བོད་ལྗོངས།
༄༅།།“བོད་ཀྱི་རིག་གནས་ཐའེ་དབན་སློབ་གྲྭར་སྐྱོད་པའི་བྱ་སྤྱོད”ཀྱི་རིམ་སྤེལ་བྱེད་སྒོ་འགོ་བཙུགས་པ།

    ཤིན་ཧྭ་གསར་འགྱུར་ཁང་ཐའེ་པེ་ནས་ཟླ་9ཚེས་22ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན། ཐང་ག་རྩེ་གྲས་50ལྷག་ཙམ་ཐའེ་དབན་ཀྲེན་ཞིའུ་ཚན་རྩལ་སློབ་ཆེན་དུ་འགྲེམས་སྟོན་བྱས་པར་བརྟེན་ནས“བོད་ཀྱི་རིག་གནས་ཐའེ་དབན་སློབ་གྲྭར་སྐྱོད་པའི་བྱ་སྤྱོད”ཀྱི་རིམ་སྤེལ་བྱེད་སྒོ་འགོ་ཚུགས་པ་མཚོན་པ་རེད།

    ཟླ་10ཚེས་5ཉིན་བར་རྒྱུན་མཐུད་པའི་ཐང་ག་རྩེ་གྲ་འགྲེམས་སྟོན་ལས་བོད་ཀྱི་ཐང་གའི་མཛེས་རིས་སྒྱུ་རྩལ་གྱི་སྨན་ཐང་དང་། སྨན་གསར། ཀརྨ་སྒར་བྲིས། མཁྱེན་རྩེ་བཅས་ལུགས་བཞིའི་བརྩམས་ཆོས་ཕུལ་བྱུང་50མཉམ་དུ་འགྲེམས་སྟོན་བྱས་པ་ལས་ལྟ་སྐོར་དུ་ཡོང་མཁན་དགེ་སློབ་རྣམས་བོད་ཀྱི་ཐང་གའི་སྒྱུ་རྩལ་གྱིས་ཡིད་དབང་ཕྲོགས་ཡོད་པ་རེད། ལྷ་བྲིས་པ་གཉིས་ཀྱིས་དེ་གར་ཐང་ག་འབྲི་ཚུལ་བསྟན་པར་དགེ་སློབ་ཚོའི་བསྔགས་བརྗོད་ཆེན་པོ་ཐོབ་པ་རེད།

    བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་ཐིང་ཀྲང་གངས་ཅན་གྱིས་ཤིས་ཚིག་ནང་། རྫོགས་ལྡན་སྟོན་གྱི་འབྲས་བཟང་སྨིན་པའི་སྐབས་འདིར་ལྟ་ན་སྡུག་པའི་གླིང་ཕྲན་ཐའེ་དབན་དུ་ཡོང་ནས་ཐའེ་དབན་གྱི་ལས་རིགས་ཁག་ལ་གངས་ལྗོངས་ས་མཐོའི་ལྷག་བསམ་དག་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བརྗོད།

    ཁོང་གིས་བོད་ཀྱི་ཐང་གའི་སྒྱུ་རྩལ་ནི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཤུལ་བཞག་ཕུལ་བྱུང་གི་བང་མཛོད་ནང་གི་འོད་མདངས་རྣམ་པར་བཀྲ་བའི་མུ་ཏིག་ལྟ་བུ་ཡིན་ལ། བོད་རིགས་ཀྱི་རིག་གནས་ཁྲོད་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་སྒྲིལ་རིས་ཀྱི་སྒྱུ་རྩལ་མཚོན་སྟངས་ཤིག་ཡིན་པས་གངས་ལྗོངས་ཀྱི་ཉམས་འགྱུར་ཆེན་པོ་ལྡན། ཐང་ག་ལ་བོད་ཀྱི་རིག་གནས་ཀྱི་ཤེས་བྱ་ཀུན་བཏུས་ཞེས་པའི་མཚན་སྙན་ཡོད་ལ། བརྗོད་བྱའི་ཐད་ནང་བསྟན་གཙོ་གྱུར་གྱི་རི་མོ་ཕུད་གཞན་ཡང་རྣམ་ཐར་དང་། ལོ་རྒྱུས། འཚོ་བའི་གོམས་སྲོལ་བཅས་དང་དེ་བཞིན་གནམ་རིག་སྐར་རྩིས་དང་བོད་ལུགས་གསོ་རིག་གི་ཚན་རིག་དང་མཐུན་པའི་རི་མོ་སོགས་ཀྱང་མཚོན་ཡོད་ཅེས་བརྗོད།

    ཐའེ་དབན་སློབ་ཆེན་གྱི་སློབ་གླིང་སྒྱུ་རྩལ་ལྟེ་གནས་མཐུན་ཚོགས་ཀྱི་ལས་འཛིན་ཀུང་རུའེ་ཀྲང་གིས་ངོགས་གཉིས་ཀྱི་རིག་གནས་སྤེལ་རེས་བྱེད་སྒོ་ལས་བོད་ཀྱི་རིག་གནས་ཐད་དགེ་སློབ་ཚོར་རྒྱུས་མངའ་སྔར་བས་ཟབ་མོ་ཡོང་ངེས་ཡིན་པར་ཡིད་ཆེས་ཡོད་ཅེས་བཤད།

    བོད་ཀྱི་རིག་གནས་ཐའེ་དབན་སློབ་གྲྭར་སྐྱོད་པའི་བྱ་སྤྱོད་ཀྱི་རིམ་སྤེལ་བྱེད་སྒོ་དེ་ཟླ་9ཚེས་19ནས་ཟླ་10ཚེས་5ཉིན་བར་ཐའེ་དབན་ཀྲེན་ཞིའུ་ཚན་རྩལ་སློབ་ཆེན་དང་། ཐའེ་དབན་སྒྱུ་རྩལ་སློབ་ཆེན། ཐའེ་དབན་འགྲིམ་འགྲུལ་སློབ་ཆེན་བཅས་སུ་གཉེར་རྒྱུ་རེད།

    ཟླ་9ཚེས་22ཉིན་དང་། ཚེས་24ཉིན། ཚེས་26ཉིན་སོ་སོར་ཐའེ་དབན་ཀྲེན་ཞིའུ་ཚན་རྩལ་སློབ་ཆེན་དང་། ཐའེ་དབན་སྒྱུ་རྩལ་སློབ་ཆེན། ཐའེ་དབན་འགྲིམ་འགྲུལ་སློབ་ཆེན་བཅས་སུ་འཁྲབ་པའི་ལྷ་མོའི་འཁྲབ་གཞུང་བརྒྱད་ཀྱི་དུམ་བུ་དག་ནི་བོད་ཀྱི་ལྷ་མོའི་ཉིང་བཅུད་ཡིན།

    ད་རེས་ཀྱི་བྱེད་སྒོའི་ནང་ད་དུང་བོད་ཀྱི་ཐང་གའི་སྒྱུ་རྩལ་གྱི་འཆད་ཁྲིད་ཐེངས་གཉིས་བྱ་རྒྱུ་ཡིན་པ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001366370641