བོད་ལྗོངས།
བོད་ཀྱི་ཡར་ལངས་ཞིང་བྲན་གྱི་བརྙན་པར་ཡིག་ཚགས། —— སྡུག་བསྔལ་དང་འཚོ་བ་གསར་པ་བརྒྱུད་མྱོང་བའི་བསོད་ནམས་སྟོབས་རྒྱལ་ལགས།

    འདི་ནི་བགྲེས་སོང་བསོད་ནམས་སྟོབས་རྒྱལ་ལགས་ཀྱི་འདྲ་པར་ཡིན། (ཟླ་4ཚེས་15ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཆོག་རྒོད་ཀྱིས་པར་བླངས།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། བསོད་ནམས་སྟོབས་རྒྱལ་ལགས་ནི་1939ལོར་འཁྲུངས་པ་དང་། ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་དབུ་མ་ཐང་ཤང་ན་ལུང་གྲོང་ཚོའི་འབྲོག་པ་ཞིག་ཡིན།

    བགྲེས་སོང་ཁོང་གིས་བོད་རྙིང་པའི་འཚོ་བར་དྲན་གསོ་གནང་སྐབས། སྐབས་དེ་དུས་ང་ཚོ་ནང་མི་ཚང་མ་མངའ་བདག་ཆེན་པོ་གསུམ་གྱི་ཞིང་བྲན་ཡིན་པས་ཉིན་མཚན་དབྱེར་མེད་དུ་མངའ་བདག་ཆེན་པོ་གསུམ་གྱི་གཉའ་གནོན་ཕོག་པ་དང་ཁྲལ་རྫོགས་རྒྱུ་མེད་པ་འཇལ་དགོས་ཤིང་། སྐབས་དེ་དུས་ཀྱི་བཀའ་ཤག་སྲིད་གཞུང་ལ་ཁྲལ་འུ་ལག་རྒྱུག་དགོས་པ་དང་དགོན་སྡེར་གཡོག་རྒྱུག་དགོས་པ། ད་དུང་ཡུལ་དེའི་འབྲོག་བདག་ལ་ཕྱུགས་འཚོ་དགོས་པ་བཅས་བྱེད་དགོས་ཀྱི་ཡོད་ཅེས་གསུངས།

    ཁོང་གིས་རྒན་རབས་ཚོས་ནམ་མ་ལངས་གོང་ནས་ཁྲལ་འུ་ལག་རྒྱུག་དགོས་ཤིང་། མར་གྱི་ཁྲལ་དང་ཕྱུར་བའི་ཁྲལ། ཤའི་ཁྲལ་བཅས་ཕུད། ད་དུང་གྲོ་མའི་ཁྲལ་དང་ཤ་མོའི་ཁྲལ་ཡང་འཇལ་དགོས་ཀྱི་ཡོད་པ་ད་ལྟའང་ཐུགས་ལ་གསལ།

    ཐེངས་ཤིག་བསོད་ནམས་སྟོབས་རྒྱལ་ལགས་དང་ཡུལ་མི་ཚོ་མར་གྱི་ཁྲལ་འཇལ་བར་སྐྱོད་སྐབས་ཚ་སྡུག་ཆེ་བའི་ཉི་འོད་འོག་རས་ཕད་ནང་གི་མར་བཞུར་ནས་རས་ཕད་ལ་སྦྱར་བ་དང་། ཁྲལ་འཇལ་ནས་གྲོང་ཚོར་ལོག་སླེབས་རྗེས་ཁོང་ཚོས་རས་ཕད་ལ་སྦྱར་བའི་མར་གྱིས་ཇ་བསྲུབས་མ་ཞིམ་པོ་ཞིག་བཟོས་ཏེ་འཐུང་རྒྱུ་བྱུང་ཡོད།

    1959ལོར་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པ་དང་། བསོད་ནམས་སྟོབས་རྒྱལ་ལགས་ལ་ནོར་ལུག་དང་རྩྭ་ར་བགོ་བཤའ་ཐོབ་པ་དང་ནད་ཀྱིས་བསྙུང་བའི་ཕར་སྨན་རིན་མི་དགོས་པར་སྨན་བཅོས་བྱེད་ཐུབ་ཡོད། ཁོང་རང་ཉིད་ཁྲལ་འུ་ལག་རྒྱུག་མི་དགོས་པ་དང་ཁྲལ་ཡང་འཇལ་མི་དགོས་པའི་ཁར། ད་དུང་གྲོང་ཚོའི(ཚོགས་ཆུང)ལས་བྱེད་པ་དང་རྩིས་པ། བདེ་འཇགས་དོ་དམ་པ་སོགས་དེ་སྔ་བློ་ཡུལ་ལས་འདས་པའི“དཔོན་པོའི”འགན་ཡང་བཞེས་ཡོད།

    2006ལོར་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ཚུན། ཡུལ་དེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་པོ་ཕྱིན་པ་དང་བསོད་ནམས་སྟོབས་རྒྱལ་ལགས་ཀྱི་ཁྱིམ་ནས་འདྲུད་འཐེན་འཁོར་ལོ་དང་ལྕགས་གཞོང་རླངས་འཁོར། རྐོ་འདྲུའི་འཕྲུལ་འཁོར་སོགས་སྔ་རྗེས་སུ་ཉོས་ཤིང་། ནང་མི་ཚང་མའི་དཀའ་སྤྱད་འབད་བརྩོན་བརྒྱུད་འཚོ་བའི་ཆ་རྐྱེན་དེ་བས་ལེགས་སུ་ཕྱིན་ཏེ་ཉིན་རེས་ལས་འདས་པར་འབྱོར་ཕྱུག་ལྡན་པར་གྱུར་ཡོད།

    བགྲེས་སོང་བསོད་ནམས་སྟོབས་རྒྱལ་ལགས་དང་ནང་མིས་སྒོ་རའི་ནང་མཉམ་པར་ལེན་པ། (ཟླ་4ཚེས་15ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་རུའེ་པོའོ་ཡིས་པར་བླངས།

    རང་ཁྱིམ་གྱི་སྒོ་རའི་ནང་བཞུགས་པའི་བགྲེས་སོང་བསོད་ནམས་སྟོབས་རྒྱལ་ལགས། (ཟླ་4ཚེས་15ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཆོག་རྒོད་ཀྱིས་པར་བླངས།

    བགྲེས་སོང་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་ཚགས་ཤ་མཆོད་པ། (ཟླ་4ཚེས་15ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་རུའེ་པོའོ་ཡིས་པར་བླངས།

    བགྲེས་སོང་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་རང་ཁྱིམ་གྱི་ཕྱུགས་རྭའི་སྒོ་རྒྱག་པ། (ཟླ་4ཚེས་15ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་རུའེ་པོའོ་ཡིས་པར་བླངས།

    འདི་ནི་བགྲེས་སོང་བསོད་ནམས་སྟོབས་རྒྱལ་ལགས་ཀྱི་ཐོབ་ཐང་ལག་འཁྱེར་ཡིན། (ཟླ་4ཚེས་15ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་རུའེ་པོའོ་ཡིས་པར་བླངས།

(འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001399383301