བོད་ལྗོངས།
རྩེད་ཐེར། སོར་རྩེ་ལས་ཐོན་པའི་རྒྱུན་འཛིན་དང་འཕེལ་རྒྱས།

    ——ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་མི་རིགས་ཀྱི་ཐེར་མའི་ལག་ཤེས་འཁེལ་འཐག་ཆེད་ལས་མཉམ་ལས་ཁང་དུ་བསྐྱོད་པ།

    ཐེར་མ་ནི་བོད་རིགས་ཀྱིས་བལ་རྩེ་གྲས་བཏགས་པའི་ཐོན་རྫས་ཤིག་ཡིན། དེ་ནི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་རྩེད་ཐང་གྲོང་རྡལ་ཁོ་ནར་ཡོད་པའི་ལག་ཤེས་ཀྱི་ཐོན་ཟོག་ཅིག་ཡིན་པར་བརྟེན“རྩེད་ཐེར”ཞེས་ཀྱང་བརྗོད་ཀྱི་ཡོད། དེའི་འཐག་ལས་ཀྱི་ལག་རྩལ་ཁོང་དུ་ཆུད་དཀའ་བ་དང་། རྒྱུ་ཆ་འདེམས་རྒྱུར་དང་དོད་ཆེ་བ། འཐག་པའི་བརྒྱུད་རིམ་རྙོག་འཛིང་ཆེ་བ་བཅས་ཡོད་པའི་དབང་གིས་སྔོན་མ་ཡིན་ན་དཔོན་ཆེན་མི་དྲག་གི་སྤྱོད་ཡུལ་ཡིན། “རྩེད་ཐེར”ནི་བོད་ཀྱི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་རྩེད་ཐང་གྲོང་རྡལ་ལ་མ་གཏོགས་མེད་པའི་རྒྱུ་བལ་ཁོ་ནས་བཏགས་པའི་ལག་ཤེས་ཐོན་རྫས་ཤིག་རེད།

    ལོ་བཅུ་ཙམ་གྱི་གོང་དུ་གནའ་སྔ་མོའི་ལག་ཤེས་དེ་སྟོངས་ལ་ཉེ་བར་གྱུར་ནས་རྒྱུན་འཛིན་པ་ཁ་ཤས་ཡོད་པ་དག་ཀྱང་ལོ་80ལྷག་ལ་སླེབས་ཏེ་ལག་ཤེས་ཀྱི་རྒྱུན་འཛིན་མཁན་དགེ་ཕྲུག་ཀྱང་མེད། ལོ་བཅུ་སོང་རྗེས་ལོ་རྒྱུས་རིང་བའི་ལག་རྩལ་དེ་གོང་པོ་རིའི་འདབས་ཀྱི་སྣེ་གདོང་ཆུས་མི་རིགས་ཀྱི་ཐེར་མ་ལག་ཤེས་འཁེལ་འཐག་ཆེད་ལས་མཉམ་ལས་ཁང་ལ་སྔར་བྱུང་མྱོང་མེད་པའི་སྐྱེ་སྟོབས་ཀྱི་དཔལ་སླར་ཡང་འབར་ཐུབ་པ་བྱུང་ཡོད། མདོར་བསྡུས་ན་དེ་དག་ཚང་མ་མཉམ་ལས་ཁང་གི་འགན་འཁུར་བ་པ་སངས་ནས་འགོ་བརྩམས་པ་ཞིག་ལགས།

    2007ལོའི་སྐབས་ལོ་བཞི་བཅུ་ལ་སླེབས་ཤིང་ཆུང་དུས་ནས་ཐང་ག་འབྲི་རྒྱུར་དགའ་བའི་པ་སངས་ནི་དེ་དུས་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་ལྷ་འབྲིའི་དགེ་རྒན་ཞིག་རེད། དུས་རྒྱུན་དུ་ཁོང་ཐང་ག་འབྲི་བར་གདན་འདྲེན་ཞུ་བ་མ་ཟད། རྩེད་ཐང་ཉེ་འཁོར་གྱི་མང་ཚོགས་ཀྱིས་ཀྱང་ཁོང་ལ་བསྔགས་བརྗོད་ཀྱི་མེ་ཏོག་སྟོར་བཞིན་མཆིས། ལོ་དེའི་ཟླ་4ཚེས་18ཉིན་པ་སངས་ཀྱིས་ཐང་ག་བཞེངས་ས་ཞིག་བཙུགས་ནས་ཉེ་འགྲམ་གྱི་ཁྱིམ་བདག་གིས་གཅུན་པར་མི་ཉན་པའམ་ཡང་ན་སློབ་མཚམས་འཇོག་པའི་གཞོན་ནུ་དགེ་ཕྲུག་ཏུ་ཉར་ནས་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་བྱེད་པའི་འགོ་བརྩམས།

    2008ལོའི་ལོ་སྟོད་ཀྱི་ཉིན་ཞིག་ལ་རྒན་རྒོན་ཁ་ཤས་ཤིག་ཁོང་གི་ཁྱིམ་གྱི་འགྲམ་དུ་ཉི་མ་སྲོ་བཞིན་ཅི་འཕྲོས་མོས་འཕྲོས་བྱེད་སྐབས། དེའི་ནང་གི་རྒན་མོ་ཞིག་གིས“པ་སངས་ཀྱིས་ཞལ་ཐང་ཡག་པོ་འདི་འདྲ་བཞེངས་ན། ངེད་ཚོའི་ཐེར་མའང་ཚང་མས་ཤེས་མི་ཐུབ་པ་མེད”ཅེས་སེམས་ནང་གང་དྲན་བཤད་ནའང་ཉན་མཁན་ཚོར་གོ་བ་གཞན་ཞིག་སྟེར། ཆུང་དུས་མས་ཐགས་ཁྲིའི་མདུན་དུ་བསྡད་དེ་ཐེར་མ་འཐག་པའི་བག་ཆགས་རིམ་བཞིན་སེམས་ནང་ལྷང་ངེ་ལྷན་ངེར་དྲན་སྐབས། པ་སངས་ཀྱིས་ཕ་ཡུལ་རྩེད་ཐང་གི་སྲོལ་རྒྱུན་ལག་ཤེས་དེའི་རྒྱུན་འཛིན་རྒྱུའི་གནད་དོན་ལ་བསམ་བློ་གཏོང་འགོ་ཚུགས།

    2008ལོའི་ཟླ་5པར། གྲ་སྒྲིག་རོབ་ཙམ་བྱས་རྗེས་པ་སངས་ཀྱིས་སྣེ་གདོང་ཆུས་ཀྱི་མི་རིགས་ཀྱི་ཐེར་མ་འཁེལ་འཐག་ཆེད་ལས་མཉམ་ལས་ཁང་གི་སྒོ་ཕྱེ་ཞིང་། དེ་དུས་སྐྲ་དཀར་པོར་གྱུར་པའི་རྒན་རྒོན་མི་ཉུང་བ་ཞིག་ཐགས་ཁྲིའི་མདུན་དུ་བསྡད་དེ་ངང་རྒྱུད་རིང་པོས་གཞོན་ནུ་ཚོར་ཐེར་མའི་སྐུད་པ་སྒྲིམ་སྟངས་དང་འཐག་སྟངས་བསླབས་པ་དང་། པ་སངས་ནི་དགེ་ཕྲུག་བཞིན་ཐགས་ཁྲིའི་འགྲམ་དུ་རྣ་བ་ཀྲོང་ཀྲོང་དུ་ཉན་ནས་སྡོད་པའམ་སྐབས་རེ་ཚང་མ་དང་མཉམ་དུ་སྔོན་མའི་ཐེར་མ་ཅི་འདྲ་བྱས་ནས་སླར་གསོ་བྱ་རྒྱུར་གྲོས་བསྡུར་ཡང་བྱས་པ་རེད།

    “ཐེར་མ་འཐག་སྟངས་ཀྱི་ལག་རྩལ་མྱུར་སྐྱོབ་བྱ་ཕྱིར། ཁོ་བོས་ལོ་དེ་དག་ནང་ཞལ་ཐང་བྲིས་ནས་བྱུང་བའི་དངུལ་སྒོར་ཁྲི་30ཚང་མ་བེད་སྤྱོད་བཏང་ཟིན་པ་དང་སྔོན་མའི་ཐེར་མ་བཟོ་སྟངས་སླར་གསོ་ཐུབ་པའི་དུས་སུ་མཉམ་ལས་ཁང་ལ་དངུལ་སྐར་ལི་ཙམ་ཡོད་པ་ལྟ་ཅི། དགུང་ལོ་བརྒྱད་ཅུར་ཕེབས་པའི་རྒན་གྲས་ལ་སྤྲོད་པའི་ཕོགས་དངུལ་ཡང་མེད། ངའི་བཟའ་ཟླས་དེ་དག་མི་བཟོད་པར་ལྐོག་ཏུ་ངུས་ནས་སྡོད་ཀྱི་ཡོད”ཅེས་ལས་གཏོད་ཀྱི་བརྒྱུད་རིམ་སྐོར་གླེང་སྐབས་པ་སངས་ཀྱིས་བཅོས་མའི་གད་མོ་ཞིག་བགད་ནས་དེ་ལྟར་བཤད།

    “ཡིན་ནའང་། ཐེར་མ་འཐག་སྟངས་ཀྱི་ལག་རྩལ་དེ་མྱུར་སྐྱོབ་ལམ་ལྷོངས་བྱུང་བ་ནི་ང་གཅིག་པུས་བྱས་པ་ཞིག་མིན། མཉམ་ལས་ཁང་དཀའ་ངལ་ཆེ་ཤོས་སྐབས་ཏང་དང་སྲིད་གཞུང་གིས་ང་ལ་རོགས་པ་བྱས་བྱུང”ཞེས་པ་སངས་ཀྱིས་དྲན་གསོ་བྱེད་བཞིན་བཤད། ཁོང་གིས་དེ་དུས་མ་དངུལ་ཤིན་ཏུ་ཁ་ཐང་བར་གྱུར་ནས་མཉམ་ལས་ཁང་མུ་མཐུད་གཉེར་ཐབས་བྲལ་བའི་མཚམས་སུ། སྲིད་གཞུང་གིས་མཉམ་ལས་ཁང་གི་དཀའ་ངལ་ཤེས་ནས་འཕྲལ་མར་རོགས་དངུལ་བཏང་སྟེ་ང་དང་མཉམ་ལས་ཁང་ལ་རོགས་པ་བྱས་བྱུང་། མ་དངུལ་དེར་བརྟེན་ནས་ཁོ་བོ་དང་རྒན་རྒོན་རྣམས་ལ་སེམས་ཤུགས་བསྐྱེད་དེ་སྔོན་མའི་ཐེར་མ་འཐག་པའི་ལས་རིམ་སླར་གསོ་བྱུང་ནས་སྟོངས་ལ་ཁད་ཀྱི་ལག་རྩལ་དེ་མྱུར་སྐྱོབ་ཐུབ་པ་བྱུང་སོང་ཞེས་བཤད།

    དེར་བརྟེན་མཉམ་ལས་ཁང་གི་ཚོང་གཉེར་རིམ་བཞིན་ཡག་ཏུ་སོང་རྗེས། པ་སངས་ཀྱིས་འཕྲལ་མར་ཉེ་འཁོར་གྱི་ཞིང་འབྲོག་པ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་ཁ་ཕྱོགས་ཤིང་། “མཉམ་ལས་ཁང་གི་ལས་བཟོ་ཚང་མ་ནི་ཉེ་འགྲམ་གྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའམ་ཡང་ན་དབང་པོ་སྐྱོན་ཅན་ཤ་སྟག་ཡིན། ཁོ་བོ་ཁོང་ཚོའི་ཁྱིམ་ལ་ཕྱིན་ནས་གནས་ཚུལ་ཤེས་རྟོགས་བྱས་ཏེ་དངོས་གནས་དཀའ་ངལ་ཡོད་རིགས་ལས་བསྡུ་བྱས་པ་མ་ཟད། ཁོང་ཚོར་སློབ་སྦྱོང་གི་དུས་ཚོད་ངེས་གཏན་སྤྲད་དེ་ཐེར་མ་འཐག་སྟངས་ཉུང་མཐར་ཟླ་བ་དྲུག་དང་། ཐང་ག་འབྲི་སྟངས་ལ་ཉུང་མཐར་ཡང་ལོ་གསུམ་སྦྱོང་དུ་བཅུག་པ་ཡིན”ཞེས་པ་སངས་ཀྱིས་བཤད།

    ཁ་ཅིག་གིས་སློབ་སྦྱོང་གི་དུས་ཚོད་རིང་དྲགས་ནས་ཁྱིམ་ལ་ཡོང་སྒོ་མེད་པའི་སེམས་ཁྲལ་བྱེད་ཀྱི་ཡོད་། གནད་དོན་དེར་མཉམ་ལས་ཁང་འགོ་འཛུགས་པའི་སྐབས་ནས་པ་སངས་ཀྱིས་བསམ་བློ་བཏང་ཟིན་པ་སྟེ། དགེ་ཕྲུག་ཚང་མ་མཉམ་ལས་ཁང་ལ་སློབ་སྦྱོང་བྱེད་རིང་ཟས་སྡོད་གཙང་མ་འགན་ལེན་བྱས་པ་མ་ཟད། ཟླ་རེར་གླ་ཕོགས་སྒོར་2300སྤྲད་ནས་དོན་གཉེར་ཅན་རྣམས་མཉམ་ལས་ཁང་དུ་སེམས་པ་རྣལ་ལ་ཕབ་པ་དང་བློ་བདེའི་ངང་ཐེར་མ་འཐག་པའི་ལག་རྩལ་ཁོང་དུ་ཆུད་པར་བྱས་ཡོད།

    པ་སངས་ཀྱི་གཞུང་དོན་ཁང་དུ་གཟེངས་རྟགས་དང་བྱ་དགའི་བུམ་པ་སྣ་ཚོགས་དང་ལག་ཁྱེར་གྱིས་ཤེལ་སྒྲོམ་ཁེངས། གསར་འགོད་པས་དེ་དག་ལ་རགས་རྩིས་ཤིག་རྒྱག་དུས་ལྔ་བཅུ་ལྷག་ཡོད་པའི་ནང་། རྒྱལ་ཁབ་རིམ་པའི་བཟོ་བཀོད་མཛེས་རྩལ་པ་དང་། རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག རྒྱལ་ཁབ་ཀྱི་གནས་རྟགས་སྲུང་སྐྱོང་ཐོན་ཟོག་སོགས་ཅུང་སྐད་གྲགས་ལྡན་པའི་གཟི་བརྗིད་མཚན་སྙན་ཐོབ་པའང་ཡོད། པ་སངས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། འདི་ཟླའི་ཟླ་མཇུག་ཏུ“རྩེད་ཐེར”དེ་ཧང་ཀྲོའུ་རུ་སྤེལ་བའི་འཁེལ་འཐག་ཐོན་ཟོག་ལས་རིགས་ཀྱི་འགྲན་བསྡུར་ནང་ཞུགས་རྒྱུ་ཡིན་པ་རེད།

    མཉམ་ལས་ཁང་གི་འབྱུང་འགྱུར་གྱི་འཕེལ་རྒྱས་སྐོར་གླེང་སྐབས། པ་སངས་ཀྱིས“ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རིག་གནས་ཀྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་དང་རིག་གནས་དོ་དམ་གྱི་སྒྲིག་གཞི་འཐུས་ཚང་དུ་བཏང་ནས་སྤྱི་ཚོགས་ཀྱི་ཕན་འབྲས་ཐོན་རྒྱུ་ཨང་དང་པོར་འཇོག་པ་དང་། སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་ཕན་ཚུན་གཅིག་གྱུར་ཡོང་བའི་སྒྲིག་གཞི་དང་ལམ་སྲོལ་ཞིག་མགྱོགས་མྱུར་བཟོ་དགོས་ཞེས་བཏོན་ཡོད་པ་དེས་ང་ཚོའི་མཉམ་ལས་ཁང་གི་འཕེལ་རྒྱས་ལ་ཁ་ཕྱོགས་ཤིག་གསལ་སྟོན་བྱས་པས། ང་ཚོས་གཙང་པོའི་བྱང་གི་བཟོ་གྲྭ་གསར་པ་མགྱོགས་མྱུར་ཚར་བ་བྱ་རྒྱུ་ཡིན་སྟབས། དེ་དུས་ང་ཚོས་ལས་མི་མང་དུ་དང་སྒྲིག་ཆས་ཀྱི་གཞི་ཁྱོན་སླར་ཡང་ཆེ་རུ་གཏོང་རྒྱུ་ཡིན་ལ། ཐོན་ཟོག་གི་སྤུས་ཚད་མཐོ་རུ་དང་སྣེ་ཁ་མང་དུ་གཏོང་རྒྱུར་གཞོལ་ནས་ཞིང་འབྲོག་པར་འབབ་འཕར་ཕྱུག་འགྱུར་ཡོང་བ་དང་སྣེ་གདོང་ཆུས་ཀྱི་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་བྱ་རྒྱུ་ཡིན”ཞེས་དགའ་ཚོར་ཆེན་པོས་བཤད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001368056081