བོད་ལྗོངས།
“ཁྱིམ་གཞིས་ནི་ཡུལ་སྨད། རྒྱལ་ཁབ་ནི་ཀྲུང་གོ”—སླར་ཡང་རང་རྒྱལ་གྱི་མི་འབོར་ཉུང་ཤོས་ཤང་སྟེ་ཡུལ་སྨད་དུ་བཅར་འདྲི་བྱས་པ།

    སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་དང་ཡུལ་སྨད་ཤང་གི་ལས་བྱེད་མང་ཚོགས་ཀྱི་འདྲ་པར་མཉམ་ལེན་བྱེད་པ། ཟླ་10ཚེས་29ཉིན་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འབྱོར་གསལ། ཟླ་10ཚེས་29ཉིན་གྱི་ཡུལ་སྨད་ནི་ཉི་འོད་རབ་ཏུ་བཀྲ་ཞིང་འདི་ཉིན་ནི་ཉིན་ཤས་བསྟུད་མའི་རིང་ཆེས་དཀོན་པའི་གནམ་གཤིས་དྭངས་བའི་ཉིན་མོ་ཞིག་རེད། སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་སྔ་པོ་ནས་གཟབ་འཆོར་སྤྲས་ནས་ཁྱིམ་དུ་སྒུག་བསྡད་འདུག ཉིན་ཤས་གོང་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱིས་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བའི་བཀའ་དྲིན་ཡིད་ལ་བཅངས་ཆེད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཕྱག་ཡིག་བསྐུར་ཡོད། དགའ་བ་དཔག་མེད་སྐྱེ་དགོས་པ་ཞིག་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛད་འབྲེལ་ཁྲོད་ཁོམ་པ་བཙལ་གནང་ནས་ཁོང་ཚོར་ཡིག་ལན་བསྐུར་གནང་ཡོད།

    ཟླ་10ཚེས་29ཉིན་བོད་ལྗོངས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་ཡུལ་མི་ཚོས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་ཁ་བཏགས་བསྒྲོན་ནས་རྟེན་འབྲེལ་ཞུ་བ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

    ཞོགས་པའི་ཆུ་ཚོད་11ཙམ་ལ་བོད་རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་གཡང་འཛོམས་ཀྱི་ཁྱིམ་དུ་ཕེབས་ནས་གཅེན་གཅུང་གཉིས་པོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་ཡིག་ལན་གྱི་ནང་དོན་བརྒྱུད་སྤྲོད་གནང་ཡོད། སྐབས་དེར་རྒྱ་ཆེན་པོ་མེད་པའི་གཡང་འཛོམས་ཀྱི་ཁྱིམ་དུ་མི་ཚོགས་ཀྱིས་ཁེངས་ཤིང་། གཅེན་མོ་སྒྲོལ་དཀར་གྱིས་“སྤྲོ་བ་ཆེན་པོས་ང་ཚོ་ནམ་རྒྱུན་བརྙན་འཕྲིན་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལགས་ཀྱིས་ཐག་རིང་རི་ཁུག་ཁུལ་དུ་ཕེབས་ནས་མང་ཚོགས་ཚོར་འཚམས་འདྲི་གནང་བ་མཐོང་གི་འདུག་པས་ཧྲུའུ་ཅི་མཆོག་ལ་ང་ཚོའི་བདེ་སྐྱིད་ལྡན་པའི་འཚོ་བའི་གནས་ཚུལ་ཞུ་རྒྱུའི་བསམ་བློ་འཁོར་བྱུང་། བསམ་ཡུལ་ལས་འདས་པ་ཞིག་ལ་སྤྱི་ཁྱབ་ཧྲུའུ་ཅི་མཆོག་གིས་ང་ཚོར་ཡིག་ལན་བསྐུར་གནང་བྱུང” ཅེས་བཤད།

    བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་ནི་ཀྲུང་གོ་དང་རྒྱ་གར་གྱི་ས་མཚམས་སུ་གནས་ཤིང་རང་རྒྱལ་གྱི་མི་འབོར་ཉུང་ཤོས་ཀྱི་སྲིད་འཛིན་ཤང་ཡིན་ཞིང་། ཤང་ཡོངས་ལ་དུད་ཁྱིམ་9དང་མི་32ཞིང་འབྲོག་པའི་ཏང་ཡོན་9བཅས་ཡོད།

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ལོ་མང་རིང་ཡུལ་སྨད་དུ་ཐེངས་འགའ་ཤས་བསྐྱོད་ནས་ས་གནས་འདི་གའི་མང་ཚོགས་ཀྱི་འཚོ་བའི་འགྱུར་ལྡོག་ཟིན་ཐོར་བཀོད་ཡོད། ཡོང་ཐེངས་རེར་ཡུལ་སྨད་ལ་འཕེལ་རྒྱས་དང་འགྱུར་ལྡོག་ཕྱིན་པའི་རྣམ་པ་གསར་པ་རེ་མཐོང་རྒྱུ་ཡོད།

    བོད་ལྗོངས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མཛེས་སྡུག་ལྡན་པའི་རྣམ་པ།  (ཟླ་10ཚེས་29ཉིན)ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

    1990ལོའི་གོང་རོལ་དུ་ས་ཆ་འདིར་འཚོ་སྡོད་བྱེད་མཁན་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས། ད་དུང་ཁོང་གཉིས་ཀྱི་ཕ་སངས་རྒྱས་ཆོས་པ་བཅས་ལས་མེད། 

    ཁང་པ་གཅིག་ནི་ཤང་སྲིད་གཞུང་ཡིན་ལ་ཁོང་ཚོའི་ཁྱིམ་ཚང་ཡང་ཡིན།

    ཡུལ་སྨད་ལ་མ་གཞི་ཆར་ཆུ་འཛོམས་པོ་ཡོད་རུང་འབྲུ་རྡོག་གཅིག་ཀྱང་སྐྱེ་གི་མེད། ཡུལ་སྨད་ཀྱི་མི་རྣམས་དེ་བས་འུ་ཐུག་དགོས་པ་ཞིག་ནི་ལོ་རེའི་ཟླ་11ནས་རི་ལམ་ཡོངས་ཁ་བས་བཀག་ནས་ལོ་རྗེས་མའི་ཟླ་བ་6པ་བར་དུ་གནས་འདི་ནི་ཡར་འཛུལ་མར་དོན་གང་ཡང་བྱེད་མི་ཐུབ་པའི་ཁེར་རྐྱང་“གླིང་ཕྲན་”ཞིག་ཡིན།

    ཟླ་10ཚེས་29ཉིན་སྒྲོལ་དཀར(གཡས)གཡང་འཛོམས་གཅེན་གཅུང་གཉིས། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

    དོན་དེར་ལོ་ན་ཆུང་བའི་གཅེན་གཅུང་གཉིས་དང་ཕ་རྩོད་པ་མང་པོ་རྒྱག་མྱོང་ཡོད་ཅིང་ཁོ་གཉིས་གནས་འདི་ནས་སྤོ་རྒྱུའི་འདུན་པ་ཆེན་པོ་ཡོད་ཀྱང་“ཕས་གལ་སྲིད་ང་ཚོ་འདི་ནས་ཐོན་ཚེ་རྒྱལ་ཁབ་ཀྱི་ས་ཆ་འདི་སྲུང་ཐུབ་ཀྱི་མ་རེད་ཅེས་བཤད་ཀྱིན་ཨ་ཕ་དང་མཉམ་དུ་གནས་འདིར་ལོ་ངོ་བཅུ་ཕྲག་འཚོ་གནས་བྱས་པ་རེད་”ཅེས་བཤད།

    ཟླ་10ཚེས་29ཉིན་སྒྲོལ་དཀར་དང་གཡང་འཛོམས(གཡས)གཉིས་ཀྱི་ཕ་དྲན་གསོ་བྱེད་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

    རྒྱལ་ཁབ་ཀྱི་ས་མཚམས་བརྟན་སྲུང་དང་དམངས་ཕྱུག་ཀྱི་འཐབ་ཇུས་ལག་བསྟར་བྱས་པ་དང་བསྟུན་ནས་2011ལོར་ཡུལ་སྨད་ཤང་གི་ལམ་བུ་ཤར་གཏོང་ཐུབ་པ་མ་ཟད་ཡོང་འབབ་ཀྱང་ལོ་རེ་བཞིན་ཇེ་མང་དུ་ཕྱིན་ཡོད། 2011ལོའི་ལོ་མཇུག་ཏུ་ཡུལ་སྨད་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་ལས་བརྒལ་ནས་དབུལ་གྲོལ་ཐུབ་ཡོད།

    ལོ་རྒྱུས་ཐོག་ཡུལ་སྨད་ཤང་ནས་སློབ་ཆེན་སློབ་མ་བྱུང་མྱོང་མེད། སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱང་སློབ་གསོ་དང་ལེན་བྱེད་མྱོང་མེད། ད་ཆ་ཡུལ་སྨད་ཀྱི་མི་རབས་གསར་པའི་ཁྲོད་སློབ་ཞུགས་སློབ་མ12དང་ཕྱི་ཕྱོགས་སུ་སློབ་གསོ་མྱོང་མཁན་གྱི་སློབ་ཆེན་སློབ་མ་4ཡོད།

    2017ལོར་ཡུལ་སྨད་ཤང་གི་ལོ་རྒྱུས་ཐོག་གི་སློབ་ཆེན་སློབ་མ་དང་པོ་ཡིན་པའི་གཡང་འཛོམས་ཀྱི་བུ་བསོད་ནམས་དོན་གྲུབ་སློབ་ཆེན་ནས་མཐར་ཕྱིན་པ་དང་། མ་འོངས་པའི་སྐོར་གླེང་སྐབས་བསོད་ནམས་དོན་གྲུབ་ཀྱིས་“རང་ཉིད་སྤོ་བོ་ལགས་དང་ཨ་མ་ལྟར་ཕྱིར་ལོག་ཡོང་ནས་གནས་འདི་སྲུང་འདོད་ཡོད་”ཅེས་བཤད།

    ཟླ་10ཚེས་29ཉིན་གཡང་འཛོམས་དང་བུ་བསོད་ནམས་དོན་གྲུབ་གཉིས། བསོད་ནམས་དོན་གྲུབ་ནི་ཡུལ་སྨད་ཤང་གི་སློབ་ཆེན་སློབ་མ་ཐོག་མ་དེ་ཡིན། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

    ཉེ་བའི་ལོ་ཤས་རིང་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱི་ཡོང་འབབ་འཕར་སྣོན་ཆེན་པོ་བྱུང་ཡོད། ཁོང་ཚོས་མཐའ་མཚམས་མང་ཚོགས་ཀྱི་ཁ་གསབ་དང་སྣོད་བཅུད་སྤྱི་ཕན་ནགས་ཚལ་གྱི་ཁ་གསབ་མ་དངུལ། རྩྭ་ཐང་གི་ཁ་གསབ་བཅས་ལོངས་སྤྱོད་བྱེད་པ་མ་ཟད་གྲོང་ཚོའི་ནང་ལས་ཀ་བྱས་ནས་གླ་ཆ་ལེན་རྒྱུ་ཡོད་ལ་ཤང་ནས་ཁོང་ཚོའི་ཁྱིམ་མིར་ནུས་ཤུགས་གང་ཡོད་ཀྱིས་ལས་གནས་མཁོ་སྤྲོད་བྱེད་ཀྱི་ཡོད།

    “ན་ནིང་ལོ་མཇུག་སྐབས་ཡུལ་སྨད་ཤང་གི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་5ལྷག་ཙམ་ཟིན་ནས་ལྗོངས་ཡོངས་ཀྱི་ཆ་སྙོམས་ཡོང་འབབ་ལས་བརྒལ་ཡོད། དེའི་ཁྲོད་སྲིད་ཇུས་རང་བཞིན་གྱི་ཡོང་འབབ་ཀྱིས་30%ཡན་ཟིན་ཡོད་”ཅེས་ཡུལ་སྨད་ཤང་ཏང་ཀྲི་པུའུ་ཧྲུའུ་ཅི་ཟླ་བས་བརྗོད། ཁོང་གིས་“ཚོང་ཟོག་འཁོར་སྐྱོད་བྱེད་ཚད་ཆེ་རུ་ཕྱིན་ནས་མང་ཚོགས་ཀྱི་ཚོང་གཉེར་རང་བཞིན་གྱི་ཡོང་འབབ་དང་འབྲོག་ལས་ཡོང་འབབ། དབོར་འདྲེན་ཡོང་འབབ། ལག་ཤེས་ཡོང་འབབ་ད་དུང་མང་དུ་འགྲོ་བས་མང་ཚོགས་ཀྱི་འཚོ་བ་ཇེ་ལེགས་སུ་འགྲོ་ཐུབ”ཅེས་བཤད།

    ཟླ་10ཚེས་29ཉིན་སྒྲོལ་དཀར་གྱིས་ཁྱིམ་དུ་ཕྱུར་བ་སྐམ་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

    “ཁྱིམ་གཞིས་ནི་ཡུལ་སྨད་ཡིན། རྒྱལ་ཁབ་ནི་ཀྲུང་གོ་ཡིན། མེས་རྒྱལ་གྱིས་ང་ཚོ་བརྗེད་མི་སྲིད་”ཅེས་གཡང་འཛོམས་ཀྱིས་བཤད་པ་དང་། ཁོ་མོས“ང་ཚོས་བཤད་པའི་སྐད་ཆ་ཚང་མ་སྤྱི་ཁྱབ་ཧྲུའུ་ཅི་མཆོག་ནས་གསན་ཐུབ་ཀྱི་འདུག དེས་ན་མཐའ་མཚམས་བརྟན་སྲུང་གི་སེམས་ཤུགས་དང་ཆོད་སེམས་དེ་བས་ཆེ་རུ་ཕྱིན་སོང་”ཅེས་བཤད།

    ད་ཆ་ཡུལ་སྨད་ཤང་གི་ཁྱིམ་ཚང་ཚང་མར་WI-FIཁྱབ་ཡོད་པ་དང་། ཤང་ནང་གི་ཁྱིམ་ཚང་མགྲོན་ཁང་4དང་ཚོང་ཁང་ཆུང་ཆུང་4ལ་སྐད་འཕྲིན་བརྒྱུད་འཛད་སྤྱོད་རིན་པ་སྤྲོད་ཐུབ་ཀྱི་ཡོད།

    འདི་ནི་ཡུལ་སྨད་ཤང་གི་ད་ལྟའི་ཤང་ཀྲང་སྒྲོལ་དཀར(གཡས)གྱིས་ཤང་སྲིད་གཞུང་ནང་རྒྱལ་དར་སྒྲེང་བཞིན་པ། (2009ལོའི་ཟླ་9ཚེས་9ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

    འཆར་འགོད་ལ་གཞིགས་ན། དུས་སང་ཡུལ་སྨད་དུ་ཁྱིམ་ཚང་47གནས་སྤོ་བྱ་རྒྱུ་ཡིན་པ་དང་། གཞི་ཁྱོན་ཆེ་ཙམ་ལྡན་པའི་སྣོད་བཅུད་ཤེས་དཔལ་གྱི་འབྱོར་འབྲིང་དཔེ་སྟོན་ཁུལ་འཛུགས་རྒྱུ་རེད།

    “ཁྱོན་མ་དངུལ་སྒོར་ཁྲི་8000ཙམ་བཏང་ནས་ལམ་དང་ཆུ། གློག ཁང་པ་བཅས་སྒྱུར་བཟོ་བྱས་ནས་འབྱོར་འབྲིང་ཚད་གཞི་ངོ་མ་ལོན་པ་བྱ་རྒྱུ་རེད་”ཅེས་ཟླ་བས་བཤད་པ་དང་། ཁོང་གིས།  མི་འབོར་མང་དུ་འགྲོ་བ་དང་ཐོན་སྐྱེད་དང་འཚོ་བའི་གཞི་ཁྱོན་ཆེ་རུ་འགྲོ་བས་མེས་རྒྱལ་གྱི་ས་ཆ་འདི་སྔར་བས་ལེགས་པ་བརྟན་སྲུང་ཡོང་ཐུབ་ཅེས་བརྗོད།

    འདི་ནི་སྒྲོལ་དཀར་དང་ཕྲུ་གུ་ཚོ་མཉམ་དུ་རྩེད་མོ་རྩེ་བཞིན་པའི་རྣམ་པ་ཡིན། (2005ལོའི་ཟླ་7ཚེས་6ཉིན་པར་བླངས)ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་བསོད་ནམས་ནོར་བུས་པར་བླངས། 

    ཟླ་བས“སྤྱི་ཁྱབ་ཧྲུའུ་ཅིའི་ཡིག་ལན་མཐོང་ཕྲལ་རང་ཉིད་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་ལ་ཡུལ་སྨད་ཤང་གི་‘སྣེ་ཁྲིད་མཁན’ཞིག་གི་ངོས་ནས་རང་ཉིད་ཀྱིས་ངེས་པར་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ལེགས་པོ་བྱས་ནས་མུ་མཐུད་ཡུལ་སྨད་ཀྱི་ལས་བྱེད་དང་མང་ཚོགས་ཚོའི་སྣེ་ཁྲིད་ནས་མཐའ་མཚམས་བརྟན་སྲུང་དང་དཔལ་འབྱོར་གོང་སྤེལ་བཏང་སྟེ་རྒྱལ་ཁབ་ཀྱི་མཐའ་མཚམས་ཐོག་གི་རྩྭ་དང་རྩི་ཤིང་རྐང་གཅིག་ལའང་སྲུང་སྐྱོབ་ལེགས་པོ་བྱས་ནས་མཛེས་སྡུག་ལྡན་པའི་མ་འོངས་པའི་འཚོ་བ་གཏོད་རྒྱུ་ཡིན་”ཅེས་བཤད།

    མ་འོངས་པར་ཡུལ་སྨད་ཤང་གི་མང་ཚོགས་རྣམས་ཨར་འདམ་དང་ངར་ལྕགས་ཅན་ལས་གྲུབ་པའི་“ཞིང་ཁྱིམ་སྤྲོ་ཁང་”དུ་སྡོད་ཐུབ་རྒྱུ་རེད། ཤང་ནང་དུ་རྒྱལ་ཁབ་ཀྱི་གློག་ཤུགས་དྲ་བ་ཆེན་པོ་སྦྲེལ་རྒྱུ་ཡིན་པས་ཆུ་ཤུགས་གློག་ཁང་ཆུང་ངུའི་གློག་སྤྱོད་པའི་ལོ་རྒྱུས་མཇུག་འགྲིལ་རྒྱུ་རེད། ཡུལ་སྨད་ཤང་གི་རིམ་གསུམ་གཞུང་ལམ་ལས་མཇུག་འགྲིལ་རྗེས་ཡུལ་སྨད་ཀྱི་ལོ་རེའི་རི་ལམ་འགག་པའི་དུས་ཡུན་དེ་ཟླ་བ་3ནས་4བར་ཉུང་དུ་འགྲོ་རྒྱུ་རེད།

    ཡུལ་སྨད་ཀྱི་མ་འོངས་ནི་སྔར་བས་མཛེས་སྡུག་ལྡན་པར་འགྱུར་རྒྱུ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།
010020070840000000000000011100001367170551