བོད་ལྗོངས།
བོད་ཀྱི་ཤར་ལྷོའི་རྒྱུད་དུ་རྡོ་ཆས་གསར་པའི་དུས་མཇུག་སྐབས་བསྲེས་འདེབས་ཞིང་ལས་ཀྱི་དཔང་རྟགས་གསར་པ་ཤེས་རྟོགས་བྱུང་བ།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འབྱོར་གསལ། གསར་འགོད་པར་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་ཁང་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་མཚོ་བོད་ཚན་རིག་རྟོག་ཞིབ་རུ་ཁག་གིས་བོད་ཀྱི་ཤར་ལྷོའི་རྒྱུད་ཀྱི་རྡོ་ཆས་གསར་པའི་དུས་མཇུག་སྐབས་ཀྱི་གནའ་ཤུལ་དུ་གནའ་དཔྱད་སྔོག་འདོན་བྱེད་སྐབས། ས་ཆ་དེ་ག་ནས་གྲོ་དང་ཁྲེ་སོགས་བསྲེས་འདེབས་ལོ་ཏོག་ཐོག་མར་ཤེས་རྟོགས་བྱུང་ཡོད།

    ཀླུ་ལྡིང་གནའ་ཤུལ་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཉང་ཆུ་གཙང་པོ་དང་ཡར་ཀླུང་གཙང་པོའི་འབྲེལ་མཚམས་སུ་ཆགས་ཡོད། 2018ལོའི་ཟླ་11པར་སྤེལ་བའི་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་སྐབས། གནའ་ཤུལ་དེ་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སོའོ་དང་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་ཁང་སོགས་ཚན་པ་མང་པོ་ལས་གྲུབ་པའི་བོད་ཀྱི་ཤར་ལྷོའི་མིའི་རིགས་ཀྱི་འཚོ་སྡོད་གནའ་ཤུལ་དང་འཚོ་གནས་ཁོར་ཡུག་བརྟག་དཔྱད་རུ་ཁག་གིས་ཤེས་རྟོགས་བྱུང་ཡོད། གནའ་ཤུལ་དེ་སྤྱི་ལོའི་སྔོན་གྱི་ལོ་ངོ་ཉིས་སྟོང་སྐབས་ཀྱི་བོད་ཀྱི་ཤར་ལྷོའི་རྒྱུད་ཀྱི་རྡོ་ཆས་གསར་པའི་དུས་མཇུག་གི་གནའ་ཤུལ་ཞིག་ཡིན་པ་གཏན་འཁེལ་རགས་ཙམ་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། གནའ་ཤུལ་གྱི་ངོ་བོ་དང་རྒྱུན་བསྲིངས་དུས་ཚོད་ཁ་གསལ་ཡོང་ཆེད། འདི་ལོའི་ཟླ་11པར་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་ཁང་དང་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སོའོ་ལས་གྲུབ་པའི་མཉམ་འབྲེལ་གནའ་དཔྱད་རྟོག་ཞིབ་རུ་ཁག་གིས་གནའ་ཤུལ་དེར་གནའ་དཔྱད་སྔོག་འདོན་དངོས་སུ་བྱས་ཡོད། མིག་སྔར་རྡོ་རྩིག་གཉིས་དང་ནུབ་བྱང་དང་ཤར་ལྷོར་ཁ་ཕྱོགས་པའི་ཆུ་ཡུར་ཞིག་ཤེས་རྟོགས་བྱུང་བ། རྫ་ཆས་ཀྱི་ཆག་རོ་དང་རྡོ་ཆས། རུས་ཁབ། སྲོག་ཆགས་ཀྱི་རུས་པ་སོགས་ཀྱི་གནའ་རྫས་ཐོན་ཡོད། གནའ་ཤུལ་སྔོག་འདོན་བྱེད་པའི་བརྒྱུད་རིམ་ཁྲོད་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སོའོ་ཡི་ཞིབ་འཇུག་པས་སའི་མ་དཔེ་དང་སོལ་བ་གང་མང་བསྡུ་ལེན་བྱས་ཏེ། སླད་ཕྱིན་ཚོད་ལྟ་ཁང་གི་ལས་དོན་ཁྲོད་གནའ་བོའི་ཁོར་ཡུག་གི་DNAདང་རྩི་ཤིང་གནའ་དཔྱད་དང་། སྲོག་ཆགས་གནའ་དཔྱད་བཅས་ཞིབ་ཚགས་བྱེད་པ་དང་། དེ་བཞིན་གནའ་ཤུལ་གྱི་ལོ་རབས་གསལ་འབྱེད་བཅས་ལ་ཞིབ་འཇུག་བྱ་རྒྱུ་ཡིན་པ་རེད།

    བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་ཁང་གི་གནའ་དཔྱད་རིགས་གཅིག་མཁས་ཅན། མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག་གི་རུ་མི་ཧོ་ཝུའེ་ཡིས"འདི་ནི་ད་བར་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ནང་ཁོངས་སུ་ཤེས་རྟོགས་བྱུང་བ་མ་ཟད་ཚན་རིག་དང་མཐུན་པའི་ལོ་རབས་ཀྱི་གྲངས་གཞི་ལྡན་པའི་རྡོ་ཆས་གསར་པའི་དུས་རབས་ཀྱི་གནའ་ཤུལ་གཉིས་པ་དེ་རེད། ཐོག་མའི་བརྟག་དཔྱད་ལས་དོན་ཁྲོད་ཀླུ་ལྡིང་གནའ་ཤུལ་ནང་གྲོ་རིགས་དང་ཁྲེ་རིགས་སོགས་ལོ་ཏོག་རིགས་ཁ་ཤས་བསྲེས་པའི་སྣང་ཚུལ་ཡོད་པ་ཤེས་རྟོགས་བྱུང་ཞིང་། དེའི་གོང་དུ་བོད་ལྷོ་རྒྱུད་ཀྱི་ལྟེ་བའི་ཁུལ་དུ་ཤེས་རྟོགས་བྱུང་བའི་ལྷོ་ཁའི་འཕྲང་སྒོ་གནའ་ཤུལ་སོགས་དང་འདྲ་ལ། གནའ་ཤུལ་དེ་རྙེད་པ་དང་སྔོག་འདོན་བྱས་པ་དེས་བོད་ཀྱི་ཤར་ལྷོའི་རྒྱུད་ཀྱི་ཡ་ཐོག་དུས་སྐབས་ཀྱི་གནའ་ཤུལ་དང་གནའ་དཔྱད་རིག་པའི་རིག་གནས་ཀྱི་རྣམ་པར་ཞིབ་འཇུག་བྱེད་ཆེད་དངོས་རྫས་ཀྱི་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་པ་མ་ཟད། བོད་ཀྱི་ཡ་ཐོག་དུས་སྐབས་སྤྱི་ཚོགས་ཀྱི་ཐོན་སྐྱེད་རྣམ་པ་དང་། ལོ་ཏོག་གི་ཁྱབ་རྒྱ་དང་ཤར་ནུབ་དབར་གྱི་སྤེལ་རེས། ས་ཁོངས་གནའ་དཔྱད་རིག་པའི་རིག་གནས་ཀྱི་ཡུལ་དུས་སྒྲོམ་གཞི། དེ་བཞིན་ཡ་ཐོག་བོད་ཀྱི་གནའ་དཔྱད་རིག་པའི་རིག་གནས་འཕེལ་རྒྱས་ཀྱི་གོ་རིམ་སོགས་པའི་གནད་དོན་ལ་བགྲོ་གླེང་བྱ་རྒྱུར་ཁུངས་སྣེ་གལ་ཆེན་མཁོ་འདོན་བྱས་ཡོད"ཅེས་བརྗོད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001386740371