• ༄༅།། འཁྲབ་ ཚན་ སྒྱུར་ མའི་ མི་ སྣའི་ སྒྲ་ སྦྱོར་ གྱི་ སྐོར་ ཅུང་ ཟད་ གླེང་ བ།

    • 2016-Dec-28

    • གསར་འགྱུར་འབྱུང་ཁུངས།

    • བོད་ལྗོངས་བརྙན་འཕྲིན་ལས་ཁུང།

    • འགན་འཁུར་རྩོམ་སྒྲིག་པ།

    • ཟླ་བ་ཚེ་རིང་།

  •     བོད་ལྗོངས་བརྙན་འཕྲིན་ལས་ཁུངས་བོད་སྐད་བརྙན་འཕྲིན་ལེ་ཚན་སྒྱུར་བཟོ་ལྟེ་གནས། བསོད་ནམས་བདེ་སྐྱིད།

        རང་ཅག་གངས་ཅན་ལྗོངས་སུ་འཁྲབ་ཚན་སྒྱུར་མའི་སྒྲ་སྦྱོར་གྱི་ལས་དོན་དེ་འགོ་བཙུགས་ནས་ཡུན་རིང་སོང་བ་མ་ཟད་འཁྲབ་ཚན་སྒྱུར་མའི་ལེ་ཚན་ནི་མང་ཚོགས་ཀྱིས་ཧ་ཅང་དགའ་པོ་བྱེད་པའི་རིག་རྩལ་གྱི་དོ་ར་གལ་ཆེན་ཞིག་ཆགས་ཡོད།རང་ཉིད་ཀྱང་སྒྲ་སྦྱོར་མཁན་པོའི་སྒྱུ་རྩལ་གྱི་ངག་ལས་ཐོན་པའི་སྙན་འཇེབས་ཀྱི་སྒྲ་དབྱངས་ལ་ཉན་ནས་འཚར་ལོངས་བྱུང་བ་ཞིག་ཡིན་ཞིང་། སྒྱུ་རྩལ་གྱི་ལས་དོན་དེར་ཡིད་སྨོན་བྱེད་མྱོང་བ་མ་ཟད་བྱ་བ་དེ་ལྟ་བུ་ཞིག་བསྒྲུབ་རྒྱུ་བྱུང་ན་ཅི་མ་རུང་སྙམ་པའི་བསམ་ཚུལ་ནི་རིང་མོ་ཞིག་ནས་སེམས་ཁོང་དུ་ཡང་ཡང་འཆར་མྱོང་བ་ཞིག་རེད། ལོ་ངོ་བཅུ་ལྷག་ཙམ་གྱི་གོང་རོལ་དུ་བསམ་དོན་དེ་ཉིད་དོན་ཐོག་ཏུ་སྨིན་ནས་ང་རང་དངོས་སུ་སྒྲ་སྦྱོར་གྱི་བྱ་བ་སྒྲུབ་མཁན་ཞིག་ཏུ་གྱུར་བ་དང་། སྒྲ་སྦྱོར་གྱི་ལས་དོན་དེ་ནི་རང་སྣང་གང་ཤར་གྱི་སྒོ་ནས་བསྒྲུབ་ཐུབ་པ་ཞིག་མིན་པ་དངོས་སུ་རྟོགས་ཐུབ་པ་བྱུང་སོང་། ད་ལྟ་བོད་ལྗོངས་ཀྱི་སྒྲ་སྦྱོར་ལས་དོན་དེ་སྔར་ལས་ལྷག་པའི་སྒོ་ནས་འཕེལ་རྒྱས་ཕྱིན་ཏེ་སྒྲ་སྦྱོར་བའི་དཔུང་ཁག་ཀྱང་སྟོབས་ཆེན་པོ་ཆགས་ཡོད་ལ་རང་ཉིད་ལ་ཡང་སྒྲ་སྦྱོར་གྱི་ལས་ཀའི་ཉམས་མྱོང་མི་དམན་ཙམ་ཐོབ་ཡོད།

        ལྷག་པར་དུ་དེང་སྐབས་འཁྲབ་ཚན་སྒྱུར་མའི་ལེ་ཚན་ནི་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་གྲངས་འབོར་ལོ་རེ་བཞིན་མང་དུ་འགྲོ་བ་ནི་འགའ་འོས་པ་ཞིག་རེད། འོན་ཀྱང་སྒྲ་སྦྱོར་གྱི་སྤུས་ཚད་ལ་དེ་ཙམ་མཐོང་ཆེན་མེད་པའམ་ཡང་ན་སྒྲ་སྦྱོར་བས་མི་སྣའི་ཁྱད་ཆོས་དང་འཚམས་པའི་སྒྲ་སྦྱོར་ཚུལ་ལ་དོ་སྣང་དེ་ཙམ་བྱས་མེད་པའི་སྣང་ཚུལ་འདུག དེའི་རྒྱུ་རྐྱེན་གཙོ་བོ་ནི་སྒྲ་སྦྱོར་བ་འགའ་ཞིག་ལ་ལས་ཀའི་ཉམས་མྱོང་དེ་ཙམ་མེད་པའམ་ཡང་ན་སྒྱུ་རྩལ་གྱི་རྨང་གཞི་བརྟན་པོ་མེད་པས་ལན་སོང་བ་མ་ཡིན་ནམ་སྙམ། དེ་འདྲ་ཡིན་ནའང་ཁོ་མོས་སྒྲ་སྦྱོར་བ་ཡོད་དོ་ཅོག་ལ་སྒྱུ་རྩལ་གྱི་རྨང་གཞི་བརྟན་པོ་མི་འདུག་ཅེས་སྨྲས་པ་མ་ཡིན་ཞིང་། རང་ཉིད་ཀྱང་སྒྲ་སྦྱོར་བ་རྒན་རབས་ཚོའི་བློ་གྲོས་ཀྱི་བང་མཛོད་ལས་སྒྱུ་རྩལ་གྱི་ཐབས་རྩལ་གང་མང་མང་ཞིག་ལེན་གང་ཐུབ་བྱེད་བཞིན་ཡོད་དོ། དེར་བརྟེན་རང་དང་མཉམ་པའམ་ཡང་ན་རང་ལས་དམན་པའི་གཞོན་སྐྱེས་ཚོར་ཅུང་ཟད་ཕན་ན་སྙམ་པའི་སྐུལ་སློང་གིས་རང་གི་བསམ་ཚུལ་མདོར་བསྡུས་ཙམ་བརྗོད་པར་འདོད་དོ།

        དང་པོ། མི་སྣའི་སེམས་ཁམས་རྟོགས་པ་བྱེད་དགོས།

        འཁྲབ་ཚན་ནང་གི་མི་སྣ་གང་འདྲ་ཞིག་ལ་སྒྲ་སྦྱར་དགོས་ཚེ་ཐོག་མར་མི་སྣའི་སེམས་ཁམས་ལ་རྟོག་དཔྱོད་བྱ་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཞིག་ཡིན། མི་སྣ་གཙོ་ཕལ་སུ་འདྲ་ཞིག་ཡིན་རུང་རང་ཉིད་འཚོ་གནས་བྱ་ཡུལ་གྱི་ཁོར་ཡུག་དེའི་ནང་མི་དང་ཕན་ཚུན་འབྲེལ་འདྲིས་བྱེད་དགོས་ཤིང་། འཚོ་བའི་ཁོར་ཡུག་དེའི་ནང་ནས་མི་དང་མིའི་བར་གྱི་འགལ་བ་ཡང་རིམ་གྱིས་མངོན་ཡོང་བ་ནི་ཆོས་ཉིད་ཡིན། དེས་ན་མཐོན་པོའི་ཁྲི་ལ་འགྱིང་བའི་དཔོན་པོ་ནས་དམའ་པོའི་གདན་ལ་ལྷུང་བའི་སྤྲང་པོའི་བར་རང་རང་གི་ཁྱད་ཆོས་ལྡན་པ་མ་ཟད་སེམས་ཁམས་ཀྱི་སྣང་ཚུལ་ཡང་ཡོངས་སུ་ཐ་དད་པ་ཞིག་རེད། རང་ཉིད་ཀྱི་ལྟོ་གོས་ཙམ་ལས་གཞན་ལ་རེ་དོགས་མེད་པའི་མི་ཞིག་ཡིན་ཚེ་སེམས་ཁམས་ཀྱང་ཅུང་ལྷོད་པ་ཡོད་ལ་འཚོ་བའི་རྙོག་དྲ་མང་པོ་ཞིག་ལ་མནོ་བསམ་ཡང་བྱེད་དགོས་དོན་མེད་པས་བསམ་བློ་ཡང་ཟང་ཟིང་དུ་གྱུར་དོན་མེད་པ་ཞིག་མ་ཡིན་ནམ། འོན་ཀྱང་འཚོ་བའི་རྙོག་དྲའི་ཁྲོད་དུ་འཐབ་རྩོད་བྱེད་དགོས་པའི་མི་ཞིག་ཡིན་ཕྱིན་དེའི་སེམས་ཁམས་ནི་འགལ་ཟླ་མང་པོ་ལ་གདོང་ཐུག་བྱེད་དགོས་པས་ཟང་ཟིང་གི་ཁྲོད་དུ་གནས་ཡོད་པ་སྨོས་མེད་རེད། དེར་བརྟེན་མི་སྣའི་སེམས་ཁམས་ཀྱི་ཁྱད་ཆོས་དམ་དུ་བཟུང་ནས་རང་ཉིད་ཀྱི་སེམས་ཁམས་ཡང་དེ་དང་གཞི་གཅིག་ཏུ་འདྲེས་པར་བྱས་ཏེ་སྒྲ་སྦྱར་ཚེ་མི་སྣ་དེ་མངོན་སུམ་གསོན་རྗེན་ལྟ་བུ་ཞིག་སྐད་ཀྱི་སྒྱུ་རྩལ་གྱི་ལམ་ནས་མཚོན་ཐུབ་པ་ཞིག་ཡོང་ཐུབ། དཔེར་ན། རང་ཉིད་ཀྱིས་སྒྲ་སྦྱར་བའི་ 《པད་མ་བྱ་འཁྲིལ་》ཞེས་པ་དེའི་ནང་གི་མི་སྣ་གཙོ་བོ་གཡུས་ཝུ་ཞྰ་ལ་མཚོན་ན། ཐོག་མར་དགོན་པའི་ནང་གི་བཙུན་མ་ཞིག་ཡིན་ཞིང་རྒྱུན་དུ་ཆོས་ལ་བརྩོན་པ་ལས་ལྟོ་གོས་སོགས་ལ་སེམས་ཁྲལ་བྱེད་མི་དགོས་ཤིང་། འཚོ་བའི་རྙོག་དྲ་ནི་བློ་ཡུལ་ལས་འདས་པ་ཞིག་ཡིན་པ་རྟོགས་ཐབས་བྲལ་བ་ཞིག་རེད་ལ་རང་ཉིད་ནི་ཆོས་པ་རྣམ་དག་ཞིག་ཡིན་པས་ཞི་དུལ་བག་ཡངས་ཀྱིས་འཚོ་གནས་བྱེད་བཞིན་པ་རེད། དེའི་སྐབས་སུ་གཏམ་གླེང་ཅི་འདྲ་ཞིག་བྱས་རུང་ཆོས་དང་མཐུན་པ་ལས་གཞན་གྱི་སེམས་ལ་གནོད་པའི་ཚིག་ཡེ་ནས་མི་ཐོན་པ་ལྟ་བུ་ཡིན་པ་དང་ཡ་རབས་མཛངས་སྤྱོད་ལྡན་པའི་བུད་མེད་ཀྱི་རྣམ་པ་ཞིག་ཁོ་མོའི་གཏམ་བརྗོད་ལས་མངོན་ཡོང་གི་ཡོད། སྐབས་དེར་བདག་གིས་ཀྱང་ཝུ་ཞྰ་ཡི་ཁྱད་ཆོས་དེ་ལ་དམིགས་ནས་སྒྲ་སྦྱར་ཡོད་ཅིང་སྒྲ་སྦྱོར་གྱི་ཉམས་འགྱུར་ཡང་མི་སྣའི་གཤིས་ཀ་དང་མཐུན་སྦྱོར་གང་ལེགས་བྱས་ཡོད་སྙམ། འོན་ཀྱང་ཕྱིས་སུ་དམག་འཁྲུག་གི་དབང་གིས་ཝུ་ཞྰ་ཡང་འཇིག་རྟེན་པའི་འཚོ་བར་རོལ་དགོས་བྱུང་ཞིང་། འཚོ་བའི་ཁྲོད་དུ་འགལ་ཟླ་མང་པོ་ཡོད་པ་རྟོགས་པ་མ་ཟད་ཐ་ན་འདྲེ་དམག་གིས་ཀྲུང་གོ་བར་མནར་གཅོད་དང་བརྙས་བཅོས་བྱེད་སྐབས་ཁོ་མོ་ནི་ཞུམ་མེད་རྟུལ་ཕོད་ཅན་ཞིག་ཏུ་གྱུར་ནས་མི་རིགས་ཀྱི་ལ་རྒྱ་དང་ཞུམ་མེད་ཀྱི་སྙིང་སྟོབས་མངོན་ནས་འདྲེ་དམག་ལ་མཐའ་གཅིག་ཏུ་རྒོལ་ཕོད་པའི་སེམས་ཁམས་དེ་མངོན་གསལ་དོད་པོ་མཐོང་སྐབས་བདག་གིས་ཀྱང་སེམས་ཁམས་ཀྱི་འཕོ་འགྱུར་དེ་དམ་བཟུང་བྱས་ནས་སྒྲ་སྦྱར་བར་བརྟེན་མི་སྣ་དེའི་སེམས་ཁམས་ཀྱི་ཁྱད་ཆོས་དེ་མངོན་ཐུབ་པ་བྱུང་ཡོད་དོ། དེར་བརྟེན་ན་གཞོན་ཚོས་སྒྲ་སྦྱོར་བའི་སྐབས་སུ་གནད་དོན་དེ་ལ་དོ་སྣང་བྱ་རྒྱུར་སྣང་ཆུང་བྱེད་མི་རུང་བ་ཞིག་ཡིན།

        གཉིས་པ། མི་སྣའི་ལོ་ན་དང་གནས་བབ་སོགས་ལ་བསྟུན་དགོས།

        མི་སྣ་གང་འདྲ་ཞིག་ལ་སྒྲ་སྦྱར་རུང་མི་སྣ་དེའི་སེམས་ཁམས་རྟོགས་དགོས་པ་མ་ཟད་མི་སྣ་དེའི་ལོ་ནའི་ཁྱད་ཆོས་དང་། གནས་བབ་ཅི་འདྲ་ཡིན་པ། ད་དུང་འཚོ་བའི་ཁོར་ཡུག་གང་འདྲ་ཡིན་མིན་ལ་དབྱེ་ཞིབ་བྱེད་མཁས་པོ་དགོས། དེ་དང་འདྲ་བར་མི་སྣ་དེ་དྲང་ཕྱོགས་དང་ལྡོག་ཕྱོགས་གང་ཡིན་མིན་ལའང་མནོ་བསམ་བྱས་ཚེ་ད་གཟོད་མི་སྣ་དང་འཚམས་པའི་སྒྲ་སྦྱར་ཐུབ་པ་ཞིག་ཡོང་ཐུབ་སྙམ། དེང་སྐབས་མང་པོ་ཞིག་གིས་མི་སྣའི་དྲང་ལྡོག་གི་དབྱེ་བ་མེད་པར་གོ་བརྡ་སྤྲོད་ཐུབ་ཙམ་གྱི་སྒོ་ནས་སྒྲ་སྦྱོར་བར་བྱེད་པ་དང་།

        སྐབས་རེ་ལོ་ན་རྒན་གཞོན་གྱི་དབྱེ་བའང་མེད་པར་སྒྲ་སྦྱར་བ། ཡང་ན་མི་སྣའི་གནས་བབ་ལ་དབྱེ་ཞིབ་ཙམ་ཡང་མེད་པར་གང་དྲན་དྲན་ལྟ་བུར་སྒྲ་སྦྱར་བ་ནི་རང་ཉིད་ལ་སྒྱུ་རྩལ་གྱི་བྱང་ཚད་མེད་པའམ་ཡང་ན་ཁྲལ་སེལ་སླ་བཅོས་བྱས་པ་ཙམ་ལས་མ་འདས།

        གསུམ་པ། སྒྲ་དག་ལ་སྙན་ཆ་དོད་པ། འགྱུར་བ་གཏོང་མཁས་པོ་དགོས།

        སྒྲ་སྦྱོར་བ་ཞིག་ཡིན་ཕྱིན་སྐད་གདངས་རྣ་བར་སྙན་ལ་སྒྲ་སྦྱར་བ་དེ་དག་པོ་དགོས་པ་ནི་མ་མཐའི་ཆ་རྐྱེན་ཞིག་ཡིན། རང་ཉིད་ཀྱིས་སྒྲ་སྦྱར་བ་དེ་དག་པོ་དང་གསལ་པོ་མེད་ན་གསན་པ་པོ་ལ་བརྡ་གང་ཞིག་སྤྲད་ཡོད་དམ། སྙན་འཇེབས་ལྡན་པ་ཞིག་མེད་པ་སུ་ཞིག་གཏམ་དེ་ལ་ཉན་པར་མོས། དེའི་རྨང་གཞིའི་སྟེང་དུ་སྐད་ལ་འགྱུར་བ་གཏོང་བའི་སྤོབས་པ་ལྡན་ན་ད་གཟོད་སྒྲ་སྦྱོར་བའི་རྨང་གཞིའི་ཤེས་ཡོན་ཁོང་དུ་ཆུད་ནས་སྒྲ་སྦྱར་བའི་མི་སྣ་ཡང་འཁྲབ་ཚན་གྱི་རེ་བ་དང་འཚམས་པ་ཞིག་ཡོང་ངེས་སྙམ་མོ།

        མདོར་ན་མི་སྣ་གཙོ་ཕལ་དང་དྲང་ལྡོག་ཅི་འདྲ་ཞིག་ལ་སྒྲ་སྦྱར་རུང་མི་སྣའི་སེམས་ཁམས་ཀྱི་ཁྱད་ཆོས་རྟོགས་དགོས་པ་མ་ཟད་མི་སྣའི་ལོ་ན་དང་གནས་བབ། དེ་བཞིན་འཚོ་གནས་བྱ་ཡུལ་གྱི་ཁོར་ཡུག་སོགས་ལ་ཉམས་ཞིབ་བྱེད་མཁས་པོ་དགོས་ལ་སྒྱུ་རྩལ་གྱི་ཚད་མཐོའི་གཅིག་འགྱུར་བྱ་རྒྱུ་ནི་མེད་དུ་མི་རུང་བ་ཞིག་རེད་འདུག་པས་དོན་དེར་མཐོང་ཆེན་བྱས་ཚེ་རང་ཅག་གི་འཁྲབ་ཚན་སྒྱུར་མའི་སྤུས་ཚད་ཀྱང་གང་མགྱོགས་ལེགས་སུ་འགྲོ་ངེས་རེད་སྙམ་མོ།

        བོད་ལྗོངས་བརྙན་འཕྲིན་ལས་ཁུངས་བོད་སྐད་བརྙན་འཕྲིན་ལེ་ཚན་སྒྱུར་བཟོ་ལྟེ་གནས། བསོད་ནམས་བདེ་སྐྱིད།

མཛའ་འབྲེལ་དྲ་བ།
010020070840000000000000011100001359387671