བོད་ལྗོངས།
བོད་ཀྱི་དཔེ་ཀློག་མཁས་པའི་ཐུན་མོང་གི“བསམ་པའི་ཁྱིམ་གཞིས”

    “ང་ལོང་བ་ཞིག་ཡིན་ནའང་དཔེ་དེབ་ལས་ཚེ་སྲོག་གི་མཚར་སྡུག་བཀྲ་བའི་ཁ་མདོག་དེ་ཚོར་ཐུབ་ཀྱི་འདུག་ལ། ངའི་མི་ཚེར་སྟོབས་ཤུགས་དང་འོད་སྣང་གིས་ཁེངས་ཀྱི་འདུག”ཅེས་བོད་རྒྱ་དབྱིན་གསུམ་གྱི་ལོང་བའི་ཡི་གེའི་དཔེ་ཀློག་མཁས་པ་བོད་ལྗོངས་སློབ་ཆེན་དུ་སློབ་གྲྭ་འགྲིམ་མུས་ཀྱི་སློབ་མ་འགྱུར་མེད་ཀྱིས་དེ་ལྟར་བཤད།

    2017ལོའི་ཟླ་12པའི་ཚེས་30ཉིན་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་ཐོག་སོ་དང་པོའི་ལྟ་ཀློག་ཚོམས་ཆེན་དུ་ཚོན་ཁྲ་ཅན་གྱི་ལྒང་ཕུག་དང་རྩྭ་རྩི་ཤིང་གི་རྒྱན་སྤྲས་པ་བརྒྱུད་ཧ་ཅང་སྐྱིད་སྣང་དོད་པོ་ཞིག་ཡོད། སྔ་དྲོའི་ཆུ་ཚོད་11ཙམ་ལ“ལྟ་ཀློག་གིས་མི་ཚེར་དྲོ་སྐྱིད་སྦྱིན”ཞེས་བརྗོད་དོན་གཙོ་བོར་བྱས་པའི་དཔེ་ཀློག་མཁས་པར་བྱ་དགའ་སྤྲོད་པའི་བྱེད་སྒོ་འདི་གར་དགའ་སྣང་གི་ཁྲོད་འགོ་ཚུགས།

    རྩོམ་པ་པོ་དང་། དགེ་རྒན། ཚགས་པར་གྱི་རྩོམ་སྒྲིག་པ། སློབ་མ། ཉེན་རྟོག་པ། བདེ་སྲུང་བ་སོགས་བོད་ཀྱི་ས་ཆ་ཁག་དང་ལས་རིགས་ཁག་ནས་ཡོང་བའི་ལོ་5ནས་73བར་གྱི་དཔེ་ཀློག་བ་ཚོ་འདི་གར་འཛོམས་ནས་ཇ་མངར་མོ་འཐུང་བཞིན་དུ་བདེ་ཞིང་འཁྱུག་པའི་བོད་རྒྱ་སྐད་གཉིས་ཀྱི་ཐོག་ནས་རང་ཉིད་ཀྱི་དཔེ་ཀློག་ཉམས་མྱོང་དང་སྤྲོ་སྣང་སྤེལ་རེས་བྱེད་བཞིན་མཆིས།

    བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་ཀོན་ཀྲང་ཚེ་བརྟན་བུ་ཁྲིད་ཀྱིས་2017ལོར་བོད་ལྗོངས་དཔེ་མཛོད་ཁང་དུ་ཡོང་མཁན་ཀློག་པ་པོ་མི་ཐེངས་ཁྲི་10ལས་བརྒལ་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། “ཉེ་བའི་ལོ་ཤས་རིང་། བོད་དུ་དཔེ་དེབ་ལྟ་ཀློག་བྱེད་མཁན་སྔར་ལས་མང་དུ་སོང་བ་དང་། སྤྱི་པའི་དཔེ་མཛོད་ཁང་གི་འདུ་ཤེས་ཀྱང་རིམ་བཞིན་ཟབ་ཏུ་འགྲོ་བཞིན་ཡོད། དཔེ་ཀློག་སྣ་མང་ཅན་གྱི་དགོས་མཁོ་ཆེ་རུ་འགྲོ་བ་དང་སྦྲགས་ང་ཚོས་ཀྱང་སླད་ཕྱིན་སྤྱི་ཚོགས་ཀྱི་སྟོབས་ཤུགས་དེ་བས་མང་བ་དེའི་ཁྲོད་ཞུགས་རྒྱུའི་ཡིད་དབང་བཀུག་ནས་གྲངས་གཞི་ཅན་གྱི་དཔེ་མཛོད་ཁང་འཛུགས་སྐྱོང་བྱ་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ་ཡིན”ཞེས་ངོ་སྤྲོད་བྱས།

    སྔ་དྲོའི་ཆུ་ཚོད་12དང་སྐར་མ་45ཙམ་ལ་བྱ་དགའ་སྤྲོད་པའི་མཛད་སྒོ་འགོ་ཚུགས་པ་དང་། དཔེ་ཀློག་ལ་དགའ་བའི་མི་10ལ“བོད་ལྗོངས་དཔེ་མཛོད་ཁང་གི་2017ལོ་འཁོར་གྱི‘དཔེ་ཀློག་མཁས་པའི’གཟི་བརྗིད་མཚན་སྙན”ཐོབ་པའི་ཁྲོད་ལོ་36ལ་སླེབས་པའི་བུ་བཅོལ་ཁང་གི་དགེ་རྒན་ཀྲང་མའེ་ཧྭ་ཡི་དཔེ་དེབ་གཡར་ཀློག་དེབ་གྲངས་138ཟིན་ནས་ཨང་དང་པོ་ཐོབ་པ་དང་། ལོ་12ལ་སླེབས་པའི་བོད་རིགས་སློབ་ཆུང་སློབ་མ་བདེ་ཆེན་དབང་མོའི་དཔེ་དེབ་གཡར་ཀློག་དེབ་གྲངས་103ཟིན་ནས་ཨང་གཉིས་པ་ཐོབ་པ། ལོ་73ལ་སླེབས་པའི་པཱ་མགོན་པོ་དབང་གྲགས་ལགས་ཀྱི་དཔེ་དེབ་གཡར་ཀློག་དེབ་གྲངས་78ཟིན་ནས་ཨང་གསུམ་པ་ཐོབ་པ་རེད།

    “འདི་ལོ་ང་ལོ་རིམ་དྲུག་པར་སླེབས་ཡོད། སློབ་གྲྭར་ཞག་སྡོད་བྱེད་དགོས་པས། དཔེ་དེབ་ནི་ངས་ཕྱི་རོལ་གྱི་འཛམ་གླིང་ལ་རྒྱུས་མངའ་ལོན་པའི་ཐབས་ལམ་ཡག་ཤོས་དེ་རེད། སྤྱི་པའི་དཔེ་མཛོད་ཁང་དུ་དཔེ་དེབ་ཧ་ཅང་མང་པོ་ཡོད་པ་མ་ཟད། དེ་དག་རིན་མེད་ངང་གཡར་ཆོག་པས། ང་འཚར་ལོངས་ཡོང་བར་ཕན་ཐོགས་ཆེན་པོ་འདུག”ཅེས་བདེ་ཆེན་དབང་མོས་དེ་ལྟར་བཤད།

    “བོད་དུ་ལོང་བའི་ཡི་གེའི་དཔེ་དེབ་དེ་ཙམ་མང་པོ་མེད། ངའི་རེ་བར་སླད་ཕྱིན་དཔེ་མཛོད་ཁང་གིས་བོད་ཡིག་དང་དབྱིན་ཡིག་གི་ལོང་བའི་ཡི་གེའི་དཔེ་དེབ་མང་ཙམ་ནང་འདྲེན་བྱས་ཏེ་ལོང་བའི་དཔེ་དེབ་ལྟ་ཀློག་གི་དགོས་མཁོ་ཡག་པོ་སྐོང་ན་སྙམ་གྱི་འདུག”ཅེས་འགྱུར་མེད་ཀྱིས་ཁ་གསབ་ཀྱི་ཚུལ་དུ་དེ་ལྟར་བཤད།

    ཕྱི་དྲོའི་ཆུ་ཚོད་1ཙམ་དུ་བྱ་དགའ་སྤྲོད་པའི་བྱེད་སྒོ་ཚང་མའི་སྨོན་འདུན་བཟང་པོའི་ཁྲོད་མཇུག་འགྲིལ་བ་རེད།

    བོད་ལྗོངས་དཔེ་མཛོད་ཁང་ནི་1996ལོའི་ཟླ་7པར་བསྐྲུན་ནས་སྤྱོད་འགོ་ཚུགས་ཤིང་། བོད་རང་སྐྱོང་ལྗོངས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་དེང་རབས་ཅན་གྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་རིམ་པའི་དཔེ་མཛོད་ཁང་འབའ་ཞིག་དེ་ཡིན། མིག་སྔར་དཔེ་མཛོད་ཁང་དུ་དཔེ་དེབ་ཁྲི་40ལྷག་ཙམ་ཡོད་པའི་ཁྲོད་བོད་ཡིག་གི་དཔེ་རྙིང་དང་ཚད་ལྡན་ཡིག་ཆ་བམ་པོ་15000དང་དཔེ་ཆ་ཁྲི་10ལྷག་ཙམ་ཟིན་པ་དང་། གློག་རྡུལ་དཔེ་དེབ་ཁྲི་14ལྷག་ཙམ་ཟིན་པ། དྲ་ཐོག་བརྙན་ལམ་3000ལྷག་ཙམ་ཟིན་པ་བཅས་རེད།

 

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001368800401