བོད་ལྗོངས།
མྱང་ཆུའི་འགྲམ་གྱི་གཞན་དང་མི་འདྲ་བའི་དཔྱིད་ཀ——བོད་ལྗོངས་པ་སྣམ་རྒྱལ་ཁབ་རིམ་པའི་སྔོ་ཚལ་ཚད་ལྡན་ཅན་ཐོན་སྐྱེད་དཔེ་སྟོན་ཁུལ་དུ་བཅར་འདྲིར་བསྐྱོད་པ།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འབྱོར་གསལ། གསེར་མདོག་གི་ཉི་གཞོན་རི་ལྡེབས་སུ་འཕྲོས་ཤིང་མཛེས་སྡུག་ལྡན་པའི་རི་ཀླུང་གིས་སླར་ཡང་དཔྱིད་ཀ་བསུས། གསར་འགོད་པས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དུ་ལས་ལ་བྲེལ་བའི་ཞིང་པ་རྣམས་གྲིབ་གཟུགས་མྱང་ཆུའི་འགྲམ་དང་རི་ཀླུང་འདབས། དྲོད་ཁང་ཆེ་མོ་བཅས་སུ་མངོན་པ་མཐོང་བྱུང་། ཁོང་ཚོས་དགུན་ནས་དཔྱིད་བར་ལས་ལ་བྲེལ་བཞིན་མཆིས།

    རིང་ཚད་ལ་སྨི་260དང་ཞེང་ཚད་ལ་སྨི་18ཡོད་པའི་སྔོ་ཚལ་དྲོད་ཁང་སྟར་པ་རེ་རེ་བཞིན་གྲལ་འགྲིག་པོར་གནས་པ་དང་། དྲོད་ཁང་ཆེ་མོའི་སྒོ་འགྲམ་གྱི་སྒོ་བྱང་སྟེང་སྣ་ཁ་དང་དོ་དམ། ལག་རྩལ། འདེབས་འཛུགས་བཅས་བྱེད་མཁན་གྱི་མིང་བྲིས་ཡོད་པ་དང་། གྲོང་མི་ཁག་གཅིག་གིས་སྔོ་ཚལ་འཐུ་བ་དང་ཁག་གཅིག་གིས་སོག་མ་གཙང་སེལ་བྱས་ཏེ་གསར་འདེབས་བྱེད་རྩིས་བྱེད།

    དྲོད་ཁང་གི་ཕྱི་རོལ་དུ་བསིལ་རླུང་ལྡང་བ་དང་དྲོད་ཁང་ནང་དུ་གྲོང་མི་ཚོ་རྔུལ་ནག་འཚུབ་འཚུབ་ཤོར་བཞིན་སྐད་དང་དགོད་སྒྲས་ཁེངས། ལོ་29ལ་སླེབས་པའི་དཔའ་རྩལ་ཤང་གྲའུ་གྲོང་གྲོང་ཚོའི་གྲོང་མི་ཚེ་རིང་ཕན་ཐོགས་ཀྱིས་ལུས་སྒུར་ནས་ཀྲོ་མ་ཀྲུ་འཐུ་བཞིན་འདུག "ཟླ་རེའི་གླ་ཕོགས་དམའ་ཤོས་ལ་སྒོར་4500ཡིན་པ་དང་སྔོ་ཚལ་གྱི་སྤུས་ཚད་ཆ་སྙོམས་རིན་ཐང་གི་ཚད་གཞི་ལོན་ཚེ་ལས་རྗེས་གླ་ཆ་སྒོར་800ཙམ་རག་གི་འདུག"ཅེས་ཁོ་མོས་བརྗོད་ཅིང་། སྐད་ཆའི་ཁྲོད་ནས་བློ་ཡིད་ཚིམས་པ་ཙམ་མ་ཟད་མ་འོངས་པར་རེ་བས་ཁེངས་ཤིང་། "སྔོན་ཆད་ཁྱིམ་དུ་སྔོ་ཚལ་དྲོད་ཁང་2ལས་མེད་པས་རང་ཁྱིམ་ཁོ་ནར་མ་གཏོགས་འདང་གི་མེད་པ་དང་ཕྱིར་བཙོང་རྒྱུ་ཧ་ཅང་ཉུང་ཉུང་རེད་ལ་ཁེ་བཟང་ཡང་རག་གི་མ་རེད། མ་ཟད་ཕྱིར་གླ་པར་འགྲོ་བའི་གོ་སྐབས་ཀྱང་མེད། ད་ཆ་ཁྱིམ་ནས་འདིར་ལས་ཀར་ཡོང་སྐབས་རྐང་ཐང་ལ་སྐར་མ་བཅུ་ལས་འགོར་གྱི་མི་འདུག"ཅེས་བརྗོད།

(图文互动)(1)年楚河畔不同春——探访西藏白朗国家级蔬菜标准化生产示范区

    བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དཔའ་རྩལ་ཤང་གྲའུ་གྲོང་གྲོང་ཚོའི་གྲོང་མི་ཚེ་རིང་ཕན་ཐོགས་ཀྱིས་སྔོ་ཚལ་དྲོད་ཁང་ཆེ་མོའི་ནང་ཀྲོ་མ་ཀྲུ་འཐུ་བ། (ཟླ་3ཚེས་2ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

    ཚེ་རིང་ཕན་ཐོགས་ལས་ཀ་བྱེད་སའི་སྔོ་ཚལ་རྟེན་གཞིའི་རྒྱ་ཁྱོན་ལ་མུའུ་1087ཟིན་པ་དང་ཁྱོན་དྲོད་ཁང་ཆེ་མོ་119ཡོད་པ་ཅིང་། བོད་ལྗོངས་ཇོ་མོ་གླང་མ་ཞིང་ལས་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སིས་2018ལོར་མ་དངུལ་བཏང་ནས་བསྐྲུན་པ་དང་། པ་སྣམ་རྫོང་རྒྱལ་ཁབ་རིམ་པའི་སྔོ་ཚལ་ཚད་ལྡན་ཅན་ཐོན་སྐྱེད་དཔེ་སྟོན་ཁུལ་གྱི་གྲུབ་འབྲས་གསར་པ་ཡིན། ཀུང་སིའི་སྤྱི་ཁྱབ་ཅིང་ལི་སྲིད་ལུས་ཀྱིས"དོ་དམ་བྱེད་སྟངས་ནི་འགན་འཁྲི་མི་ཐོག་ཏུ་འགེལ་བ་དེ་ཡིན། ཉིན་ལྟར་ལས་འགན་སྒྲུབ་ཚད་དང་ཚད་གཞི་ཡོད། ལས་ཀ་མ་གྲོལ་གོང་ཆེད་མི་ཞིག་གིས་བརྟག་དཔྱད་བྱས་ནས་སྐར་མ་རྒྱག་གི་ཡོད། ཟླ་རེར་དཔྱད་ཞིབ་བྱས་པའི་སྐར་གྲངས་ལ་གཞིགས་ནས་ལས་རྗེས་གླ་ཕོགས་སྤྲོད་ཀྱི་ཡོད། ས་ཆ་དེ་གར་གཏན་འཇགས་གླ་པ་བྱེད་མཁན་ཞིང་པའི་དུད་ཚང་110ཡོད་པ་དང་དབྱར་ཁ་མང་དུས་ཉིན་རེར་ཆ་སྙོམས་ལས་མི་300ལྷག་ཙམ་ཡོད། ཐོན་ཚད་མཐོ་རུ་ཕྱིན་པ་དང་བསྟུན་ནས་སླད་ཕྱིན་ནག་ཆུ་དང་མངའ་རིས་ཀྱི་ཁྲོམ་ར་གསར་སྤེལ་དང་ཕྱིར་ཚོང་ཐབས་ལམ་རྒྱ་ཆེར་གཏོང་རྩིས་ཡོད"ཅེས་བརྗོད།

    "ས་ཆ་དེ་གའི་གྲོང་མིས་སྔོ་ཚལ་འདེབས་པར་རྨང་གཞི་ཡོད་པ་དང་དམངས་གཉེར་ཁེ་ལས་ཀྱིས་དེ་གར་མ་འཇོག་བྱས་ཡོད། དུས་ཐུང་ནང་ཧ་ལས་པའི་ཁེ་སྤོགས་མཐོང་མི་ཐུབ། འོན་ཀྱང་གྲོང་མིར་ཐག་ཉེ་སར་ལས་ཞུགས་ཀྱི་ལས་སྟེགས་མཁོ་འདོན་བྱས་ཡོད"ཅེས་དཔའ་རྩལ་ཤང་གི་ཤང་ཀྲང་ཐེང་པིན་གྱིས་བརྗོད་པ་དང་། ཁོང་གིས་ཇོ་མོ་གླང་མ་ཞིང་ལས་སྔོ་ཚལ་གླིང་དུ་མིག་སྔར་སྔོ་ཚལ་སྣ་ཁ་30ལྷག་ཙམ་ཡོད་པ་དང་གཙོ་བོ་ས་ཞིང་བརྒྱུད་བཤུག་བྱས་པའི་གྲོང་ཚོ་2ཀྱི་ལས་མི་བསྡུ་ཡི་ཡོད། ཏོག་གསར་གློ་ཚད་རིམས་ནད་ཐོན་རིང་སྡེབ་ཚོང་དང་སིལ་ཚོང་སོགས་བརྒྱུད་ཉིན་ལྟར་གཞིས་རྩེ་དང་ལྷ་སར་ཁག་སོ་སོར་སྔོ་ཚལ་ཏུན་4.5དང་ཏུན་2.5མཁོ་འདོན་བྱེད་ཀྱི་ཡོད་ཅེས་བརྗོད།

    པ་སྣམ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཧའོ་ཡིས། 2017ལོར་རྫོང་གིས་ཀྲུང་གོ་ཞིང་ལས་ཚན་རིག་ཁང་སོགས་ཀྱི་རིགས་གཅིག་མཁས་ཅན་ཐབས་འདོན་ཇུས་འགོད་བྱེད་པར་གདན་དྲངས་པ་དང་། ལོ་3ནང་རྫོང་ཡོངས་ཀྱིས"དབུལ་སྐྱོར་ཐོན་ལས་གླིང་།+སྣེ་འདྲེན་ཁེ་ལས།+མཉམ་ལས་ཁང་།+ཞིང་པ་དུད་ཚང(དབུལ་པོའི་དུད་ཚང)"བཅས་ཟུང་དུ་འབྲེལ་བའི་གཉེར་སྐྱོང་བྱེད་སྟངས་སྟབས་བསྟུན་ངང་སྤྱད་པ་དང་། བྱ་དགའ་དང་ཁ་གསབ། རོགས་སྐྱོར་སོགས་ཀྱི་བྱེད་ཐབས་བརྒྱུད་མང་ཚོགས་ཀྱི་ཐོན་སྐྱེད་རྒྱུ་ཆ་དང་དུས་འགོའི་མ་འཇོག་གནད་དོན་ཐག་གཅོད་བྱས་ཤིང་། ཁེ་ལས་དང་སྲིད་གཞུང་མཉམ་ལས་བྱས་པ་བརྒྱུད་ལག་རྩལ་ཞབས་ཞུ་དང་ཐོན་རྫས་ཕྱིར་འཚོང་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ་དབུལ་པོའི་དུད་ཚང་དག་འདེབས་འཛུགས་དུད་ཚང་ཆེ་མོ་དང་མཉམ་ལས་ཁང་གི་ཁོངས་མི། ཐོན་ལས་བཟོ་པ་བཅས་སུ་བསྒྱུར་བས་རིམ་བཞིན་རྒྱུན་མཐུད་ངང་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱས་ཡོད་ཅེས་བརྗོད།

    ལྷག་པར་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་བརྒྱབ་ཚུན་པ་སྣམ་རྫོང་གིས་ཁྱོན་སྔོ་ཚལ་ཐོན་ལས་དབུལ་སྐྱོར་རྣམ་གྲངས་7ལག་བསྟར་བྱས་པ་དང་། མ་འཇོག་སྒོར་དུང་ཕྱུར་6.2ལེགས་གྲུབ་བྱུང་སྟེ་དབུལ་པོའི་མང་ཚོགས་4439ལ་ཕན་པ་ཐོབ་ཡོད། མིག་སྔའི་བར་རྫོང་དེ་ཡོངས་ཀྱི་ཞིང་པའི་དུད་ཚང་7000ལྷག་ཙམ་ཁྲོད་དུད་ཚང་3000ལྷག་ཙམ(དེའི་ནང་དབུལ་པོའི་དུད་ཚང་214ཡི་མི་1029ཚུད་ཡོད)སྔོ་ཚལ་ཐོན་ལས་འཕེལ་རྒྱས་ནང་ཞུགས་ཡོད་པ་དང་། ལོ་རེར་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་3ཡན་ཟིན་ཡོད།

(图文互动)(2)年楚河畔不同春——探访西藏白朗国家级蔬菜标准化生产示范区

    བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དཔའ་རྩལ་ཤང་གྲའུ་གྲོང་གྲོང་ཚོའི་གྲོང་མི་ཉི་མ་ཕུན་ཚོགས་ཀྱིས་དྲོད་ཁང་ཆེ་མོའི་ནང་འཐོག་མ་ཐག་པའི་འབྲི་ཏ་ས་འཛིན་སྟོན་པ། (ཟླ་3ཚེས་2ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

    ཁྲེན་ཧའོ་ཡིས། "བར་འཁྱམས་གཅིག་དང་གླིང་གསུམ"གྱི་ས་ཁོངས་བཀོད་པ་སྤྱིའི་ཆ་ནས་གྲུབ་པ་དང་། མྱང་ཆུའི་སྣོད་བཅུད་ཞིང་ལས་བར་འཁྱམས་ལམ་རྒྱུད་ཀྱི་སྔོ་ཚལ་ཐོན་སྐྱེད་རྟེན་གཞི་26ལ་ཐོན་ཚད་བརྟན་པོ་བྱུང་ཞིང་། ཚོན་བདུན་གཞིས་ཀ་དང་། ཀྲུང་གོ་ཞིང་ལས་གནས་མཆོག་ཁུལ། ཇོ་མོ་གླང་མ་ཞིང་ལས་ཡན་ལག་ཁུལ་བཅས་ཀྱིས་གསར་བཟོ་བྱས་པའི་མུའུ་ཁྲིའི་ཤིང་འབྲས་དང་སྔོ་ཚལ་ཐོན་ལས་གླིང་དུ་ཤིང་འབྲས་དང་སྔོ་ཚལ་གྱི་ལྟེ་བའི་ཁུལ་གསུམ་ཆགས་ཡོད། མུའུ་ཁྲི་2ཟིན་པའི་སྔོ་ཚལ་འདེབས་ཁུལ་ལ་སྤྱི་གནོད་མེད་པའི་ཐོན་ཡུལ་གྱི་ར་སྤྲོད་ཐོབ་པ་དང་། ཤིང་འབྲས་དང་སྔོ་ཚལ་གྱི་ཐོན་རྫས་32ལ་སྤྱི་གནོད་མེད་པའི་ཞིང་ལས་ཐོན་རྫས་ཀྱི་ར་སྤྲོད་ཐོབ་ཡོད། "རྒྱལ་ཡོངས་ཀྱི་སྔོ་ཚལ་ཧྲོའུ་ཀོང་ལ་ལྟོས། བོད་ཀྱི་སྔོ་ཚལ་པ་སྣམ་ལ་ལྟོས"ཞེས་པ་དེ་དོན་དངོས་སུ་གྱུར་བ་དང་། པ་སྣམ་གྱི་འབྱུང་འཕྲོད་སྔོ་ཚལ་ཐོན་ལས་དེ་མདུན་ལམ་བཟང་ལ་གནས་བབ་དགའ་འོས་པ་ཞིག་ཡོད་ཅེས་བརྗོད།

    "དུས་ཡུན་རིང་པོའི་ནང་བོད་དུ་སྤྱིར་བཏང་སྔོ་ཚལ་འདེབས་ཁྱོན་ཆེན་པོ་མེད་པས་སྔོ་ཚལ་དཀོན་པའི་གནད་དོན་ཧ་ཅང་མངོན་གསལ་དོད་པོ་ཡོད"ཅེས་བོད་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གི་ཐིང་ཀྲང་ཏུའུ་ཅེའེ་ཡིས་བརྗོད་པ་དང་། ཁོང་གིས་ད་ཆ་སྲིད་གཞུང་གིས་ལོ་ལྟར"ཤ་ཚལ་སྒོང་གསུམ"འཛུགས་པའི་ཐད་ཆེད་དངུལ་གཏོང་བ་དང"ཤ་ཚལ་སྒོང་གསུམ"གྱི་མཁོ་སྤྲོད་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པས་ས་མཐོར་ཚལ་དཀོན་པ་དང་ཚལ་གོང་མཐོ་བའི་གནད་དོན་རིམ་བཞིན་ཞི་ལྷོད་དུ་ཕྱིན་ཡོད། 2019ལོར་ལྗོངས་ཡོངས་ཀྱི་སྔོ་ཚལ་འདེབས་ཁྱོན་མུའུ་ཁྲི་39ཟིན་པ་དང་ཐོན་ཚད་ཏུན་ཁྲི་97ཟིན་ཞིང་། དབྱར་དུས་གྲོང་ཁྱེར་དང་གྲོང་རྡལ་གཙོ་བོའི་སྔོ་ཚལ་རང་མཁོ་རང་སྤྲོད་ཐུབ་ཚད་85%ཡན་ཟིན་པ་དང་འདི་ལོ་སྔོ་ཚལ་ཐོན་ཚད་ཏུན་ཁྲི་100ལས་བརྒལ་ཐུབ་པའི་བརྩོན་ལེན་བྱ་རྒྱུ་རེད་ཅེས་བརྗོད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001388467811