བོད་ལྗོངས།
ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་འབར་མ་སྲིད་གཞུང་དང་སྤེལ་རེས་བྱས་པ།

    ཚེས་19ཉིན། ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པ་འབར་མའི་མི་རིགས་ལས་དོན་པུའུ་དང་ཆོས་ལུགས་ལས་དོན་དང་རིག་གནས་པུའུ་རུ་ཕེབས་ནས་ཕྱོགས་གཉིས་པོས་མི་རིགས་ལས་དོན་དང་ཆོས་ལུགས་དང་རིག་གནས་ལས་དོན་ཐད་སྤེལ་རེས་བྱས་པ་རེད།

    ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་འབར་མའི་མི་རིགས་ལས་དོན་པུའི་དཔོན་རིགས་ལ་ཀྲུང་གོའི་མི་རིགས་སྲིད་ཇུས་ངོ་སྤྲོད་གནང་ཞིང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ལོ་རྒྱུས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཀྲང་ཡུན་གྱིས་ཀྲུང་གོའི་མི་རིགས་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཐུན་མོང་ཐོག་འཕེལ་རྒྱས་བཅས་བྱུང་ཡོད། བོད་རང་སྐྱོང་ལྗོངས་ཀྱི་འཕེལ་རྒྱས་ལ་རྒྱལ་ཡོངས་ཀྱི་རོགས་སྐྱོར་ཐོབ་པ་དང་། ལྷག་དོན་དུ་སྒྱུར་བཅོས་སྒོ་དབྱེའི་རྗེས་རོགས་སྐྱོར་ཐོབ་ཤུགས་དེ་བས་ཆེ་རུ་སོང་ཡོད་ཅེས་བརྗོད།

    འབར་མའི་མི་རིགས་ལས་དོན་པུའི་པུའུ་ཀྲང་ནའེ་ཏེ་ལུན་གྱིས་སྤེལ་རེས་ཚོགས་པར་སྡེ་ཚན་དེའི་གནས་ཚུལ་དང་དེ་བཞིན་འབར་མའི་སྲིད་གཞུང་གསར་པས་མི་རིགས་ཁག་གི་ཁེ་ཕན་སྲུང་སྐྱོང་བྱེད་པའི་ཐད་ཀྱི་སྲིད་ཇུས་ངོ་སྤྲོད་གནང་ཞིང་། ཁོང་གིས་གསར་དུ་བཙུགས་པའི་སྡེ་ཚན་དེས་མི་རིགས་ཁག་གི་སྤེལ་རེས་དང་ཞི་བདེ་མཉམ་གནས་དང་མཐུན་སྒྲིལ་ལ་སྐུལ་སྤེལ་བཏང་ནས་རྒྱལ་ཁབ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་འབྲེལ། གྲངས་ཉུང་མི་རིགས་ཀྱི་ཁེ་དབང་སྲུང་སྐྱོང་དང་མི་རིགས་ཁག་གི་སྐད་དང་། ཡི་གེ རོལ་དབྱངས། སྲོལ་རྒྱུན་རིག་གནས་བཅས་ལ་སྲུང་སྐྱོང་ཐུབ་རྒྱུ་རེད་ཅེས་བརྗོད།

    ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་འབར་མའི་ཆོས་ལུགས་ལས་དོན་དང་རིག་གནས་པུའི་དཔོན་རིགས་ལ་བོད་ཀྱི་ཆོས་ལུགས་དང་རིག་གནས། དེ་བཞིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཐད་ཀྲུང་གོས་སྤྱད་པའི་བྱེད་ཐབས་ངོ་སྤྲོད་གནང་བ་རེད།

    ཀྲང་ཡུན་གྱིས་ཀྲུང་གོར་ཆོས་དད་རང་མོས་ཡིན་པས། བོད་བརྒྱུད་ནང་བསྟན་ལ་དད་པ་བྱེད་པར་ཡང་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཐོབ་ཀྱི་ཡོད། ལོ་རྒྱུས་ཡུན་རིང་ལྡན་པའི་བོད་རིགས་ས་ཁུལ་གྱི་དགོན་སྡེ་མང་དག་ཅིག་རིག་དངོས་ཡིན་པ་མ་ཟད། དགོན་སྡེའི་ནང་ཚད་ལྡན་ཡིག་ཆ་མང་པོ་ཉར་ཚགས་བྱས་ཡོད། ཚན་པ་དེ་དག་ལ་རྒྱལ་ཁབ་ཀྱི་ཆེད་སྤྱོད་མ་དངུལ་བཏང་ནས་སྲུང་སྐྱོབ་བྱེད་ཀྱི་ཡོད། བོད་རིགས་ས་ཁུལ་དུ་ནང་བསྟན་སློབ་གླིང་བཙུགས་ནས་ནང་རིག་པའི་ཤེས་ཡོན་ཅན་གསོ་སྐྱོང་བྱེད་ཀྱི་ཡོད། བོད་རིགས་ས་ཁུལ་གྱི་མཐོ་སློབ་ཏུའང་བོད་ཡིག་ཆེད་ལས་བཙུགས་ཡོད་ཅེས་བརྗོད་པ་དང་། ཁོང་གིས་རིག་གནས་སྤེལ་རེས་ལས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཕན་ཚུན་ཤེས་རྟོགས་ལ་སྐུལ་སྤེལ་ཐུབ་རྒྱུའི་ཐུགས་རེ་གནང་བ་རེད།

    འབར་མའི་ཆོས་ལུགས་ལས་དོན་དང་རིག་གནས་པུའི་པུའུ་ཀྲང་ཝུའུ་ཨང་ཀོ་ཡིས་འབར་ཀྲུང་དབར་སྤུན་ཟླའི་བརྩེ་དུང་ཟབ་མོ་ཡོད་པ་དང་།“རྒྱུད་གཅིག་ལམ་གཅིག”གིས་འབར་མའི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་དོན་སྙིང་གལ་ཆེན་ལྡན་པས། འབར་མ་དང་ཀྲུང་གོའི་བོད་ཀྱིས་ཆོས་ལུགས་དང་རིག་གནས་ཐད་སྔར་བས་སྤེལ་རེས་ཟབ་མོ་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད། ཝུའུ་ཨང་ཀོ་ཡིས་ད་དུང་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཐད་ཀྱི་འབར་མའི་བྱེད་སྟངས་ངོ་སྤྲོད་བྱས་པ་མ་ཟད། ཀྲུང་གོས་འབར་མར་རིག་དངོས་གནའ་ཤུལ་སྲུང་སྐྱོབ་དང་ཉམས་གསོ་བྱེད་རོགས་བྱས་པར་ཐུགས་རྗེ་ཆེ་ཡང་ཞུས་པ་རེད།

    ཚེས་17ཉིན། ཀྲུང་གོའི་རིག་གནས་སྤེལ་རེས་ཚོགས་པ་རང་ཀོང་དུ་འབྱོར་བ་དང་འབྲེལ། རང་ཀོང་དུ་ཀྲུང་གོའི་བོད་ཀྱི་རིག་གནས་ཀྱི་པར་རིས་འགྲེམས་སྟོན་བྱས་པ་དང་། ཚེས་18ཉིན་འབར་མའི་བླ་མ་སྐྱེས་ཆེན་ཨུ་ལྷན་དང་འབར་མའི་ལྷོ་བརྒྱུད་ནང་བསྟན་ཆོས་ལུགས་རྒྱལ་སྤྱི་སློབ་ཆེན་དུ་འཚམས་འདྲི་གནང་འགོ་ཚུགས་པ་རེད།

 

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001368449881