བོད་ལྗོངས།
ཤིན་ཧྭ་གསར་འགྱུར་ཁང་ནས་ཤིན་ཧྭ་གསར་འགྱུར་ཁང་ཡོངས་ཀྱི་ལས་བྱེད་ལས་བཟོ་བས་བོད་ལྗོངས་ཡན་ལག་ཁང་གིས“ཤུགས་བཞི”ལག་བསྟར་གཏིང་ཟབ་བྱས་པར་སློབ་སྦྱོང་བྱེད་དགོས་པའི་འབོད་སྐུལ་བྱས་པ།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འབྱོར་གསལ། སྨི་4000ཡན་ཟིན་པའི་ས་བབ་མཐོ་བའི་ས་ཁུལ་དུ་དཀའ་ཉེན་ལ་མི་སྐྲག་པར་མདུན་སྐྱོད་བྱེད་པའི་མི་ཁྱུ་ཞིག་ཡོད་ཅིང་། ཁོང་ཚོས་སྐལ་བཟང་མེ་ཏོག་དང་འདྲ་བར་གནམ་མཐའི་འཁྱགས་སའི་ཁྲོད་རྩ་བ་བརྟན་པོར་བཙུགས་པ་དང“ཤུགས་བཞི”ལག་བསྟར་གཏིང་ཟབ་བྱེད་པའི་དར་ཆ་མཐོན་པོར་བསྒྲེངས་ཡོད། ཁོང་ཚོ་ནི་ཤིན་ཧྭ་གསར་འགྱུར་ཁང་བོད་ལྗོངས་ཡན་ལག་ཁང་གི་གསར་འགོད་པ་ཡིན། ཚེས་19ཉིན་ཤིན་ཧྭ་གསར་འགྱུར་ཁང་གིས“ཤུགས་བཞི”ལག་ལེན་བསྟར་བའི་སྙན་སྒྲོན་ཚོགས་འདུ་དང་2019ལོའི་གསར་འགྱུར་རིག་གཞུང་ལོ་ཚོགས་འཚོགས་ནས་ཤིན་ཧྭ་གསར་འགྱུར་ཁང་ཡོངས་ཀྱི་ལས་བྱེད་ལས་བཟོ་བས་བོད་ལྗོངས་ཡན་ལག་ཁང་ལ་སློབ་སྦྱོང་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད།

    སྙན་སྒྲོན་ཚོགས་འདུའི་ཐོག་བོད་ལྗོངས་ཡན་ལག་ཁང་གི་འཐུས་མིས་མི་སེམས་འགུལ་བའི་སྙན་ཞུ་བསྒྲོན་ཡོད།

    བོད་ནི་ས་མཐོ་ལ་གྲང་ངར་ཆེ་ཞིང་གསོ་རླུང་དཀོན་པ་དང་། མ་ཟད་ད་དུང་ཁ་ཕྲལ་ལ་ངོ་རྒོལ་དང་ཤིན་ཏུ་དབུལ་བར་ཁ་གཏད་གཅོག་པའི་འཐབ་རྩོད་ཀྱི་འཐབ་ས་དང་པོར་གནས་ཡོད་པས་གསར་འགྱུར་སྤེལ་བར་དཀའ་ཚེགས་ཆེ་ལ་ཆབ་སྲིད་ཀྱི་བླང་བྱ་མཐོ་པོ་དགོས། བོད་ལྗོངས་ཡན་ལག་ཁང་གིས་ཆབ་སྲིད་འཛུགས་སྐྱོང་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་བཞག་ཡོད། བོད་ལྗོངས་ཡན་ལག་ཁང་གི་འགོ་འཛིན་པ་ཏོན་ཀྲི་ཕུའུ་ཡིས། བོད་དུ་ས་རྒྱ་ཆེ་ཞིང་མི་འབོར་ཉུང་བ་དང་ལམ་ཐག་རིང་ལ་དཀའ་ཚེགས་ཆེ་བར་དམིགས་ནས། གཤམ་སྐྱོད་བཅར་འདྲི་བྱེད་སྐབས་ཕལ་ཆེ་བ་ཡན་ལག་རུ་ཁག་ཆུང་གྲས་ཀྱི་རྣམ་པའི་དོན་དངོས་གཞིར་བཟུང་། 2017ལོའི་ཟླ་6པ་ནས་བཟུང་བོད་ལྗོངས་ཡན་ལག་ཁང་གིས་སྔ་རྗེས་སུ་བཅར་འདྲིའི་ཡན་ལག་རུ་ཁག་ཆུང་བའི་ནང་སྐབས་འཕྲལ་ཏང་གི་ཚོགས་ཆུང་32བཙུགས་པས་གངས་ལྗོངས་ས་མཐོར“ཤུགས་བཞི”ལག་བསྟར་བྱེད་པའི་དམག་འཐབ་ཀྱི་མཁར་རྫོང་དུ་གྱུར་ཡོད་ཅེས་ངོ་སྤྲོད་བྱས།

(新华网)新华社号召全社干部职工学习西藏分社深入践行“四力”

    ཟླ་12ཚེས་19ཉིན། ཤིན་ཧྭ་གསར་འགྱུར་ཁང་གིས“ཤུགས་བཞི”ལག་ལེན་བསྟར་བའི་སྙན་སྒྲོན་ཚོགས་འདུ་དང་2019ལོའི་གསར་འགྱུར་རིག་གཞུང་ལོ་ཚོགས་འཚོགས་པ་དང་། ཤིན་ཧྭ་གསར་འགྱུར་ཁང་ཡོངས་ཀྱི་ལས་བྱེད་ལས་བཟོ་བས་བོད་ལྗོངས་ཡན་ལག་ཁང་ལ་སློབ་སྦྱོང་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་དབྱིན་ཀང་གིས་པར་བླངས།

    བོད་ལྗོངས་ཡན་ལག་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཀྲང་ཅིང་ཕིན་བོད་དུ་བསྡད་ནས་ལོ་8སོང་བ་དང་། དེའི་རིང་བོད་ཀྱི་རྫོང་དང་ཆུས་74ཡི་ཁྲོད་ཀྱི་རྫོང་70རུ་བསྐྱོད་པ་དང་ཀྲུང་གོའི་ས་བབ་མཐོ་ཤོས་ཀྱི་ཤང་ས་བབ་མཐོ་ཚད་སྨི་5373ཟིན་པའི་ཕུ་མ་བྱང་ཐང་ཤང་དུ་བཅར་འདྲི་བྱེད་པར་ཐེངས་8བསྐྱོད་ཅིང་། བོད་དུ་དཔྱིད་གསར་དུས་ཆེན་ཐེངས་5བཏང་ཡོད། “‘ཤུགས་བཞི’ལག་ལེན་གཏིང་ཟབ་བསྟར་ཚེ་མི་ཧ་ཅང་ཉུང་བའི་ས་བབ་མཐོ་བའི་ས་ཁུལ་སྔར་རྒྱུན་བཞིན‘གསར་འགྱུར་གྱིས་ཕྱུག་པའི་གཏེར་ཁར’འགྱུར་སྲིད”ཅེས་ཀྲང་ཅིན་ཕིན་གྱིས་རང་ཉིད་ཀྱི་ལས་ཀའི་སྐོར་ཕྱོགས་བསྡོམས་བྱས་ཡོད།

    བགྲེས་སོང་ཕལ་པ་ཞིག་གི་འཁྲུངས་སྐར་ལ་གསར་འགོད་པ་6གཏོང་རིན་ཡོད་དམ། ཕྱི་ཕྱོགས་བརྒྱུད་བསྒྲགས་ནི་སྐད་ཡིག་གཞན་ཞིག་ལ་བརྗེ་བ་ཙམ་ཡིན་ནམ། བོད་ལྗོངས་ཡན་ལག་ཁང་གི་བོད་རིགས་པར་ལེན་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་ལས་ཀའི་ཉམས་མྱོང་དང་ཟུང་འབྲེལ་བྱས་ཏེ་གནད་དོན་གསུམ་གྱི་ཐོག་ནས“ཤུགས་བཞིའི”མྱོང་ཚོར་གླེང་ཡོད། ཇོ་རིར་བཅར་འདྲིར་བསྐྱོད་མྱོང་བའི་བུད་མེད་གསར་འགོད་པ་ཝང་ཆིན་ཨའུ་ཡིས་རང་ཉིད་དང་ལས་རོགས་ཚོས་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ཏེ་ས་བབ་མཐོ་ཚད་སྨི་6500ཡི་སར་ཤིན་ཧྭ་གསར་འགྱུར་ཁང་གི་ལོ་རྒྱུས་ཐོག་ས་བབ་མཐོ་ཤོས་སུ་ཐད་གཏོང་གསར་འགྱུར་སྤེལ་བའི་གཏམ་རྒྱུད་མཉམ་སྤྱོད་བྱས་ཡོད། བོད་དུ་འབྱོར་དཀའ་ཤོས་ཀྱི་མཐའ་མཚམས་ཤང་གི་གྲས་ཤིག་ཡིན་པའི་ཚོ་སྲིབ་གསུམ་དཀྱིལ་དུ་ལས་གནས་སྦྱར་བའི་ཧོར་རིགས་གསར་འགོད་པ་ཁྲེན་ཧྲང་ཚའེ་ཡིས་གངས་རླུང་ཁྲོད་གནས་པའི་ཁེར་ཆགས་གླིང་ཕྲན་དུ་སྔར་བཞིན་བཅར་འདྲི་དང་བརྟག་ཞིབ་ཏན་ཏིག་བྱས་པའི་ཉམས་མྱོང་ཕྱིར་དྲན་བྱས་ཡོད།

    བོད་ལྗོངས་ཡན་ལག་ཁང་གི་ལས་དོན་ལ་བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་ཚད་མཐོའི་གདེང་འཇོག་ཐོབ་ཡོད། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་རིམ་པ་དང་པོའི་སྐོར་གཟིགས་པ་ཏིང་ཡུང་གིས། ཤིན་ཧྭ་གསར་འགྱུར་ཁང་བོད་ལྗོངས་ཡན་ལག་ཁང་གི་གསར་འགོད་པས་ལོ་མང་རིང་བརྟག་ཞིབ་དང་བཅར་འདྲི་ཏན་ཏིག་བྱས་པ་བརྒྱུད་བློ་དཀར་སེམས་དཀར་གྱིས་དུས་རབས་གསར་པའི་བོད་ལྗོངས་འཕེལ་རྒྱས་ཀྱི་ངོ་མཚར་ཆེ་བའི་ལེའུ་བརྩམས་ཡོད། ཁོང་ཚོ་ནི་བོད་དང་འབྲེལ་བ་ཡོད་པའི་གསར་འགྱུར་འཕྲིན་སྤེལ་ཁྲོད་བློས་འགེལ་ཆོག་པ་དང་། ཡིད་རྟོན་རུང་བ། འགན་འཁུར་ཐུབ་པ་བཅས་ཀྱི་གཙོ་ཤུགས་དམག་དང་རྒྱལ་ཁབ་རུ་ཁག་ཅིག་རེད་ཅེས་གསལ་སྟོན་བྱས།

    སྙན་སྒྲོན་ཚོགས་འདུ་གྲོལ་རྗེས་དེ་གར་ཡོད་པའི་ལས་བྱེད་ལས་བཟོ་བ་ཚོས་བོད་ལྗོངས་ཡན་ལག་ཁང་གི་གསར་འགོད་པའི་སྙན་ཞུ་བརྒྱུད་སླར་ཡང་ང་ཚོ་ཚང་མའི་ཐོག་མའི་བསམ་འདུན་དང་འགན་འཁྲི་གསལ་དུ་ཕྱིན་ཚུན་གཅིག་རྗེས་གཉིས་མཐུད་ངང་བརྗོད། ཤིན་ཧྭ་གསར་འགྱུར་ཁང་རྒྱལ་ནང་པུའི་ཀྲུང་དབྱང་གསར་འགྱུར་བཅར་འདྲི་ལྟེ་གནས་ཀྱི་གསར་འགོད་པ་ཁྲེང་ཤིན་གྱིས“བོད་ལྗོངས་ཡན་ལག་ཁང་གི་གསར་འགོད་པས་བྱ་སྤྱོད་ངོ་མའི་ཐོག་ནས‘ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ’ཞེས་པའི་གསེར་བྱང་དེ་བཀྲག་མདངས་དེ་བས་འཚེར་བ་བྱས་ཡོད། ང་ཚོས་ཁོང་ཚོ་མིག་དཔེར་བཟུང་ནས་ཉམས་སད་ཐེག་ཐུབ་པའི་རྐང་ཤུགས་དང་། མིག་ཤུགས། ཀླད་ཤུགས། རྩོམ་ཤུགས་བཅས་བཏོད་དེ། དར་ཆ་སྒྲེང་བ་དང་དམངས་སེམས་སྒྲིལ་བ། མི་གསར་སྐྱོང་བ། རིག་གནས་དར་སྤེལ། གཟུགས་བརྙན་མངོན་པ་བཅས་ཀྱི་འགན་འཁྲི་དེ་བས་ཡག་པོ་བསྒྲུབ་དགོས”ཞེས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོ་ནས་བཟུང་བོད་ལྗོངས་ཡན་ལག་ཁང་གི་གསར་འགོད་པས་ས་བབ་མཐོ་བའི་ས་ཁུལ་དུ་བསྐྱོད་ནས་མི་རེའི་ཆ་སྙོམས་བཅར་འདྲི་བྱས་པའི་ཉིན་གྲངས་ལྡབ་གཅིག་འཕར་ཞིང་མང་ཤོས་ཉིན་193ཟིན་ཡོད་པ་དང་། 2018ལོ་ནས་བཟུང་ཁྱོན་ས་བབ་མཐོ་བའི་དཀའ་ཚེགས་ཆེ་བའི་རྫོང་དང་ཤང་། གྲོང་རྡལ་བཅས་212ལ་བཅར་འདྲི་དང་བརྟག་ཞིབ་གཏིང་ཟབ་བྱས་ཡོད། ལོ་ལྟར་སྤེལ་གཏོང་བྱས་པའི་གསར་འགྱུར་རྩོམ་ཡིག་རིགས་མི་འདྲ་བ་7500ལས་བརྒལ་ཡོད་པ་དང་2016ལོ་ནས་བཟུང་བོད་ལྗོངས་ཡན་ལག་ཁང་གི་གསར་འགྱུར་རྩོམ་ཡིག་2ལ་ཀྲུང་གོའི་གསར་འགྱུར་བྱ་དགའ་ཐོབ་ཡོད།

    ཤིན་ཧྭ་གསར་འགྱུར་ཁང་གི་ཧྲི་ཀྲང་ཚའེ་མིང་ཀྲའོ་དང་ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་ཀྱི་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཀྲང་པའེ་ཤིན་སྙན་སྒྲོན་ཚོགས་འདུར་ཕེབས་པ་དང་འབྲེལ་བོད་ལྗོངས་ཡན་ལག་ཁང་མིག་དཔེར་བཟུང་སྟེ“ཤུགས་བཞིའི”སློབ་གསོའི་ལག་ལེན་ལས་དོན་མུ་མཐུད་གཏིང་ཟབ་སྤེལ་བའི་ཐད་བླང་བྱ་བཏོན་པ་དང་བཀོད་སྒྲིག་ཀྱང་བྱས་ཡོད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001386547131