བོད་ལྗོངས།
ཕོ་བྲང་པོ་ཏ་ལར་དཀར་རག་གསོལ་འགོ་ཚུགས་པ།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་ཟླ་10པའི་ཚེས་25ཉིན་གནས་ཚུལ་འབྱོར་གསལ། སྤྱི་ཚེས་25ཉིན་འཛམ་གླིང་རིག་གནས་ཤུལ་བཞག་ཡིན་པའི་ཕ་བྲང་པོ་ཏ་ལར་ལོ་གཅིག་དུས་གཅིག་གི་དཀར་རག་གསོལ་བའི་འགོ་ཚུགས་པ་དང་། བོད་ལྗོངས་ཀྱི་ས་ཆ་ཁག་ནས་ཕེབས་པའི་དད་ལྡན་སེར་སྐྱ་མང་ཚོགས་བརྒྱ་ཕྲག་ལྷག་ཙམ་གྱིས་ལས་དོན་མི་སྣའི་སྒྲིག་འཛུགས་འོག་དུས་ཡུན་ཉིན་10ལྷག་ཙམ་བེད་སྤྱད་ནས་ཕོ་བྲང་གི་གྱང་དང་མཆོད་རྟེན། སྒེའུ་ཁུང་བཅས་ལ་སྤྱི་ཡོངས་ནས་དཀར་རག་གསོལ་ཏེ་ཕོ་བྲང་པོ་ཏ་ལའི་མཛེས་ཉམས་མངོན་པར་བྱ་རྒྱུ་རེད།

    གོམས་སྲོལ་ལྟར་ན། ཕོ་བྲང་པོ་ཏ་ལར་དཀར་རག་གསོལ་སྐབས་ཕོ་བྲང་དཀར་པོ་ནས་འགོ་བཙུགས་ཏེ་ཕོ་བྲང་དམར་པོ་དང་། དེ་རྗེས་ཕོ་བྲང་སེར་པོར་གསོལ་གྱི་ཡོད་པ་དང་། མཐར་སྒོ་དང་སྒེའུ་ཁུང་གི་མཐའ་རྒྱན་ནག་པོར་རྩི་གསར་པ་གསོལ་གྱི་ཡོད།

    སྲོལ་རྒྱུན་ལྟར་ན། ལོ་ལྟར་ལྷ་སའི་ཆར་དུས་ཡོལ་བ་དང་དགུན་དུས་འཁྱགས་པ་མ་ཐེབས་གོང་དུ་ཕོ་བྲང་པོ་ཏ་ལའི་གྱང་ངོས་ལ་དཀར་རག་གསོལ་བའི་ལས་དོན་སྤེལ་གྱི་ཡོད་ཅིང་། དེ་ནི་སྔར་ལས་ལྷག་པའ་སྒོ་ནས་གནའ་བོའི་བཟོ་སྐྲུན་དེར་སྲུང་སྐྱོབ་བྱ་ཆེད་ཡིན། ད་ཆ་ལོ་ལྟར་ཕོ་བྲང་པོ་ཏ་ལར་དཀར་རག་གསོལ་རྒྱུ་དེ་སྲོལ་རྒྱུན་ཞིག་ཏུ་གྱུར་བ་མ་ཟད་ཡུལ་སྐོར་བའི་གཟིགས་སྐོར་ནང་དོན་གྲས་ཤིག་ཏུ་ཆགས་ཡོད།

    ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཀུན་དགའ་བཀྲ་ཤིས་ཀྱིས། དཀར་རག་ནང་འོ་མ་དང་བྱེ་མ་ཀ་ར་མང་དྲགས་ཚེ་དཀར་རག་གི་སྤུས་ཚད་འགྱུར་བ་དང་ཧམ་སྤུ་བརྒྱབ་པའི་གནས་ཚུལ་ཐོན་ཏེ་ཕོ་བྲང་པོ་ཏ་ལའི་ཕྱིའི་མཛེས་ཉམས་ལ་ཤུགས་རྐྱེན་ཐེབས་པ་དང་། ཆར་དུས་སྐབས་ད་དུང་གྱང་ངོས་ཀྱི་དཀར་རག་བྲུལ་བདེ་རུ་འགྲོ་ཡི་འདུག དཀར་རག་གི་སྤུས་ཚད་དང་བཟོ་སྐྲུན་གྱི་བདེ་འཇགས་གཉིས་འགན་ལེན་བྱ་ཆེད་འདི་ལོ་ཕོ་བྲང་པོ་ཏ་ལའི་དཀར་རག་གཅིག་གྱུར་ཉོ་སྒྲུབ་ཐོག་རྒྱུ་ཆ་སྡེབ་སྦྱོར་བྱས་ཡོད་ཅེས་གསུངས།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001367076611