བོད་ལྗོངས།
༄༅།།ཁྲེན་ཆོན་གོས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་དང་མཇལ་འཛོམས་གནང་བ།

 ཟླ་7ཚེས་26ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་ལྷ་སར་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་དང་མཇལ་འཛོམས་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཝུའུ་དབྱིང་ཅེ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་ཏེང་ཞའོ་ཀང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་མགོན་པོ་བཀྲ་ཤིས་དང་། ཝང་རུའེ་ལན། ཅང་ཅེ། སྐར་མ། ཀྲང་ཞའོ་ཧྭ། སྐལ་བཟང་ཚེ་རིང་། ཧོ་ཝུན་ཧའོ། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། བློ་བཟང་འགྱུར་མེད། ས་ལུང་ཕུན་ལགས། བསོད་ནམས་རིག་འཛིན་བཅས་མཇལ་འཛོམས་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།

    ཁྲེན་ཆོན་གོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཚབ་ཞུས་ནས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་བོད་དུ་རྟོག་ཞིབ་དང་ཆོས་ལུགས་ཀྱི་མཛད་སྒོ་སྤེལ་བར་ཕེབས་པར་དགའ་བསུ་ཞུས་གནང་བ་དང་འབྲེལ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་དུས་འཁོར་དབང་ཆེན་གནང་ཐེངས་དང་པོ་ཐུགས་གྲ་ལེགས་འགྲིག་བྱུང་བར་བཀྲ་ཤིས་བདེ་ལེགས་ཀྱང་ཞུས་གནང་བ་དང་། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་བ་རེད།

    ཁྲེན་ཆོན་གོས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་དང་བཀའ་སློབ་ཐུགས་ལ་བརྟན་པོར་ངེས་ནས་སྙིང་རུས་ཆེན་པོས་སློབ་སྦྱོང་དང་ཐོས་བསམ་སྒོམ་གསུམ་ལ་བརྩོན་པ་དང་། ནང་བསྟན་རིག་པའི་ཐོས་རྒྱ་ཟབ་ཏུ་གཏོང་བ། ཆབ་སྲིད་བྱང་ཚད་དེ་བས་མཐོ་རུ་གཏོང་བ། རིག་གནས་ཀྱི་བྱང་ཚད་དེ་བས་མཐོ་རུ་གཏོང་བ། སྙན་གྲགས་སྔར་བས་ཆེ་རུ་གཏོང་བ་བཅས་བྱས་ཏེ་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཆེན་པོའི་ཉམས་འགྱུར་བཟང་པོ་མངོན་པ་བྱེད་དགོས། ལྷག་དོན་དུ་ད་ཐེངས་ཀྱི་དུས་འཁོར་དབང་ཆེན་ནང་མཁྱེན་རྒྱ་ཟབ་པའི་ནང་བསྟན་གྱི་ཤེས་བྱ་དང་ཆོས་ལུགས་ཀྱི་སྐུ་ཡོན་གང་ལེགས་མངོན་པ་མ་ཟད། བླ་མ་སྐྱེས་ཆེན་དང་དད་ལྡན་སེར་སྐྱ་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་མགྲིན་གཅིག་ཏུ་ཐོབ་ཡོད། སྐུ་ཉིད་འཚར་ལོངས་དང་ཡར་རྒྱས་དེ་འདྲ་བྱུང་བར་ང་ཚོ་ཧ་ཅང་དགའ་པོ་བྱུང་ཞེས་གསུངས་པ་རེད།

    ཁྲེན་ཆོན་གོས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་སྒུལ་ཤུགས་སུ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་བཀའ་སློབ་ཐུགས་ལ་བརྟན་པོར་བཅངས་ནས་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་མུ་མཐུད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུའི་རེ་བ་ཡོད། རྒྱལ་གཅེས་ཆོས་གཅེས་ལ་སྣེ་ཁྲིད་བྱས་ནས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་མཁན་གྱི་བླ་སྤྲུལ་ཆེན་པོ་ཞིག་གནང་ནས། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་མིག་དཔེར་འཛིན་ནས་རྒྱལ་གཅེས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ“རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན”རང་ཉིད་ཀྱི་དོར་ཐབས་མེད་པའི་ལས་འགན་དུ་བརྩིས་ནས་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་བསམ་བློའི་ཐད་བློ་སེམས་གཅིག་མཐུན་དང་། དམིགས་ཚད་ཐད་འདུན་པ་གཅིག་མཐུན། བྱ་སྤྱོད་ཐད་བྱ་སྤྱོད་གཅིག་གྱུར་བཅས་བྱེད་དགོས་པ་དང་། མཐུན་སྒྲིལ་སྲུང་སྐྱོང་ལ་སྣེ་ཁྲིད་བྱས་ཏེ་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་མཁན་གྱི་བླ་སྤྲུལ་ཆེན་པོ་ཞིག་གནང་སྟེ“ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་བརྟན་པོ་བཙུགས་ནས་དད་ལྡན་སེར་སྐྱ་མང་ཚོགས་སྣེ་ཁྲིད་ཧུར་ཐག་བྱས་ཏེ་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་། ཐུན་མོང་ཐོག་གྲ་རྒྱས་དང་འཕེལ་རྒྱས་ཡོང་བ་བྱེད་པ་དང་མི་རིགས་ཁག་དབར་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ། ཐོས་བསམ་སྒོམ་གསུམ་ལ་གཞོལ་རྒྱུར་སྣེ་ཁྲིད་བྱས་ཏེ་ཆོས་ཀྱི་སྐུ་ཡོན་མཐོ་བའི་བླ་སྤྲུལ་ཆེན་པོ་ཞིག་གནང་སྟེ་ནང་བསྟན་ལ་བརྩོན་ཞིབ་དང་། ཐོས་རྒྱ་ཟབ་ཏུ་གཏོང་བ། ནང་ཆོས་ལ་བརྩོན་པ་བཅས་གནང་སྟེ་ཆོས་ཀྱི་སྐུ་ཡོན་དང་ཀུན་སྤྱོད་བློ་སྦྱོང་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པ། སྙིང་རུས་ཆེན་པོས་སློབ་སྦྱོང་བྱ་རྒྱུར་སྣེ་ཁྲིད་བྱས་ཏེ་ཤེས་རྒྱ་ཟབ་ཅིང་འཇོན་ཐང་ཆེ་བའི་བླ་སྤྲུལ་ཆེན་པོ་ཞིག་གནང་སྟེ་ཐོས་རྒྱ་ཟབ་པ་དང་ཕྱག་དཔེ་མང་ཙམ་གཟིགས་པ་དང་། སྙིང་རུས་ཆེན་པོས་སློབ་སྦྱོང་དང་ཤེས་བྱར་བརྩོན་ཏེ་རང་ཉིད་ཀྱི་རིག་གནས་བྱང་ཚད་སྔར་བས་མཐོ་རུ་གཏོང་དགོས་པ། བྱམས་སེམས་ཅན་གྱི་འགྲོ་བ་རིགས་དྲུག་ལ་ཕན་པའི་བླ་སྤྲུལ་ཆེན་པོ་ཞིག་གནང་སྟེ་རྒྱལ་སྐྱོང་འགྲོ་ཕན་དང་བྱམས་སེམས་ཆེན་པོས་འགྲོ་བ་རིགས་དྲུག་སྐྱོང་བའི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་། ཞི་མཐུན་གོང་བཀུར་དང་ཞི་བདེ་སྲུང་སྐྱོང་གིས་དད་ལྡན་མང་ཚོགས་ལ་སློབ་གསོ་རྒྱག་པ་དང་དད་ལྡན་མང་ཚོགས་ལ་བདེ་སྐྱིད་བསྐྲུན་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་རྒྱུ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་གསུངས་པ་རེད།

    པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་དང་འབྲེལ། ཧྲུའུ་ཅི་ཁྲེན་ཆོན་གོས་ཐུགས་ཁུར་དང་ཐུགས་རེ་ཟབ་མོ་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མི་རྣམས་སེམས་འགུལ་བའི་གྲུབ་འབྲས་གསར་པ་ཐོབ་པ་དེ་ཐོག་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐྱོང་བོད་བརྟན་གྱི་སྲིད་ཇུས་བྱེད་ཐབས་དེ་མཁས་མཛངས་ལྡན་པ་དང་ཡང་དག་པ་ཞིག་ཡིན་པ་ར་སྤྲོད་གང་ལེགས་ཐུབ་ཡོད་ལ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནུས་ལྡན་བྱུང་བ་དང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་བོད་བརྒྱུད་ནང་བསྟན་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་པ་ར་སྤྲོད་གང་ལེགས་ཐུབ་ཡོད་ཅེས་གསུངས་ཤིང་། ཁོང་གིས་ད་ཐེངས་དུས་འཁོར་དབང་ཆེན་ཐུགས་གྲ་ལེགས་འགྲིག་བྱུང་བ་དེ་ཐོག་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་གང་ལེགས་མཚོན་པ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་དགའ་གཅེས་ཐུགས་ཁུར་ཡང་གང་ལེགས་མཚོན་ཡོད་པས་རང་ཉིད་ལ་སེམས་འགུལ་དང་སྐུལ་ལྕག་ཆེན་པོ་ཐེབས་བྱུང་། ད་ཐེངས་ཀྱི་དུས་འཁོར་དབང་ཆེན་བརྒྱུད་དེ་བས་ལེགས་པའི་སྒོ་ནས་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར་ཧུར་ཐག་ཞུ་རྒྱུར་སྣེ་ཁྲིད་དང་གྲ་རྒྱས་འཕེལ་རྒྱས་དང་ཞི་མཐུན་བརྟན་ལྷིང་གི་བོད་ལྗོངས་ལ་དགའ་ཞེན་བྱེད་པ་དང་། དེ་བས་ལེགས་པའི་སྒོ་ནས་རྒྱ་ཆེའི་དད་ལྡན་མང་ཚོགས་ལ་མཐུན་སྒྲིལ་བྱས་ཏེ་ཚེ་སྲོག་ལ་གཅེས་སྤྲས་དང་། ཞི་བདེར་གཅེས་སྤྲས། ཞི་མཐུན་སྤྱི་ཚོགས་ལ་གཅེས་སྤྲས་བཅས་བྱེད་ཐུབ་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱེད་པའི་བྱ་གཞག་ནང་ཧུར་ཐག་ཞུགས་ཐུབ་པ། དེ་བས་ལེགས་པའི་སྒོ་ནས་ཏང་གི་མི་རིགས་དང་ཆོས་ལུགས་སྲིད་ཇུས་དྲིལ་བསྒྲགས་བྱས་ཏེ་དད་ལྡན་སེར་སྐྱ་མང་ཚོགས་ཚོས་ཏང་གི་བཀའ་དྲིན་དྲན་པ་དང་། རྒྱལ་ཁབ་ཀྱི་བཀའ་དྲིན་དྲན་པ། སྤྱི་ཚོགས་ཀྱི་བཀའ་དྲིན་དྲན་པ། མི་དམངས་ཀྱི་བཀའ་དྲིན་དྲན་པ་བཅས་བྱེད་ཐུབ་པ། དེ་བས་ལེགས་པའི་སྒོ་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་རླབས་ཆེན་མེས་རྒྱལ་དང་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་རྣམ་པ་བཟང་པོ་མངོན་ཐུབ་པ། དེ་བས་ལེགས་པའི་སྒོ་ནས་རང་ཉིད་ལ་སྦྱོང་བརྡར་སྤྲོད་པ་དང་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་གཟི་བརྗིད་འོས་འགན་འཁུར་ཐུབ་པ་བཅས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་ཐུགས་རེ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བར་རྒྱལ་གཅེས་ཆོས་གཅེས་དང་བོད་བརྒྱུད་ནང་བསྟན་གྱི་རྒྱ་ཆེའི་དད་ལྡན་པ་ཚོས་དད་མོས་ཐོབ་པའི་བླ་སྤྲུལ་ཆེན་པོ་ཞིག་ཏུ་འགྱུར་བ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད། 

 

འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།
010020070840000000000000011100001355497741