབྲོག་པའི་སྡོད་གནས་ཁོར་ཡུག་ལེགས་སུ་བཏང་ཡོད།

    རྒྱལ་ཁབ་ཀྱིས་བོད་ལུགས་གསོ་རིག་རྒྱུན་འཛིན་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུར་མཐོང་ཆེན་བྱས་ཤིང་། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེ་མོ་བཙུགས་ནས་བོད་ལུགས་གསོ་རིག་གི་ཆེད་ལས་ཤེས་ལྡན་མི་སྣ་7000ལྷག་ཙམ་གསོ་སྐྱོང་བྱས་ཡོད། བོད་ལུགས་གསོ་རིག་གི་སྨན་བཅོས་ཚད་གཞི་ཚད་ལྡན་དུ་བཏང་ཞིང་། མིག་སྔར་བོད་ཀྱི་གཞུང་བཙུགས་བོད་ལུགས་གསོ་རིག་སྨན་བཅོས་སྒྲིག་གཞི་44ཟིན་པ་དང་། ཤང་དང་གྲོང་རྡལ་གྱི་སྨན་ཁང་དང་གྲོང་ཚོའི་འཕྲོད་བསྟེན་ཁང་གི་བོད་ལུགས་གསོ་རིག་ཞབས་ཞུ་ཁྱབ་ཚད་94.4%དང་42.4%སོ་སོར་ཟིན་ཡོད། བོད་སྨན་ཐོན་སྐྱེད་དེ་ཚད་གཞི་ཅན་དང་། ཚད་ལྡན་ཅན། གཞི་ཁྱོན་ཅན་བཅས་ཀྱི་བཟོ་ལས་ཅན་གྱི་ཐོན་སྐྱེད་ཕྱོགས་སུ་འཕེལ་རྒྱས་བྱུང་ནས་བོད་ལུགས་གསོ་རིག་གི་ཐོན་ལས་མ་ལག་གཞི་རྩའི་ཆ་ནས་ཆགས་ཡོད། ད་ཆ་བོད་དུ་བོད་སྨན་ཐོན་སྐྱེད་ཁེ་ལས་17ལ་རྒྱལ་ཁབ་ཀྱི་GMPཡི་བདེན་དཔང་ར་སྤྲོད་ཐོབ་པ་དང་བོད་སྨན་ལ་རྒྱལ་ཁབ་སྨན་རྫས་ཆོག་འཐུས་ཨང་རྟགས་311རག་ཡོད། མི་རིགས་གསོ་རིག་གི་གནའ་དཔེ་དང་ཚད་ལྡན་ཡིག་ཆ་ལེགས་སྒྲིག་རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་ནས་2020ལོའི་བར་བོད་ལུགས་གསོ་རིག་དང་གནམ་རིག་སྐར་རྩིས་ཀྱི་གནའ་དཔེ་145ལེགས་སྒྲིག་དང་དཔེ་སྐྲུན་འགྲེམས་སྤེལ་བྱས་ཡོད། རྒྱལ་ཁབ་ཀྱིས་སྔ་རྗེས་སུ་བོད་ལུགས་གསོ་རིག་གི་གནའ་དཔེ་དང་ཚད་ལྡན་ཡིག་ཆ་300ལྷག་ཙམ་ལེགས་སྒྲིག་དཔེ་སྐྲུན་བྱས་པ་དང་རྩ་ཆེའི་གནའ་དཔེ་600ལྷག་ཙམ་བསྡུ་རུབ་བྱས་ཡོད།

    2006ལོ་ནས་བཟུང་། ཀྲུང་དབྱང་ནོར་སྲིད་ཀྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་2.09བཏང་བ་དག་བོད་ཀྱི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་སྲུང་སྐྱོབ་དང་། རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་མྱུར་སྐྱོབ་རང་བཞིན་གྱི་ཟིན་ཐོ། མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་གསོ་སྦྱོང་། རྒྱུན་འཛིན་པས་ཁྲིད་སྦྱོང་བྱེད་སྒོ་སྤེལ་རྒྱུར་རོགས་སྐྱོར། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་བེད་སྤྱོད་རྣམ་གྲངས་ཀྱི་རྟེན་གཞི་འཛུགས་སྐྲུན་སོགས་ལ་སྤྱད་ཡོད། མིག་སྔར་བོད་དུ་མཉམ་འབྲེལ་རྒྱལ་ཚོགས་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་3(གླིང་སྒྲུང་དང་། ལྷ་མོ། བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས)དང་། རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་89 རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་96 རང་སྐྱོང་ལྗོངས་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་460 རང་སྐྱོང་ལྗོངས་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་522བཅས་ཡོད།

    བདུན། མི་རིགས་ཆོས་ལུགས་ལས་དོན་གྱི་གྲུབ་འབྲས་མངོན་གསལ་དོད་པ།

    རྒྱལ་ཁབ་ཀྱིས་བྱེད་ཕྱོགས་དང་སྲིད་ཇུས་རབ་དང་རིམ་པ་བཟོས་པ་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། རྒྱུན་གཏན་གྱི་ཆོས་ལུགས་བྱེད་སྒོར་ཁྲིམས་ལྟར་སྲུང་སྐྱོང་དང་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་ཡོད།

    —— མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ།

    མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ནི་རྒྱལ་ཁབ་ཀྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་ཡིན། 1965ལོར་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་རང་སྐྱོང་ལྗོངས་མི་དམངས་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་བ་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བོད་ལྗོངས་སུ་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་རེད། 1984ལོར་རྒྱལ་ཁབ་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》ཁྱབ་བསྒྲགས་དང་ལག་བསྟར་བྱས་པ་རེད། ལོ་བཅུ་ཕྲག་ཁ་ཤས་རིང་འཚོལ་ཞིབ་དང་ལག་ལེན་བསྟར་བ་བརྒྱུད་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་བཙུགས་ཡོད།

    བོད་ལྗོངས་མི་དམངས་ལ་ཁྲིམས་ལྟར་རང་ཁྱིམ་རང་བདག་བྱེད་པའི་དབང་ཆ་ལྡན་ཡོད། རང་སྐྱོང་ལྗོངས་དབུ་བརྙེས་པ་ནས་བཟུང་སྔ་རྗེས་སུ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་152བཏོན་ནས་མི་རིགས་ཁག་གི་མི་དམངས་ཀྱི་ཁེ་དབང་ཁག་སྲུང་སྐྱོང་བྱ་ཆེད་ཁྲིམས་སྐྱོང་གི་འགན་ལེན་གལ་ཆེན་བྱས་ཡོད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འདེམས་བསྐོའི་དབང་ཆ་དང་གདམ་བྱའི་དབང་ཆ་ཧུར་ཐག་སྤྱད་དེ། རྒྱལ་ཡོངས་དང་རང་སྐྱོང་ལྗོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འདེམས་བསྐོའི་ནང་ཞུགས་པ་དང་རྒྱལ་ཁབ་དང་ས་གནས་ཀྱི་ལས་དོན་དོ་དམ་ནང་ཞུགས་ཡོད། 1979ལོ་ནས་བཟུང་རང་སྐྱོང་ལྗོངས་དང་། ས་གནས(གྲོང་ཁྱེར) རྫོང་། ཤང(གྲོང་རྡལ)བཅས་རིམ་བཞིའི་སྐབས་བརྗེའི་འདེམས་བསྐོ་ཐེངས་མང་སྔ་རྗེས་སུ་བྱས་པ་དང་། འདེམས་དམངས་འདེམས་བསྐོའི་ནང་ཞུགས་ཚད་90%ཡན་ཟིན་པ། ས་གནས་ཁ་ཤས་སུ་འདེམས་བསྐོའི་ནང་ཞུགས་ཚད་100%ཟིན་ཡོད། 2018ལོའི་ཟླ་1ཚེས་18ཉིན་ཁྱབ་བསྒྲགས་བྱས་པའི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་འཐུས་མི་439ཡི་ཁྲོད་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་འཐུས་མི་289ཡོད་པ་དེས་65.83%བཟུང་ཡོད། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་བོད་ལྗོངས་ཨུ་ཡོན་ལྷན་ཁང་གི་སྐབས་རིམ་བྱུང་གི་ཨུ་ཡོན་ཁྲོད་མང་ཆེ་བ་ནི་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་མི་སྣ་ཡིན་པ་རེད། མི་རིགས་ཁག་འདྲ་མཉམ་ངང་ཞུགས་པ་དང་ཐུན་མོང་ཐོག་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་དང་། མི་འབོར་ཅུང་ཉུང་བའི་མི་རིགས་འདུས་སྡོད་ཁུལ་དུ་མི་རིགས་ཤང་བཙུགས་ནས་མི་འབོར་ཅུང་ཉུང་བའི་མི་རིགས་ཀྱི་ཁེ་དབང་འགན་ལེན་བྱས་ཡོད། མིག་སྔར་ལྷོ་ཁ་དང་། ཉིང་ཁྲི། ཆབ་མདོ་བཅས་གྲོང་ཁྱེར་གསུམ་གྱི་མི་འབོར་ཅུང་ཉུང་བའི་མི་རིགས་འདུས་སྡོད་ཁུལ་དུ་མི་རིགས་ཤང་9བཙུགས་པའི་ནང་མོན་པ་མི་རིགས་ཤང་5དང་། ལྷོ་པ་མི་རིགས་ཤང་3 འཇང་མི་རིགས་ཤང་1བཅས་ཡོད།

    རྒྱལ་ཁབ་ཀྱིས་སྔར་ནས་བཟུང་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་མཐོང་ཆེན་བྱེད་ཀྱི་ཡོད། ཞི་བས་བཅིངས་འགྲོལ་བཏང་རྗེས་དང་ལྷག་པར་དུ་དམངས་གཙོའི་བཅོས་སྒྱུར་གྱི་བརྒྱུད་རིམ་ནང་སྐྱེ་ཁུངས་ཞིང་བྲན་དང་བྲན་གཡོག་ཡིན་པའི་ཧུར་བརྩོན་ཅན་འབོར་ཆེན་མགྱོགས་མྱུར་འཚར་ལོངས་བྱུང་ནས་ཕུལ་བྱུང་གི་མི་རིགས་ལས་བྱེད་པར་གྱུར་ཡོད། 1981ལོར་བོད་ཀྱིས་མི་རིགས་ལས་བྱེད་པ་གསོ་སྐྱོང་གི་སློབ་གསོའི་སྒྲིག་གཞི་ཆེད་མངགས་བཙུགས་པ་དང་། 1989ལོར་ལས་བྱེད་པའི་སློབ་གསོའི་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ཤིང་། གསོ་སྦྱོང་སློབ་སྦྱོང་དང་། གཞི་རིམ་དུ་སྦྱོང་བརྡར། ས་ཆ་གཞན་དུ་སྤེལ་རེས། ལས་གནས་བརྗེ་རེས་སོགས་རྣམ་པ་སྣ་ཚོགས་བརྒྱུད། གྲངས་ཉུང་མི་རིགས་ཀྱི་སྲིད་འཛིན་དང་ཆེད་ལས་ལག་རྩལ་ལས་བྱེད་པ་འབོར་ཆེན་གསོ་སྐྱོང་བྱས་ཡོད།

    —— ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དེ་བས་ཟབ་ཏུ་ཕྱིན་པ།

    བོད་ལ་གནའ་སྔ་མོ་ནས་བཟུང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་སྲོལ་རྒྱུན་བཟང་པོ་ལྡན་ཡོད། བོད་ཞི་བས་བཅིངས་འགྲོལ་བཏང་བའི་ཐོག་མའི་དུས་སུ་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ་འབོར་ཆེན་ཞིང་ཆེན་དང་གྲོང་ཁྱེར་གཞན་དག་ཏུ་ལྟ་སྐོར་དང་རྟོག་ཞིབ་བྱེད་པར་བསྐྱོད་ཡོད། སྒྱུར་བཅོས་སྒོ་དབྱེ་བྱས་རྗེས། མི་རིགས་ཁག་དབར་གྱི་དཔལ་འབྱོར་དང་རིག་གནས་སྤེལ་རེས་སྔར་བས་ཟབ་ཏུ་ཕྱིན་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ཡོད། ལོ་ལྟར་རྒྱལ་སྟོན་དང་། བོད་ཞི་བས་བཅིངས་འགྲོལ། “མི་རིགས་མཐུན་སྒྲིལ་ཟླ་བ”སོགས་དུས་ཆེན་སྐབས་ཀྲུང་གོའི་ཕུགས་འདུན་གྱི་བརྗོད་དོན་གཙོ་བོའི་སློབ་གསོ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ཤུགས་ཆེན་སྤེལ་བས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་སྔར་བས་འཕེལ་རྒྱས་ཕྱིན་ཡོད། མིག་སྔར་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་བོད་རང་སྐྱོང་ལྗོངས་ཀྱིས་གཟེངས་བསྟོད་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་ཚན་པ་ཁྱོན་1985(ཐེངས)དང་སྔོན་ཐོན་མི་སྒེར་གྲངས(ཐེངས)2846ཡོད་པ་དང་། ལྷ་ས་དང་། གཞིས་རྩེ། ཆབ་མདོ། མངའ་རིས་བཅས་སྔ་རྗེས་སུ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར(ས་ཁུལ)ལ་གྱུར་ཡོད། 2020ལོའི་བར་བོད་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གཏོད་འཛུགས་སྲོལ་ཡིག་སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་1དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་4ཁྱབ་བསྒྲགས་ལག་བསྟར་བྱས་ཡོད། ཐེམ་ཁུངས་བོད་ནས་ཡིན་པའི་སློབ་མ་དང་ངལ་རྩོལ་པ་ཞིང་ཆེན་དང་གྲོང་ཁྱེར་གཞན་དག་ཏུ་ལས་ཞུགས་ལས་གཏོད་བྱེད་པར་སྐྱོད་པ་དང་ལོ་ལྟར་ཐེམ་ཁུངས་བོད་ནས་ཡིན་པའི་སློབ་ཆེན་སློབ་མ་10%ཡན་གྱིས་ལྗོངས་ཕྱིར་ལས་ཞུགས་བྱེད་པའི་གདམ་ག་བྱེད་ཀྱི་ཡོད། ཞིང་ཆེན་དང་གྲོང་ཁྱེར་གཞན་དག་གི་མི་སྣར་བོད་དུ་སློབ་སྦྱོང་དང་མ་འཇོག་ལས་གཏོད་བྱེད་པར་ཡོང་རྒྱུའི་ལྕག་སྐུལ་བྱེད་པ་དང་ཚོང་འགུགས་མ་འདྲེན་གྱི་བྱེད་ཐབས་རྒྱུན་ཆད་མེད་པར་གསར་གཏོད་བྱས་ཤིང་། 2016ལོ་ནས་བཟུང་ཁྲལ་བསྡུ་དང་། དངུལ་རྩ། ས་ཆ་སོགས་དང་འབྲེལ་བ་ཡོད་པའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་ཁག་52བཏོན་ནས་སྲིད་འཛིན་གྱི་ཞིབ་མཆན་འགོད་པའི་ལས་ཕྱོད་དང་ཞབས་ཞུའི་སྤུས་ཚད་ནུས་ལྡན་ངང་མཐོ་རུ་བཏང་བས་ཚོང་འགུགས་མ་འདྲེན་གྱི་མ་དངུལ་སྒོར་དུང་ཕྱུར་2535དམིགས་སར་འབྱོར་ཡོད། མི་རིགས་ཁག་ཕན་ཚུན་མཉམ་འདྲེས་རྣམ་པའི་སྤྱི་ཚོགས་ཀྱི་གྲུབ་ཆ་དང་སྡེ་ཁུལ་གྱི་ཁོར་ཡུག་ཧུར་ཐག་བསྐྲུན་ནས་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་དུ་འགྱུར་བར་སྐུལ་སྤེལ་ཤུགས་ཆེན་དང་གྲོང་ཁྱེར་དང་ཁ་ཐོར་ས་ཁུལ་གྱི་གྲངས་ཉུང་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱས་པ་དང་། དུས་སྟོན་དང་། བཟའ་བཏུང་། འདས་མཆོད་སོགས་ཀྱི་ཐད་ཁོང་ཚོའི་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱས་ཡོད།

    —— ཆོས་དད་རང་མོས་ལ་འགན་སྲུང་གང་ལེགས་བྱུང་བ།

    བོད་དུ་ཆོས་ལུགས་དང་གྲུབ་མཐའ་ཁག་ཚང་མ་འདྲ་མཉམ་ཡིན་པ་དང་། ཆོས་ལ་དད་པ་བྱེད་མཁན་དང་དད་པ་མི་བྱེད་མཁན་གང་ཡིན་རུང་ཚང་མར་ལྟ་སྟངས་གཅིག་མཚུངས་འཛིན་གྱི་ཡོད། ད་ཆ་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་1700ལྷག་ཙམ་དང་གྲྭ་བཙུན་ཁྲི་4.6ཙམ་དང་། དབྱི་སི་ལམ་ཕྱག་ཁང་4དང་མི་རབས་ནས་མི་རབས་བར་སྡོད་མཁན་མུའུ་སི་ལིན་མང་ཚོགས་12000ལྷག་ཙམ། གནམ་བདག་ཆོས་ཁང་1དང་དད་ལྡན་པ་700ལྷག་ཙམ་བཅས་ཡོད། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ་ཆོས་དད་རང་མོས་དང་སྒྲིག་ལམ་འགན་ལེན་ཏན་ཏིག་དང་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱ་ཆེད། 《ཆོས་ལུགས་ལས་དོན་སྲོལ་ཡིག》གཞིར་བཟུང《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱེད་ཐབས》བཟོས་པ་དང་འབྲེལ། 《〈ཆོས་ལུགས་ལས་དོན་སྲོལ་ཡིག〉ལག་བསྟར་བྱ་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱེད་ཐབས(ཚོད་ལྟའི་ལག་བསྟར)》དང་། 《བོད་རང་སྐྱོང་ལྗོངས་ཀྱི་ཆོས་ལུགས་བྱེད་སྒོ་ཆེ་གྲས་ལ་དོ་དམ་བྱེད་ཐབས》 《བོད་རང་སྐྱོང་ལྗོངས་ཀྱི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱེད་ཐབས་ཀྱི་ལག་བསྟར་སྲོལ་ཡིག》སོགས་སྲིད་ཇུས་བྱེད་ཐབས་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་རབ་དང་རིམ་པ་བཟོས་ཡོད།

    ཁྲིམས་སྲོལ་སྒྲིག་སྲོལ་དང་། ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་ངེས་སྲོལ་ལྟར་གོ་རིམ་ལྡན་པའི་སྒོ་ནས་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཞུས་ཤིང་། 1995ལོར་གསེར་བུམ་དཀྲུགས་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་བཙལ་འཚོལ་དང་ངོས་འཛིན་དང་དེ་བཞིན་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཁྲི་གསོལ་བྱས་ཡོད། 2010ལོར་གསེར་བུམ་དཀྲུགས་པ་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུས་ཏེ་སྡེ་དྲུག་རིན་པོ་ཆེ་སྐུ་ཕྲེང་དྲུག་པ་ངོས་འཛིན་དང་ཁྲི་གསོལ་བྱས་ཡོད། 2020ལོའི་བར་ཡང་སྲིད་དང་སྤྲུལ་སྐུ་གསར་པ་92ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་ངེས་སྲོལ་ལ་ནན་པོར་གཞིགས་ཏེ་ཆོག་མཆན་དང་ངོས་འཛིན་བྱས་ཡོད། ཁྲིམས་ལྟར་རྒྱུན་གཏན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་བ་དང་། དགོན་སྡེའི་དཔེ་སྦྱོང་དང་། མཚན་ཉིད་རྩོད་པ། སྡོམ་པ་ལེན་པ། དབང་བསྐུར་བ། སྒོམ་སྒྲུབ་རྒྱག་པ་སོགས་སྲོལ་རྒྱུན་གྱི་ཆོས་ལུགས་བྱེད་སྒོ་དང་དགོན་སྡེའི་དཔེ་སྦྱོང་དཔྱད་ཞིབ་ཀྱི་མཚན་་གནས་སྤྲོད་པའི་བྱེད་སྒོ་རྒྱུན་གཏན་ངང་སྤེལ་ཡོད།

    བོད་ལྗོངས་ནང་བསྟན་སློབ་གླིང་དང་དེའི་ཡན་ལག་སློབ་གླིང་10ལ་ད་ཆ་གྲྭ་བཙུན་དཔེ་ཆ་བ་3000ལྷག་ཙམ་ཡོད་པ་དང་། 2005ནས་2020ལོ་བར་བསྡོམས་གྲྭ་བཙུན་240ལ་བོད་བརྒྱུད་ནང་བསྟན་གྱི་མཚན་གནས་མཐོ་ཤོས“མཐོ་རམས་པའི”མཚན་གནས་རག་ཡོད། དགོན་སྡེའི་སྲོལ་རྒྱུན་དཔར་ཁང་སོར་གནས་དང་འཕེལ་རྒྱས་བྱུང་བ་དང་མིག་སྔར་ཞོལ་དཔར་ཁང་སོགས་གཞི་ཁྱོན་རང་བཞིན་གྱི་སྲོལ་རྒྱུན་པར་ཁང་3ཡོད། དད་ལྡན་མང་ཚོགས་ས་ག་ཟླ་བ་དང་། ལྷ་སའི་སྨོན་ལམ་ཆེ་མོ། རྟ་ལོར་གངས་ཏི་སི་སྐོར་བ། ལུག་ལོར་གནམ་མཚོ་སྐོར་བ་སོགས་ཆོས་ལུགས་དང་སྲོལ་རྒྱུན་གྱི་བྱེད་སྒོ་སྣ་ཚོགས་ནང་རྒྱུན་གཏན་ལྟར་ཞུགས་ཀྱི་ཡོད། མིག་སྔར་རིམ་པ་ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་དང་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཐོག་ཆོས་ལུགས་ལས་རིགས་ཀྱི་མི་སྣ་600ལྷག་ཙམ་གྱིས་འཐུས་མི་དང་ཨུ་ཡོན་གྱི་འགན་བཞེས་ཡོད།

    བརྒྱད། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཉིན་བཞིན་བརྟན་དུ་སོང་བ།

    མཚོ་བོད་ས་མཐོ་ནི“འཛམ་གླིང་ཡང་རྩེ”དང“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”ཡིན་པ་དང་བོད་ནི་ཀྲུང་གོའི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་རེད། རྒྱལ་ཁབ་ཀྱིས་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། ལམ་ལུགས་གསར་གཏོད་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་། ཚན་རྩལ་དང་རིག་གནས་ཀྱི་འདེགས་སྐྱོར་བརྟན་དུ་གཏོང་བ། སྐྱེ་ཁམས་འཛུགས་སྐྱོང་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་མི་དང་རང་བྱུང་ཁམས་ཀྱི་ཚེ་སྲོག་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་རྒྱུན་མཐུད་སྐུལ་འདེད་བཏང་ཡོད། མིག་སྔར་བོད་ཀྱི་སྐྱེ་ཁམས་མ་ལག་སྤྱི་ཡོངས་བརྟན་པོ་ཡོད་པ་དང་། ཁོར་ཡུག་སྤུས་ཚད་རྒྱུན་མཐུད་ལེགས་སུ་ཕྱིན་པ། ལྗང་མདོག་འཕེལ་རྒྱས་ཀྱི་བཀོད་པ་རགས་ཙམ་ཆགས་པ། མི་དམངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཁེ་དབང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། “སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་ནས་བོད་འདི་ཉིད་འཛམ་གླིང་ཐོག་གི་སྐྱེ་ཁམས་ཁོར་ཡུག་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཏུ་གྱུར་ཡོད།

    —— སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་བཏང་བ།

    ཞི་བས་བཅིངས་འགྲོལ་བཏང་བའི་དུས་འགོར་ཀྲུང་གོ་ཚན་རིག་ཁང་གིས་རིགས་གཅིག་མཁས་ཅན་དང་མཁས་དབང་མངགས་ནས་བོད་ཀྱི་སྐྱེ་ཁམས་དང་། ས་གཤིས། གནམ་གཤིས་བཅས་ལ་ཕྱོགས་བསྡུས་རྟོག་ཞིབ་བྱས་པ་དང་། 1973ལོ་དང་2017ལོར་རྒྱལ་ཁབ་ཀྱིས་སྔ་རྗེས་སུ་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་བྱས་པ། 2012ལོ་ཚུན་དུ《སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》དང་། 《མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་བསམ་འཆར》 《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་བཏོད་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་གང་མགྱོགས་བསྐྲུན་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》 《བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་མཐོ་ས་གཏོད་རྒྱུའི་སྲོལ་ཡིག》སོགས་བཏོན་ནས་ལྟ་ཞིབ་ཚད་ལེན་དང་དཔྱད་ཞིབ་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ། 2020ལོའི་བར་བོད་ཀྱིས་རིམ་རྩིས་བྱས་ན་སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ལ་མ་དངུལ་སྒོར་དུང་ཕྱུར་814བཏང་བ། རི་ཆུ་ནགས་ཞིང་མཚོ་རྩྭ་བཅས་མ་ལག་བཅོས་སྐྱོང་ལ་སྤྱི་འདོམས་བྱས་ཏེ《བོད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྱོང་གི་འཆར་འགོད(2008ལོ་ནས་2030ལོ་བར)》དང“གཙང་པོ་གཉིས་དང་ཆུ་བོ་བཞི”རྒྱུག་ཁུལ་གྱི་སྔོ་འགྱུར་རྣམ་གྲངས་ལག་བསྟར་ཤུགས་ཆེན་བྱས་པ། སྐྱེ་ཁམས་ཤེས་དཔལ་གཏོད་འཛུགས་ཀྱི་དཔེ་སྟོན་ལས་དོན་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ། ལྷ་ས་གྲོང་ཁྱེར་དང་། ལྷོ་ཁ་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར། ཆབ་མདོ་གྲོང་ཁྱེར། མངའ་རིས་ས་ཁུལ་བཅས་ལ་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་གྲོང་ཁྱེར་གྱི་མཚན་སྙན་ཐོབ་པ་དང་། བྲག་ཡིབ་ཆུས་དང་། གྲོ་མོ་རྫོང་། འདམ་གཞུང་རྫོང་བཅས་ལ་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་རྫོང་གི་མཚན་སྙན་ཐོབ་པ། ལྷུན་རྩེ་རྫོང་ལ“སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི”ལག་ལེན་གསར་གཏོད་རྟེན་གཞིའི་མཚན་སྙན་ཐོབ་ཡོད། ས་ཆུ་སྲུང་འཛིན་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། ས་ཆུ་ཤོར་བར་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བ། ལྗོངས་དང་། གྲོང་ཁྱེར། རྫོང་། ཤང་། གྲོང་ཚོ་བཅས་རིམ་ལྔའི་ཆུ་དཔོན་དང་མཚོ་དཔོན་ཁྲི་1.48བཀོད་སྒྲིག་བྱས་པ། ཆུ་བོ་དང་མཚོ་མོའི“བཙོག་ཟིང་བཞི་གཙང་སེལ”རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བ་བཅས་བྱས་ཡོད། 2020ལོར་སྒར་རྫོང་གི་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་སྐུལ་ལྕག་མིང་ཐོའི་ནང་བཅུག་ཡོད།

    —— སྐྱེ་ཁམས་ཁོར་ཡུག་རྒྱུན་འཁྱོངས་ཡག་པོ་ཐུབ་པ།

    ད་ཆ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་11དང་། རྒྱལ་ཁབ་རིམ་པའི་གྲགས་ཅན་མཛེས་ལྗོངས་ཁུལ་4 རྒྱལ་ཁབ་ས་གཤིས་སྤྱི་གླིང་3 རྒྱལ་ཁབ་ནགས་ཚལ་སྤྱི་གླིང་9 རྒྱལ་ཁབ་འདམ་རའི་སྤྱི་གླིང་22བཅས་ཡོད་པ་དང་། རང་བྱུང་སྲུང་སྐྱོང་ས་ཆས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་38.75%བཟུང་ཡོད། བྱེ་འགོག་བྱེ་བཅོས་ཀྱི་ཕྱོགས་བསྡུས་དཔེ་སྟོན་ཁུལ་1དང་བྱེ་འགྱུར་ས་ཞིང་བཀག་སྡོམ་སྲུང་སྐྱོང་ཁུལ་5བཙུགས་པར་བཀག་སྡོམ་རྒྱ་ཁྱོན་སྤྱི་ཆིང་ཁྲི་4.8ཟིན་ཡོད། 2004ལོ་ནས་2014ལོ་བར་ཐང་རྒོད་ས་ཆའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་9.24ཉུང་དུ་ཕྱིན་པ་དང་བྱེ་འགྱུར་ས་ཆའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་10.07ཉུང་དུ་ཕྱིན་ཡོད། 2020ལོར་ནགས་ཚལ་ཁྱབ་ཚད་12.31%ཟིན་པ་དང་། རང་བྱུང་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་47%བར་མཐོ་རུ་ཕྱིན་པ། འདམ་རའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་652.9ཟིན་ཡོད། རི་སྐྱེས་སྲོག་ཆགས་དང་དེའི་འཚོ་སྡོད་ཁུལ་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་པས་ཁྲུང་ཁྲུང་སྐེ་ནག་3000མ་ཟིན་པ་ནས་ད་ལྟའི་8000ལྷག་ཙམ་བར་མང་དུ་ཕྱིན་པ་དང་གཙོད་ཁྲི་30ཙམ་བར་མང་དུ་ཕྱིན་ཡོད། སྐམ་སར་འཚོ་བའི་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་བརྟག་དཔྱད་ཐེངས་གཉིས་པ་བྱེད་རིང་སྤྲེའུ་འགྲམ་དཀར་སོགས་སྲོག་ཆགས་གསར་པ་5དང་བྱིའུ་ཏུང་ཀོ་ལིན་དབྱིང་སོགས་ཀྲུང་གོའི་ཟིན་ཐོ་གསར་པའི་སྲོག་ཆགས་5ཤེས་རྟོགས་བྱུང་ཡོད། རི་སྐྱེས་རྩི་ཤིང་ཐོན་ཁུངས་བརྟག་དཔྱད་ཐེངས་གཉིས་པའི་བྱས་འབྲས་ལས་མངོན་པར་གཞིགས་ན། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་ཀྱི་རི་སྐྱེས་རྩི་ཤིང་ཤུག་སྡོང་ཆེན་པོ་བརྟན་པོའི་ངང་འཕར་སྣོན་བྱུང་བ་མ་ཟད་སྲུང་སྐྱོབ་ནུས་ལྡན་ཐུབ་ཡོད། བརྟག་དཔྱད་བྱས་རྗེས་ཤིང་ཏ་ལ་དང་ཧི་མ་ལ་ཡའི་སེང་གེ་ཤིང་སོགས་སྐྱེ་དངོས་རིགས་21གི་ཁྱབ་གནས་གསར་པ་རྙེད་ཡོད། གཙང་པོ་དང་མཚོ་གཙོ་བོའི་ཆུའི་སྤུས་ཚད་སྤྱིའི་ཆ་ནས་ལེགས་པ་དང་། ཡར་ཀླུང་གཙང་པོ་དང་གནམ་མཚོའི་ཆུའི་སྤུས་ཚད《ས་ངོས་ཆུའི་ཁོར་ཡུག་སྤུས་ཚད་ཀྱི་ཚད་གཞིའི》ནང་གི་Ⅱརིགས་ཀྱི་ཚད་གཞིར་སླེབས་པ། ཇོ་མོ་གླང་མའི་འདབས་ཀྱི་རོང་ཕུ་གཙང་པོ་Iརིགས་ཀྱི་ཚད་གཞིར་སླེབས་ཡོད། རྫས་ལུད་དང་ཞིང་སྨན་སྤྱོད་ཚད་འཕར་མེད་པ་དང་ས་རྒྱུ་རང་བྱུང་གི་རྣམ་པར་གནས་ཡོད། 2020ལོའི་PM10དང་PM2.5ཡི་ལོ་རེའི་ཆ་སྙོམས་གར་ཚད་2015ལོ་དང་བསྡུར་ན་28.1%དང་37.5%སོ་སོར་ཆག་ནས་བོད་ཀྱི་མཁའ་རླུང་ལེགས་པའི་ཉིན་གྲངས་99.4%ཟིན་ཡོད།

    —— ལྗང་མདོག་འཕེལ་རྒྱས་ཀྱི་བཀོད་པ་རཌ་ཙམ་ཆགས་པ།

    བོད་འདི་ཉིད་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྒྱུན་མཐུད་རྟེན་གཞིར་བསྐྲུན་རྒྱུ་ཡིན་ཞིང་། 2020ལོ་བར་ནུས་རྒྱུ་གཙང་མས་གློག་འདོན་འཕྲུལ་འཁོར་གྱི་གློག་གཏོང་ཚད་ཀྱི་89.09%ཟིན་ཡོད། 2015ལོ་ནས་2020ལོའི་ལོ་མཇུག་བར་རིམ་རྩིས་བྱས་ན་ནུས་རྒྱུ་གཙང་མའི་གློག་ཤུགས་ཆུ་ཚོད་ཆན་ཝ་དུང་ཕྱུར་65ཕྱིར་གཏོང་བྱས་པས་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཆེས་ཆེར་ཉུང་དུ་ཕྱིན་ཡོད། རྒྱལ་ཁབ་རིམ་པའི་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟར་སྐུལ་འདེད་དང་། ཐབ་ཚང་གི་གད་སྙིགས་ཐོན་ཁུངས་ཅན་གྱི་བེད་སྤྱོད་བྱེད་མགྱོགས་སུ་བཏང་ཡོད། སྲ་གཟུགས་སྙིགས་རོའི་ལྟ་འདོམས་ལ་སྐུལ་འདེད་གཏིང་ཟབ་བཏང་བས་རྫོང་རིམ་པ་ཡན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་གནོད་མེད་གཙང་སེལ་བྱེད་ཚད་97.34%ཟིན་པ་དང་། སྨན་བཅོས་སྙིགས་རོ་བསྡུ་དགོས་རིགས་ཚང་མ་བསྡུ་ཐུབ་པ། ཐག་གཅོད་བྱེད་དགོས་རིགས་ཚང་མ་ཐག་གཅོད་ཐུབ་ཡོད། 2016ལོ་ནས་2020ལོ་བར་གྲོང་ཁྱེར་གྱི་བཙོག་ཆུ་གཙང་གསིང་བྱེད་ཚད་50.19%ནས་96.28%བར་མཐོ་རུ་ཕྱིན་ཡོད། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས་འབུད་ཤིང་ཚབ་བརྗེ་དང་། གསང་སྤྱོད་གསར་བརྗེ། ཁོར་ཡུག་བཅོས་སྒྲིག གྲོང་གསེབ་སྔོ་འགྱུར་སོགས་ཀྱི་རྣམ་གྲངས་སྔ་རྗེས་སུ་ལག་བསྟར་བྱས་ཏེ་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་བསྡུ་འདྲེན་ཐག་གཅོད་མ་ལག་རིམ་བཞིན་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཡོད། རྩྭ་ཐང་དང་། ནགས་ཚལ། འདམ་ར། རི་སྐྱེས་སྲོག་ཆགས་ཀྱི་བྱུར་ཉེས་སོགས་ཁྱབ་ཁོངས་ལ་ཁྱབ་པའི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་བཙུགས་ནས་2019ལོ་ནས་2020ལོ་བར་རིམ་རྩིས་བྱས་ན། སྐྱེ་ཁམས་ནགས་སྲུང་བའི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་2.74བཀོད་སྒྲིག་བྱས་པ་དང་། སྐྱེ་ཁམས་ནགས་སྲུང་བ་ཁྲི་7.82གདམ་གསེས་གདན་ཞུ་བྱ་རྒྱུར་རྒྱབ་སྐྱོར་བྱས་པ། ནགས་ཚལ་སྐྱེ་ཁམས་ཕན་འབྲས་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་31.82བཀོད་སྒྲིག་བྱས་པས་སྐྱེ་ཁམས་ཁོར་ཡུག་གི་ཁེ་དབང་འགན་ལེན་ཐུབ་ཡོད། “འབྲུ་རིགས་ལ་གཅེས་སྤྲས་དང་གྲོན་ཆུང”གི་བྱེད་སྒོ་དང“སྡེར་གཙང་བྱ་སྤྱོད”རྒྱུན་མཐུད་ངང་སྤེལ་བས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིས་ཆུ་དང་གློག་གྲོན་ཆུང་ངང་སྤྱོད་པའི་འདུ་ཤེས་མངོན་གསལ་དོད་པོས་ཟབ་ཏུ་ཕྱིན་པ་དང་ནུས་རྒྱུ་གསར་པའི་གློག་སྒུལ་རླངས་འཁོར་གྱི་གྲངས་འབོར་གང་མགྱོགས་འཕར་ཏེ་ལྗང་མདོག་འཚོ་བ་དེ་དར་སྲོལ་གསར་པ་ཞིག་ཏུ་འགྱུར་བཞིན་ཡོད།

    དགུ། རྒྱལ་ཁབ་གཅིག་གྱུར་དང་སྤྱི་ཚོགས་བརྟན་ལྷིང་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱས་པ།

    རྒྱལ་ཁབ་གཅིག་གྱུར་དང་སྤྱི་ཚོགས་བརྟན་ལྷིང་ནི་བོད་ཀྱི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་བའི་འགན་ལེན་གལ་ཆེན་ཞིག་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་འཚོ་བའི་འགྱུར་མེད་ཀྱི་བརྟེན་ས་ཞིག་རེད། དུས་ཡུན་རིང་པོའི་ནང་ཀྲུང་གོར་ངོ་རྒོལ་བྱེད་མཁན་ནུབ་ཕྱོགས་ཕྱོགས་གཏོགས་ཀྱིས“བོད་ཀྱི་གནད་དོན”ཟེར་བར་ཁ་གཡར་ཏེ་ཀྲུང་གོ་ཟང་ཟིང་བཟོ་བ་དང་བཀག་སྡོམ་བྱེད་མཚམས་གཏན་ནས་འཇོག་མྱོང་མེད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས“བོད་རང་བཙན”གྱི་ལྐོག་གཡོ་གཤོམ་མཚམས་གཏན་ནས་འཇོག་མྱོང་མེད་པར། དོན་རྐྱེན་རྒྱུན་ཆད་མེད་པར་བཟོས་ནས་བོད་ཀྱི་བརྟན་ལྷིང་དང་མཐུན་སྒྲིལ་གྱི་རྣམ་པ་བཟང་པོར་གནོད་འཚེ་བཏང་ཡོད། བོད་ཀྱི་བྱ་གཞག་ཁག་འཕེལ་རྒྱས་དང་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་འགན་ལེན་བྱ་ཆེད། གྲུབ་འབྲས་གཟེངས་སུ་ཐོན་པའི་སྒོ་ནས་སྤྱི་ཚོགས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལས་དོན་སྤེལ་ཡོད།

    —— ཀྲུང་གོར་ངོ་རྒོལ་བྱེད་མཁན་ནུབ་ཕྱོགས་ཕྱོགས་གཏོགས་ཀྱིས་བོད་ཟང་ཟིང་བཟོས་ནས་ཀྲུང་གོར་བཀག་སྡོམ་བྱ་རྒྱུའི་ལྐོག་གཡོ་བཤམས་པ།

    དུས་ཡུན་རིང་པོའི་ནང་ཀྲུང་གོར་ངོ་རྒོལ་བྱེད་མཁན་ནུབ་ཕྱོགས་ཕྱོགས་གཏོགས་ཀྱིས་ཀྲུང་གོའི་བོད་ཀྱི་ལས་དོན་ལ་རྒྱུན་ཆད་མེད་པར་ཐེ་ཇུས་བྱས་ཏེ་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་ལ་གཏོར་བཤིག་གཏོང་རྒྱུའི་རེ་ངན་བཅངས་ཡོད། བོད་ཞི་བས་བཅིངས་འགྲོལ་མ་བཏང་གོང་ནས་ཨ་རི་སྲིད་གཞུང་གིས་བོད་ས་གནས་ཀྱི་བཙན་རྒྱལ་རིང་ལུགས་དགའ་ཉེར་བསྟེན་མཁན་ཁ་ཕྲལ་ཕྱོགས་གཏོགས་དང་འབྲེལ་བ་བཙུགས། དུས་རབས་20པའི་ལོ་རབས་50པའི་དུས་དཀྱིལ་དུ་ཨ་རིའི་ལྟེ་བའི་གསང་འཕྲིན་ཅུས་ཀྱིས་ཁོ་ལུའོ་ལ་ཏུའོ་ཀྲོའུ་རུ་གཏུམ་སྤྱོད་ཀྱི་བྱེད་སྤྱོད་སྤེལ་མཁན“བོད་རང་བཙན་པར”སྦྱོང་བརྡར་སྤྲས། བོད་དུ་དྲག་པོའི་ངོ་ལོག་ཟིང་འཁྲུག་ལངས་རིང་ཨ་རིའི་ལྟེ་བའི་གསང་འཕྲིན་ཅུས་ཀྱིས་གསང་མྱུལ་བ་མངགས་ནས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་བྲོས་བྱོལ་དུ་འགྲོ་བར་རོགས་རམ་བྱས་པ་མ་ཟད། ད་དུང་གོ་མཚོན་འབོར་ཆེན་མཁའ་ཐོག་ནས་དབྱུགས་ཏེ་ངོ་ལོག་ཟིང་འཁྲུག་གི་དྲག་ཆས་སྟོབས་ཤུགས་བསྐྱར་འཛུགས་བྱེད་རོགས་བྱས། “ཆུ་བཞི་སྒང་དྲུག”ལ་ཨ་རིའི་ལྟེ་བའི་གསང་འཕྲིན་ཅུས་ཀྱིས་གོ་མཚོན་དང་སློབ་ཁྲིད་དམག་དཔོན་མཁོ་འདོན་བྱས་པ་མ་ཟད། ཐད་ཀར་བཀོད་འདོམས་ཀྱང་བྱས། དུས་རབས་20པའི་ལོ་རབས་80པ་ནས་བཟུང་བོད་དུ་ལངས་པའི་ཟིང་ཆ་ཚང་མར་ནུབ་ཕྱོགས་ཕྱོགས་གཏོགས་ཁ་ཤས་ཀྱིས་ཐེ་ཇུས་བྱས་ཡོད། ཉེ་བའི་ལོ་ཤས་རིང་ཀྲུང་གོར་ངོ་རྒོལ་བྱེད་མཁན་ནུབ་ཕྱོགས་ཕྱོགས་གཏོགས་ཀྱིས་བོད་ལ་ཐེ་ཇུས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ཞིང་། ཨ་རིས《2002ལོའི་བོད་ཀྱི་སྲིད་ཇུས་བཅའ་ཁྲིམས》དང་། 《2018ལོའི་འདྲ་མཉམ་ངང་བོད་དུ་ཡུལ་སྐོར་བྱེད་པའི་བཅའ་ཁྲིམས》 《2020ལོའི་བོད་ཀྱི་སྲིད་ཇུས་དང་རྒྱབ་སྐྱོར་བཅའ་ཁྲིམས》སོགས་ཁྲིམས་དོན་གྲོས་གཞི་མང་པོ་སྔ་རྗེས་སུ་བཟོས་ཏེ“བོད་ཀྱི་གནད་དོན”ཟེར་བར་ཁ་གཡར་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱ་རྒྱུའི་རེ་ངན་བཅངས།

    —— ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་མེས་རྒྱལ་ཁ་ཕྲལ་གཏོང་བའི་བྱེད་སྤྱོད་སྤེལ་རྒྱུའི་ངན་ཇུས་བཤམས་པ།

    1959ལོར་བོད་ཀྱི་ལོག་སྤྱོད་མཐོ་རིམ་གྱིས་ཕྱོགས་ཡོངས་ནས་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས་པ་དང་། མཐར་ཕམ་ཉེས་བྱུང་ནས་རྒྱ་གར་དུ་བྲོས་རྗེས་གཏུམ་སྤྱོད་ཀྱི་བྱེད་ཐབས་ལ་བརྟེན་ནས“བོད་རང་བཙན”གྱི་འདོད་ཚུལ་ཡོངས་བསྒྲགས་བྱས། དེ་རྗེས་ཨ་རིའི་རྒྱབ་སྐྱོར་འོག“ཆུ་བཞི་སྒང་དྲུག”བསྐྱར་འཛུགས་བྱས་ཏེ་ནེ་པ་ལའི་མུའུ་སི་ཐང་དུ་དྲག་ཆས་རྟེན་གཞི་བཙུགས་པ་དང་དུས་ཡུན་རིང་པོའི་ནང་ཀྲུང་ནེའི་མཐའ་མཚམས་སུ་ཕུ་དཀྲུག་མདའ་དཀྲུག་བཟོ་བའི་བྱེད་སྤྱོད་སྤེལ། 1962ལོར་ཕྱི་ཕྱོགས་ཕྱོགས་གཏོགས་ཀྱི་རྒྱབ་སྐྱོར་འོག་ཡུལ་གྱར་བོད་མིས་གཙོ་བོ་བྱས་པའི“རྒྱ་གར་དང་བོད་ཀྱི་མཐའ་མཚམས་ཀྱི་དམིགས་བསལ་དཔུང་སྡེ”བཙུགས་ནས་ཀྲུང་གོའི་མཐའ་སྲུང་དམག་དཔུང་དང་མཐའ་མཚམས་ས་ཁུལ་གྱི་མི་སེར་དཀྱུས་མར་རྒྱུན་ཆད་མེད་པར་འཇབ་རྒོལ་འཁྲུག་སློང་བྱས།

    དུས་རབས་20པའི་ལོ་རབས་70པའི་དུས་མཇུག་ནས་བཟུང་། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཆེན་པོ་ཕྱིན་པས། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་དུས་བབ་ཀྱི་གནོན་ཤུགས་དབང་གིས་ཐབས་ཇུས་བསྒྱུར་འགོ་བཙུགས་ཏེ། ཕྱོགས་གཅིག་ནས་ཟིང་ཆ་དང་གཏུམ་སྤྱོད་ཀྱི་དོན་རྐྱེན་བསྟུད་མར་བཟོས་ནས་ཀྲུང་དབྱང་སྲིད་གཞུང་ལ་གནོན་ཤུགས་སྤྲད་ཅིང་། 1987ལོ་དང་། 1988ལོ། 1989ལོ་བཅས་ལ་གཏུམ་སྤྱོད་ཀྱི་དོན་རྐྱེན་ཇུས་འགོད་དང་ངན་སྐུལ་ཐེངས་མང་བྱས་པ་དང་། 2008ལོར་ལྷ་སའི“3·14”རྡུང་གཅོག་འཕྲོག་སྲེག་གི་གཏུམ་སྤྱོད་དོན་རྐྱེན་ཇུས་འགོད་ལག་བསྟར་བྱས་པ་མ་ཟད། པེ་ཅིང་ཨོ་རྩལ་འགྲན་ཚོགས་གྲབས་གཉེར་བྱེད་རིང་རྒྱལ་སྤྱིའི་ཐོག་བཀག་འགོག་དང་གཏོར་བཤིག་གི་བྱེད་སྤྱོད་རབ་དང་རིམ་པ་སྤེལ་བར་རྒྱལ་སྤྱིའི་སྤྱི་ཚོགས་ཁོང་ཁྲོ་ཆེན་པོ་ལངས། 2011ལོ་ནས་བཟུང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་མངའ་ཁོངས་ནང་གི་བོད་རིགས་སེར་སྐྱ་དད་ལྡན་མང་ཚོགས་ལ་མགོ་སྐོར་བསླུ་བྲིད་ཀྱིས་རང་སྲེག་བྱེད་དུ་བཅུག་པ་མ་ཟད། དྲ་ཐོག་ཏུ《རང་སྲེག་མཛུབ་ཁྲིད་ཡི་གེ》བཀྲམ་པས། དུས་མཚམས་ཤིག་རིང་ཀྲུང་གོའི་ས་ཁུལ་ཁག་གཅིག་ཏུ་རང་སྲེག་དོན་རྐྱེན་བསྟུད་མར་ཐོན། ཕྱོགས་གཞན་ཞིག་ནས“འཚེ་མེད་ཞི་བ”འུད་སྒྲོག་བྱས་ཏེ“དབུ་མའི་ལམ”ཟེར་བ་བཏོན་ནས་འཛམ་གླིང་གི་མི་རྣམས་ལ་མགོ་སྐོར་བཏང་། 1987ལོའི་ཨ་རིའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྟེ་བའི་ཚོགས་ཆུང་གི་ཚོགས་འདུའི་ཐོག“བོད་ཀྱི་ཞི་བའི་འཆར་གཞི་དོན་ཚན་ལྔ”ཟེར་བ་བཏོན་པ་དང་། 1988ལོར་ཧྥ་རན་སིའི་སི་ཐེ་ལ་སི་པའོ་རུ“བོད་ཀྱི་གནད་དོན”ཟེར་བ་ཐག་གཅོད་བྱེད་པའི“གྲོས་འགོ་གསར་པ་བདུན”བཏོན་པ། 2008ལོར《བོད་མི་ཡོངས་ལ་རང་སྐྱོང་ངོ་མ་ཐོབ་པ་བྱེད་པའི་དྲན་ཐོ》བཏོན་ཡོད།

    “དབུ་མའི་ལམ”ཟེར་བའི་ནང་དོན་གཙོ་བོ་ནི་བོད་འདི་ཉིད་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཆ་ཤས་ཤིག་ཡིན་པ་ཁས་མི་བླངས་པར“བོད་འདི་ཉིད་ལོ་རྒྱུས་ཐོག་རྦད་དེ་རང་བཙན་རྒྱལ་ཁབ་ཅིག་ཡིན”ཞེས་འུད་སྒྲོག་བྱེད་པ་དང་། ལོ་རྒྱུས་ཐོག་སྔར་བྱུང་མྱོང་མེད་པའི“བོད་ཆེན་པོ”ཟེར་བ་བཙུགས་ནས་བོད་ལྗོངས་དང་། སི་ཁྲོན། ཡུན་ནན། ཀན་སུའུ། མཚོ་སྔོན་སོགས་ཀྱི་བོད་རིགས་དང་དེ་བཞིན་མི་རིགས་གཞན་དག་འདུས་སྡོད་ཁུལ་ཟླ་སྒྲིལ་བཏང་ནས་གཅིག་གྱུར་གྱི་སྲིད་འཛིན་ཁུལ་ཟེར་བ་འཛུགས་རྒྱུའི་རེ་ངན་བཅངས་པ། ཀྲུང་དབྱང་གི་གཅུན་སྡོམ་མ་ཕོག་པའི“ཚད་མཐོའི་རང་སྐྱོང”ལག་བསྟར་བྱ་རྒྱུའི་རེ་བ་བཏོན་པ། ཀྲུང་དབྱང་སྲིད་གཞུང་གི་འགོ་ཁྲིད་དང་བོད་དུ་ད་ལྟ་ལག་ལེན་བསྟར་བཞིན་པའི་སྤྱི་ཚོགས་ཀྱི་ཆབ་སྲིད་ལམ་ལུགས་ཁས་མི་ལེན་པ། “རང་སྐྱོང་སྲིད་གཞུང”འཛུགས་རྒྱུའི་འུད་སྒྲོག་བྱེད་པ། “ཕྱི་འབྲེལ་དང་རྒྱལ་སྲུང་ཕུད། དེ་བྱིངས་ཀྱི་ལས་དོན་གཞན་དག་ཚང་མ་བོད་མི(ཏཱ་ལའི་རུ་ཚོགས)ཡིས་འགན་འཁུར་རྒྱུ་དང་འབྲེལ་དབང་ཆ་ཚང་མའང་ཡོད་པ་བྱ་རྒྱུ” བོད་སྡོད་ཀྲུང་དབྱང་དམག་དཔུང་ལ་ངོ་རྒོལ་བྱས་ཏེ། ཀྲུང་གོའི་དམག་དཔུང“ཚང་མ་ཕྱིར་འཐེན་བྱེད་དགོས”ཞེས་བཏོན་ནས་བོད་འདི་ཉིད“རྒྱལ་སྤྱིའི་ཞི་བདེའི་ཁུལ”དུ་བསྒྱུར་རྩིས་བྱས་པ། མཚོ་བོད་ས་མཐོར་གནའ་སྔ་མོ་ནས་མི་རིགས་མང་པོ་འདུས་སྡོད་བྱེད་པའི་དོན་དངོས་སྣང་མེད་དུ་བཏང་ནས་མཚོ་བོད་ས་མཐོར་མི་རབས་ནས་མི་རབས་བར་འཚོ་སྡོད་བྱེད་པའི་མི་རིགས་གཞན་དག་ཕྱིར་འབུད་བྱེད་དགོས་པའི་རེ་བ་བཏོན་པ་བཅས་རེད། “དབུ་མའི་ལམ”དེ་ཀྲུང་གོའི་ལོ་རྒྱུས་དང་། དོན་དངོས། རྩ་ཁྲིམས། བཅའ་ཁྲིམས། གཞི་རྩའི་ལམ་ལུགས་བཅས་དང་མཐུན་གྱི་མེད་ལ། བོད་ཀྱི་ལོ་རྒྱུས་དང་། དོན་དངོས། མི་རིགས་ཀྱི་འབྲེལ་བ་བཅས་དང་ཡང་མཐུན་གྱི་མེད་པ་མ་ཟད། བོད་རིགས་མི་དམངས་ཚུད་པའི་ཀྲུང་གོ་ཡོངས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་དེ་བས་ཀྱང་རྒྱབ་འགལ་དུ་སོང་ཡོད།

    —— རྒྱལ་ཁབ་ཀྱི་བདེ་འཇགས་དང་བོད་ཀྱི་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ།

    བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་གྱི་ལག་ལེན་ཐོག་ནས་རྒྱལ་ཁབ་བདེ་འཇགས་མེད་ན་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་ཐུབ་དཀའ་བ་དང་། བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་མེད་ན་དཔལ་འབྱོར་དང་། རིག་གནས། སྐྱེ་ཁམས་སོགས་བྱ་གཞག་ཁག་འཕེལ་རྒྱས་ཐུབ་དཀའ་བ། མི་དམངས་ཀྱི་དུས་བདེ་དང་བདེ་སྐྱིད་ལྡན་པའི་འཚོ་བ་འགན་ལེན་ཐུབ་དཀའ་བ་བཅས་ཡིན་པ་ར་འཕྲོད་བྱུང་ཡོད། དུས་ཡུན་རིང་པོའི་ནང་ཀྲུང་གོར་ངོ་རྒོལ་བྱེད་མཁན་ནུབ་ཕྱོགས་ཕྱོགས་གཏོགས་དང་དེས་རྒྱབ་སྐྱོར་བྱེད་པའི་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ནི་ཐོག་མཐའ་བར་གསུམ་དུ་བོད་ཀྱི་སྤྱི་ཚོགས་མཐུན་སྒྲིལ་ཡར་ཐོན་ལ་ཤུགས་རྐྱེན་ངན་པ་ཐེབས་པའི་རྒྱུ་རྐྱེན་གཙོ་བོ་དེ་རེད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་ངོ་ལོག་བྲོས་བྱོལ་དུ་སོང་རྗེས་ཀྲུང་དབྱང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་བྱམས་སྙིང་རྗེ་ཆེན་པོས་གུ་ཡངས་བཏང་ཞིང་། ཁོ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པའི་གོ་གནས་1964ལོ་བར་སོར་འཇོག་བྱས། སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་ཀྲུང་དབྱང་སྲིད་གཞུང་གིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པར་ནོར་འཁྲུལ་ཡོ་བསྲང་བྱེད་པའི་ལམ་བསྟན་ཏེ“རྒྱལ་ཁབ་ལ་དགའ་ཞེན་བྱས་ན་ཁྱིམ་ཚང་གཅིག་ཡིན། རྒྱལ་ཁབ་ལ་དགའ་ཞེན་བྱེད་པར་སྔ་ཕྱི་མེད”ཅེས་བཏོན་པ་དང་ཆབས་ཅིག ཁོ་པར་མི་མངགས་ནས་རྒྱལ་ནང་དུ་ཐུག་འཕྲད་དང་ལྟ་སྐོར་བྱེད་པའི་གདན་ཞུ་བྱས། 1979ལོ་ནས་2002ལོའི་བར་ཀྲུང་དབྱང་སྲིད་གཞུང་གིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་སྒེར་གྱི་ངོ་ཚབ་ལ་སྣེ་ལེན་ཐེངས་13བྱས་པ་དང་2002ལོ་ནས་2010ལོའི་བར་ཁོ་པ་ཚོ་རྒྱལ་ནང་དུ་ལོག་རྒྱུར་མོས་མཐུན་ཐེངས་10བྱས་མོད། འོན་ཀྱང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཀྲུང་དབྱང་གི་རེ་བ་ཆུད་ཟོས་སུ་ཡང་ཡང་བཏང་ནས་ཐོག་མཐའ་བར་གསུམ་དུ་ཁོ་པའི་ཆབ་སྲིད་ཀྱི་འདོད་ཚུལ་རྩ་བ་ནས་དོར་མེད།

    ཀྲུང་གོར་ངོ་རྒོལ་བྱེད་མཁན་ནུབ་ཕྱོགས་ཕྱོགས་གཏོགས་ཀྱིས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་པའི་ལྐོག་གཡོ་དང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་ཁ་ཕྲལ་བྱེད་སྤྱོད་ཐད། བོད་མི་དམངས་ཚུད་པའི་ཀྲུང་གོའི་མི་དམངས་ཡོངས་ཀྱིས་བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོང་བྱས་པ་དང་ཆབས་ཅིག ཁ་ཕྲལ་ཕྱོགས་གཏོགས་དང་ཀྲུང་གོར་ངོ་རྒོལ་བྱེད་མཁན་ཕྱོགས་གཏོགས་གང་རུང་ཚང་མ་དང་འཐབ་རྩོད་མཐའ་གཅིག་ཏུ་བྱས་ཡོད། བོད་ཀྱིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་སིམ་འཛུལ་གཏོར་བཤིག་གི་བྱེད་སྤྱོད་གཏན་འགོག་མཐའ་གཅིག་ཏུ་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་འཛུགས་ཀྱི་ལས་དོན་གཏིང་ཟབ་དང་ཡུན་རིང་སྤེལ་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བཅས་བྱས་པས་བརྟན་ལྷིང་སྲུང་སྐྱོང་གི་ཟངས་གྱང་ལྕགས་རྩིག་ཅིག་གྲུབ་ཡོད།

    བཅུ། དུས་རབས་གསར་པའི་རྒྱང་སྐྱོད་གསར་པ།

    སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། ཏང་ཀྲུང་དབྱང་གིས་སྔ་རྗེས་སུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་7འཚོགས་ནས་བོད་ཀྱི་ལས་དོན་ཐད་ཐབས་ཇུས་བཀོད་སྒྲིག་གལ་ཆེན་གནང་ཡོད། དུས་རབས་གསར་པར་སླེབས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ཀྱི་ལས་དོན་ལ་ཁ་ཕྱོགས་གཏན་འཁེལ་དང་ཇུས་འགོད་གནང་ནས“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་ཀྱི་དགོངས་པ་བཏོན་གནང་བ་དང་། “མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི”མཛུབ་སྟོན་གལ་ཆེན་གནང་བ། ཁོང་སྐུ་ངོ་མས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བདུན་པ་གཙོ་སྐྱོང་གནང་བ། དུས་བབ་གསར་པའི་འོག་གི་བོད་ཀྱི་ལས་དོན་གྱི་མཛུབ་ཁྲིད་དགོངས་པ་དང་དམིགས་ཚད་ལས་འགན་ཁ་གསལ་བཏོན་གནང་བ། ཀྲུང་དབྱང་སྲིད་གཞུང་གིས་བོད་ལ་རྒྱབ་སྐྱོར་བྱེད་པའི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་འབོར་ཆེན་ཞིག་གཏན་འཁེལ་གནང་བ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཕན་པའི་དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཟོས་གནང་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་འབད་འཐབ་བྱས་ཏེ། ཡུན་རིང་ཐག་གཅོད་བྱེད་དགོས་བསམས་ཀྱང་བྱེད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་གཅོད་བྱས་པ་དང་དུས་ཡུན་རིང་པོར་སྒྲུབ་དགོས་བསམས་ཀྱང་སྒྲུབ་མ་ཐུབ་པའི་དོན་ཆེན་མང་པོ་བསྒྲུབས་པས་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།

    དུས་རབས་གསར་པའི་བོད་ལྗོངས་སུ་ལྗོངས་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་དང་། དཔལ་འབྱོར་རྒྱུན་མཐུད་དང་མགྱོགས་མྱུར་འཕེལ་རྒྱས། རྫོང་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་ནས་དབུལ་ཞྭ་ཕུད་པ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་པ། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་ཏན་ཏིག་སོང་བ། མི་རིགས་མཐུན་སྒྲིལ་ཉིན་བཞིན་ཟབ་ཏུ་སོང་བ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་ཉིན་བཞིན་འཚམ་མཐུན་བྱུང་བ། མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་བཅས་ཡོད་པ་ལས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་དར་རྒྱས་ཀྱི་རྣམ་པ་ཞིག་མངོན་ཡོད།

    —— དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས་བྱས་པ།

    དེང་གི་འཛམ་གླིང་ལ་ལོ་བརྒྱའི་ནང་འཕྲད་མྱོང་མེད་པའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་ལ། དེང་གི་ཀྲུང་གོ་འདི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སུ་སླེབས་ནས། བོད་ཀྱི་ལས་དོན་ལ་འཕྲད་པའི་དུས་བབ་དང་ལས་འགན་ལ་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་ལས་དོན་གྱི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཟབ་ཏུ་བཏང་ཁར། མི་དམངས་ཀྱི་སྣེ་ཁྲིད་དེ་བོད་སྐྱོང་དང་། བོད་བརྟན། བོད་དར་བཅས་ཡོང་བའི་གྲུབ་འབྲས་ལྡན་པའི་ཉམས་མྱོང་ཕྱོགས་སྡོམ་བྱས་ནས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཏོན་པ་སྟེ། ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བཅས་མཐའ་འཁྱོངས་བྱེད་དགོས་པ་དང་། རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་འཐབ་ཇུས་ཀྱི་དགོངས་པ་མཐའ་འཁྱོངས་བྱེད་དགོས་པ། ངེས་པར་དུ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་སར་བརྩི་དགོས་པ། ངེས་པར་དུ་ཁྲིམས་བཞིན་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་མཐའ་འཁྱོངས་བྱེད་དགོས་པ། ངེས་པར་དུ་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་བྱེད་དགོས་པ། ངེས་པར་དུ་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་དགོས་པ། ངེས་པར་དུ་མི་རིགས་ཁག་དབར་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་སྐུལ་འདེད་གཏོང་དགོས་པ། ངེས་པར་དུ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་དང་ཆོས་ལུགས་ལས་དོན་ལ་ཁྲིམས་བཞིན་དོ་དམ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། ངེས་པར་དུ་སྐྱེ་ཁམས་སྲུང་སྐྱོང་བྱ་རྒྱུ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། ངེས་པར་དུ་ཏང་འཛུགས་སྐྱོང་དང་ལྷག་པར་དུ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ་བཅས་རེད། མཛད་ཇུས་དེས་ཚན་རིག་དང་མཐུན་པའི་ངང་ནས་ཁ་ཕྱོགས་རང་བཞིན་དང་། ཁྱོན་ཡོངས་རང་བཞིན། འཐབ་ཇུས་རང་བཞིན་བཅས་ཀྱི་གནད་དོན་རབ་དང་རིམ་པར་ལན་བཏབ་པ་དང་། དེ་ནི་བོད་སྐྱོང་དང་། བོད་བརྟན། བོད་དར་བཅས་བྱེད་པའི་ཏང་གི་གྲུབ་འབྲས་ལྡན་པའི་ཉམས་མྱོང་ལ་ཕྱོགས་སྡོམ་ཞུན་བརྡར་དང་གསར་གཏོད་འཕེལ་རྒྱས་བཏང་བ་ཞིག་ཡིན་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བོད་ཀྱི་ལས་དོན་ཁྲོད་གཅིག་སྡུད་ངང་མཚོན་པ་ཞིག་ཀྱང་ཡིན། དེས་བོད་ཀྱི་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།

    —— དེང་རབས་ཅན་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་འགོ་ཚུགས་པ།

    བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་སྐབས་དེ“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་འགོ་འཛུགས་པའི་ལོ་དང་ཏག་ཏག་འཁེལ་ཡོད། དེ་ནི་རང་རྒྱལ་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱུང་རྗེས་བབ་བསྟུན་འཕྲལ་སྒྲུབ་ངང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པའི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་འགོ་ཚུགས་པའི་ལོ་དང་པོའང་ཡིན། སླད་ཕྱིན་གྱི་དུས་སྐབས་ཤིག་རིང་། རྒྱལ་ཁབ་ཀྱིས་བརྟན་ཐོག་ཡར་འཕེལ་གྱི་སྒོ་ནས་ལས་དོན་སྒྲུབ་པའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཁོང་དུ་ཆུད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གཏོད་པ་བཅས་བྱས་ཏེ། སྒྱུར་བཅོས་གསར་གཏོད་བྱ་རྒྱུ་རྩ་བའི་སྒུལ་ཤུགས་དང་། ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་དགོས་མཁོ་སྐོང་རྒྱུ་རྩ་བའི་དམིགས་ཡུལ་དུ་བྱས་ནས། སྤྱི་ཡོངས་ཀྱི་འདུ་ཤེས་མཐའ་འཁྱོངས་དང་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས་བྱེད་པ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞིར་དམ་འཛིན་ཡག་པོ་བཅས་བྱས་ནས། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱ་རྒྱུ་རེད། 2035ལོར་སླེབས་སྐབས་བོད་ཀྱི་བཟོ་ལས་ཅན་དང་། ཆ་འཕྲིན་ཅན། གྲོང་ཁྱེར་དང་གྲོང་རྡལ་ཅན། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་བཅས་གསར་པ་སྤྱིར་ན་མངོན་འགྱུར་ཡོང་རྒྱུ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་སྤྱིར་ན་མངོན་འགྱུར་ཐུབ་ནས་མི་རིགས་ཁག་གི་མང་ཚོགས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་འགྲོ་རྒྱུ་རེད།

    མཇུག་བསྡུའི་གཏམ།

    བགྲང་བྱ་བདུན་ཅུ་དེ་ལོ་རྒྱུས་ཀྱི་ཆབ་རྒྱུན་རིང་མོའི་ཁྲོད་ཡུད་ཙམ་ཞིག་ཡིན་ནའང་། ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་བྱས་རྗེས་བསྐལ་བརྒྱར་བརྟན་པ་དང་། མི་རབས་ཁྲི་སྟོང་མང་པོར་ཕན་པ། སྔར་བྱུང་མྱོང་མེད་པ་བཅས་ཀྱི་ལོ་རྒྱུས་ཀྱི་བྱས་རྗེས་བཏོད་ཡོད། དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་སྟེ་བོད་འདི་ཉིད་མུན་ནག་ནས་འོད་ཟེར་དང་། རྗེས་ལུས་ནས་སྔོན་ཐོན། དབུལ་ཕོངས་ནས་འབྱོར་ཕྱུག སྲིད་དབང་སྒེར་འཛིན་ནས་དམངས་གཙོ། སྒོ་རྒྱག་ནས་སྒོ་དབྱེ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་ཕྱིན་ཞིང་། བོད་ཀྱི་སྤྱི་ཚོགས་ཀྱི་རྣམ་པར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ནས་བོད་མི་དམངས་ཀྱི་འཚོ་བ་ཡར་ངོའི་ཟླ་ལྟར་གོང་འཕེལ་བྱུང་ཡོད།

    ལོ་ངོ་70ཡི་ལག་ལེན་ལས། མེས་རྒྱལ་གཅིག་གྱུར་དང་མངའ་ཁོངས་ས་ཆ་ཆ་ཚང་སྲུང་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཚེ། གཞི་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་འགན་ལེན་བྱེད་ཐུབ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བཅས་མཐའ་འཁྱོངས་བྱས་ཚེ། གཞི་ནས་བོད་ཡུན་རིང་བདེ་འཁོད་དང་དར་རྒྱས་གོང་འཕེལ་ཡོང་བར་གཞི་རྩའི་འགན་ལེན་བྱེད་ཐུབ། སྒྱུར་བཅོས་སྒོ་དབྱེ་མཐའ་འཁྱོངས་བྱས་ཚེ། གཞི་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བར་སྐུལ་འདེད་གཏོང་ཐུབ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ཚེ། གཞི་ནས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་སྐོང་ཐུབ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས་བྱས་ཚེ། གཞི་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་ཐུབ་པ་བཅས་ཀྱི་ར་འཕྲོད་གང་ལེགས་ཐུབ་ཡོད།

    མིག་སྔར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཀོད་གནང་བའི་བརྗིད་ཆེའི་འཆར་འགོད་ལྟར། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཧུར་སྐྱེད་ཡར་བརྩོན་གྱི་སྒོ་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བོད་ཀྱི་ལེའུ་རྩོམ་པར་འབད་འཐབ་ཧུར་ཐག་བྱེད་བཞིན་ཡོད། བོད་ཀྱི་འབྱུང་འགྱུར་སྔར་བས་འོད་ཟེར་སྟོང་ལྡན་དང་བོད་མི་དམངས་ཀྱི་འཚོ་བ་སྔར་བས་བདེ་སྐྱིད་མཛེས་སྡུག་ལྡན་པ་ཡོང་ངེས་ཡིན།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001399755981