བོད་ལྗོངས།
བོད་ཀྱི་སྲིད་གྲོས་རིག་གནས་སྒྱུ་རྩལ་ལས་རིགས་དང་གསར་འགྱུར་དཔེ་སྐྲུན་ལས་རིགས་ཀྱི་ཨུ་ཡོན་གྱིས་རིག་རྩལ་བརྩམས་ཆོས་གསར་རྩོམ་བྱས་ནས་རིམས་འགོག་དམག་འཐབ་ཀྱི་དྲང་ནུས་ལ་བསྟོད་གླུ་བླངས་པ།

    རྒྱལ་ཡོངས་མི་དམངས་ཀྱིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་སེམས་ཁྲལ་བྱེད་བཞིན་ཡོད་པ་དང་བོད་ཀྱི་སྲིད་གྲོས་རིག་གནས་སྒྱུ་རྩལ་ལས་རིགས་དང་གསར་འགྱུར་དཔེ་སྐྲུན་ལས་རིགས་ཀྱི་ཨུ་ཡོན་གྱིས་ལྗོངས་སྲིད་གྲོས་ཀྱི《ལྗོངས་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་དང་རིམ་ཁག་སྲིད་གྲོས་ཨུ་ཡོན་ལ་སྤྲིངས་པའི་གྲོས་འགོའི་ཡི་གེ》དང་ལེན་ཧུར་ཐག་ཞུས་ཏེ། དྲང་ནུས་ལྡན་པའི་རིག་རྩལ་བརྩམས་ཆོས་ཁག་གཅིག་གསར་རྩོམ་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ཁྲོད་ཀྱི་མི་སེམས་འགུལ་བའི་བྱས་རྗེས་གསོན་ཉམས་དོད་པོའི་སྒོ་ནས་མཚོན་པར་བྱས་ཡོད།

    རང་སྐྱོང་ལྗོངས་ཀྱི་སྲིད་གྲོས་ཨུ་ཡོན་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་ཞིབ་འཇུག་གསར་གཏོད་གཞུང་ལས་ཁང་གི་ཀྲུའུ་རེན་ཉི་མ་དོན་གྲུབ་ཀྱིས་རིམས་ནད་ཐོན་རྗེས་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པ་དང་ལྷ་མོ་ཚོགས་པ་སོགས་ཆེད་ལས་རིག་རྩལ་ཚོགས་པས་འཕྲལ་མ་ཉིད་དུ་རང་འགུལ་ངང་རིམས་འགོག་དྲིལ་བསྒྲགས་ལས་དོན་ཁྲོད་ཞུགས་ཏེ། འབྲས་དཀར《རིམས་འགོག་འབྲས་དཀར་ཆུང་ཆུང》དང་། དྲིལ་བསྒྲགས་བརྙན་ཐུང《ང་ཚོའི་སེམས་གཏམ》 བཞད་གཏམ་ཐུང་ངུ《དམིགས་བསལ་གྱི་ལོ་གསར་རྟེན་འབྲེལ》བཅས་གསར་རྩོམ་དང་ཕབ་བཟོ་བྱས་པ་དང་། གླེང་མོལ་དང་གཞས་མ་གཏམ་གྱི་རྣམ་པའི་ཐོག་ནས་མི་རྣམས་ལ་དམིགས་བསལ་གྱི་དུས་སྐབས་སུ་དགའ་ཉེ་སྤུན་མཆེད་མཉམ་འཛོམས་མི་བྱེད་པར་ཁ་པར་རྒྱག་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ལོ་གསར་རྟེན་འབྲེལ་ཞུ་རྒྱུའི་འབོད་སྐུལ་བྱས་ཡོད། དེ་དང་ཆབས་ཅིག སྙན་ངག་གྱེར་འདོན《གོས་དཀར་ལྷ་མོར་བསྔགས་བརྗོད་བྱེད》(ཀ་བཤད)ཕབ་བཟོ་བྱས་ནས་བོད་ཀྱི་སྲོལ་རྒྱུན་གྱི་རྩོམ་ལུས“ཀ་བཤད་རྩོམ་ཡིག”གི་རྣམ་པ་བརྒྱུད་རིམས་འགོག་གི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་གོས་དཀར་ལྷ་མོར་བསྟོད་གླུ་བླངས་ཡོད་ཅེས་གསར་འགོད་པར་བརྗོད།

    “བརྩམས་ཆོས་བཏོན་རྗེས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་དགའ་བསུ་ཐོབ་པ་མ་ཟད། རིམས་འགོག་ཤེས་བྱ་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་བ་སོགས་ཐད་ཕན་འབྲས་བཟང་པོ་ཐོན་ཡོད། ང་ཚོས་ད་དུང་བརྩམས་ཆོས་ཁག་གཅིག་ཁྱུག་དབྱིངས་དང་། སྐད་འཕྲིན་གྲོགས་ཚོགས། སྐད་འཕྲིན་སྤྱི་རྟགས་བཅས་སུ་བརྒྱུད་བསྐུར་བྱས་རྗེས་ཚུར་ལན་ཤུགས་ཆེན་བྱུང་ཡོད། ལྷག་པར་དུ《རིམས་འགོག་འབྲས་དཀར་ཆུང་ཆུང》ལ་ལྟ་ཐེངས་ཁྲི་6ལྷག་ཙམ་ཟིན་ཡོད”ཅེས་ཉི་མ་དོན་གྲུབ་ཀྱིས་བརྗོད།

    རང་སྐྱོང་ལྗོངས་ཀྱི་སྲིད་གྲོས་ཨུ་ཡོན་ལྷ་ས་གྲོང་ཁྱེར་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་འཁྲབ་ཁྲིད་པ་པད་མ་གཡང་འཛོམས་ཀྱིས་ཉེ་དུས་རིང་བྲེལ་བ་ཆེ་ལ་བརྗེད་དཀའ་བ་ཞིག་རེད། ཚང་མས་ནུས་ཤུགས་ཡོད་རྒུ་བཏོན་པ་དང་། མི་སྣ་ཆེས་དཀོན་པའི་གནས་ཚུལ་འོག་དུས་ཐེངས་20ཡི་བཅར་གླེང་ལེ་ཚན་ཧུར་ཐག་བཟོས་ཏེ། རང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་ལས་དོན་མི་སྣ་གདན་དྲངས་ནས་མིག་སྔའི་རིམས་འགོག་དམག་འཐབ་དང་། དངོས་ཟོག་གསོག་ཉར། ཁྲོམ་ར་བརྟན་པོ། གཞུང་ལམ་འགྲིམ་འགྲུལ་སོགས་ཐད་ཀྱི་དོགས་གནད་ལ་ལན་བརྒྱབ་སྟེ། རྒྱ་ཆེའི་གྲོང་མིའི་སེམས་ཁྲལ་སེལ་བའི་ཐད་ཕན་འབྲས་ཆེན་པོ་ཐོན་པ་དང་། 《འཐབ་ས་དང་པོར་སྐྱོད་པའི》ལེ་ཚན་ལ་དུས་ཐེངས་11གི་ནང་དོན་བཏོན་ནས་གཙོ་བོ་ཚང་མར་རིམས་འགོག“དམག་འཐབ”རིང་གི་དཔེ་མཚོན་གྱི་མི་སྣ་དང་མི་སེམས་འགུལ་བའི་གཏམ་རྒྱུད་གླེང་ནས་སྤྱི་ཚོགས་ལ་དྲང་ནུས་བརྒྱུད་བསྒྲགས་བྱས་ཡོད་ཅེས་བཤད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001388355621