བོད་ལྗོངས།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ཀྱི་སྐུ་ཚབ་ཚོགས་པས་ཨ་ཀེན་ཐེན་དུ་འཚམས་འདྲི་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་ནས་ཟླ་12ཚེས་2ཉིན་གློག་འཕྲིན་སྤེལ་བར་གཞིགས་ན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བསྟན་འཛིན་རྣམ་རྒྱལ་གྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ཀྱི་སྐུ་ཚབ་ཚོགས་པའི་སྣེ་འཁྲིད་དེ་ཟླ་11ཚེས་30ཉིན་ནས་ཟླ་12ཚེས་2ཉིན་བར་ཨ་ཀེན་ཐེན་དུ་དངོས་གཞིའི་མཛའ་གྲོགས་ཀྱི་འཚམས་འདྲི་གནང་བ་རེད། དེ་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ཀྱི་སྐུ་ཚབ་ཚོགས་པས་ཨ་ཀེན་ཐེན་དུ་འཚམས་འདྲི་གནང་ཐེངས་དང་པོ་ཡིན་པ་རེད། འཚམས་འདྲི་གནང་རིང་། སྐུ་ཚབ་ཚོགས་པས་ཨ་ཀེན་ཐེན་གྱི་ཕྱི་འབྲེལ་པུའི་ཆོས་ལུགས་དང་རྒྱལ་དོན་དྲུང་ཡིག་ཨའེ་སི་ཐེ་ལ་ཏ་དང་གྲོས་ཁང་འོག་མའི་ཨ་ཀྲུང་གྲོས་མིའི་མཛའ་གྲོགས་ཚོགས་ཆུང་གི་ཀྲུའུ་ཞི་ཨཱ་མ་ཏེ་ཨའོ་དང་མཇལ་འཛོམས་གནང་ཞིང་། སྤྱི་ཚོགས་ཆབ་སྲིད་སློབ་གླིང་གི་མཁས་དབང་དང་དགེ་སློབ་ཀྱི་འཐུས་མི་དང་བཞུགས་མོལ་ཡང་གནང་བ་རེད།

    བསྟན་འཛིན་རྣམ་རྒྱལ་གྱིས་ཨ་ཀེན་ཐེན་ཕྱོགས་ལ་བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་དང་ལྷག་པར་དུ་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོན་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ངོ་སྤྲོད་གནང་བ་དང་། ཁོང་གིས་ལོ་60ལྷག་ཙམ་རིང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་འབད་བརྩོན་བྱས་ནས་དབུལ་ཕོངས་རྗེས་ལུས་ཀྱི་བོད་རྙིང་པ་དེ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་པར་སྒྱུར་བཀོད་དང་འཕེལ་རྒྱས་བཏང་བས་སྤྱི་ཚོགས་ཀྱི་བྱ་གཞག་ཁག་ཁྱོན་ཡོངས་ནས་ཡར་རྒྱས་བྱུང་ཡོད། མི་རིང་བའི་གོང་འཚོགས་པའི་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་ལོ་རྒྱུས་ཀྱི་གོ་སྐབས་གསར་པ་མཁོ་འདོན་བྱས་ཡོད་པས་བོད་ཀྱི་འཕེལ་རྒྱས་སླར་ཡང་ལོ་རྒྱུས་ཀྱི་དུས་མཚམས་གསར་པ་ཞིག་ཏུ་སླེབས་ཡོད་ཅེས་གསུངས་པ་རེད།

    ཨ་ཀེན་ཐེན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་མུ་མཐུད་མཐའ་འཁྱོངས་བྱས་ཏེ་ཆབ་སྲིད་དང་། དཔལ་འབྱོར་ཚོང་དོན། རིག་གནས། ཚན་རྩལ། ཞིང་ལས། འབྲོག་ལས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ནས་ཡུལ་སྐོར་འཕེལ་རྒྱས་དང་མི་སྣ་འགྲོ་འོང་ལ་སྐུལ་འདེད་གཏོང་རྒྱུ་མ་ཟད། ཨ་ཀེན་ཐེན་གྱི་ས་བབ་མཐོ་བའི་ས་ཁུལ་དང་བོད་ལྗོངས་དབར་གྱི་སྤེལ་རེས་ལའང་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན་པ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001368018391